གཤེ་བཅས་
གཤེ་བཅས་ཞེས་པ་ནི་ཚིག་རྩུབ་པོ་སྨྲས་ཏེ་གཞན་ལ་གནོད་པ་བྱེད་པའི་ངག་གི་ལས་མི་དགེ་བ་ཞིག་ཡིན་ལ། གཙོ་བོ་སྨོད་པ་དང་སྐུར་པ་འདེབས་པ་སོགས་ཀྱིས་གཞན་གྱི་སེམས་ལ་གནོད་པ་བྱེད་པ་ལ་ཟེར། "གང་གི་ཚེ་བདག་རང་གི་ཡོན་ཏན་གསལ་བར་བརྗོད་པའི་སྒོ་ནས་བསྟོད་པ་ལྷུར་ལེན་པའམ་གཞན་དག་ལ་སྐྱོན་ལྷག་པར་བརྗོད་པའི་སྒོ་ནས་ཚར་གཅོད་ཅིང་ཉེས་པ་གསལ་བར་བྱས་ཏེ་སྨོད་པར་བྱེད་པ་ཉིད་དང་ནི། གཞན་གྱིས་རང་ལ་ཚིག་ངན་སྨྲས་པའི་ལན་དུ་ཚིག་རྩུབ་མོས་སྐུར་བ་འདེབས་པའི་གཤེ་བཅས་ཞེས་པ་"[༡]ཞེས་གསུངས་པ་བཞིན་རང་བསྟོད་གཞན་སྨོད་དང་སྐུར་བ་འདེབས་པའི་ཚིག་རྩུབ་པོ་སྨྲ་བ་ལ་ཟེར།
གཤེ་བཅས་ཀྱི་དབྱེ་བ།
[རྩོམ་སྒྲིག]"གཤེ་བཅས་ནི་གཞན་གྱི་ཚིག་ལ་སྨོད་པའོ། །"[༢]ཞེས་པ་ལྟར་གཞན་གྱི་ཚིག་ལ་སྨོད་པར་བྱེད་པ་ཡིན། "དུས་གང་ཚེ་བདག་དང་རང་ཕྱོགས་ལ་ཡོན་ཏན་བརྗོད་པས་བསྟོད་པ་ལྷུར་ལེན་པའམ། རང་མི་དགའ་བ་ལ་སོགས་པའི་གཞན་གྱི་ཕྱོགས་ལ་ཉེས་པ་བརྗོད་པས་སྨོད་པ་ཉིད་དང་ནི་ངག་གིས་གཞན་ལ་གནོད་པའི་གཏམ་གྱིས་གཤེ་བ་དང་བཅས་པ་"[༣]ཞེས་གསུངས་པ་ལྟར་ངག་གིས་གཞན་ལ་གནོད་པའི་གཏམ་སྨྲ་བ་ཡིན།
གཤེ་བཅས་ཀྱི་ཁྱད་ཆོས།
[རྩོམ་སྒྲིག]"གང་ཚེ་བདག་བསྟོད་ལྷུར་ལེན་པའམ་གཞན་ལ་སྨོད་པ་ཉིད་དང་ནི། གཤེ་བཅས་ཏེ་ཚིག་རྩུབ་པོ་བརྗོད་པ་དང་། འགྱེད་དང་བཅས་པ་སྟེ་འཐབ་རྩོད་ཀྱི་རྒྱུ་མཚན་སེམས་པ་དང་བཅས་པར་གྱུར་པ་"[༤]ཞེས་གསུངས་པ་ལྟར་འཐབ་རྩོད་ཀྱི་རྒྱུ་མཚན་དུ་གྱུར་པ་ཡིན། "ལྟ་བ་ལ་རྩོད་པ་ལྟ་བུ་གཤེ་ཞིང་འགྱེད་པའི་དུས་སམ། རྙེད་སོགས་ལ་འདུན་པའི་བློ་འདུག་པ་དང་། གཞན་དོན་འདོར་བ་དང་རང་དོན་ལ་དམིགས་པའི་བློ་དང་། མི་བཟོད་པ་ཁྲོ་བ་དང་། ལས་སུ་མི་རུང་བའི་ལེ་ལོ་དང་། ངན་པའི་སྤྱོད་པ་བྱེད་པ་སྤྱི་ཏོལ་དང་། དོན་མེད་དུ་སྨྲ་བ་མུ་ཅོར་གྱི་གཏམ་དང་། རང་གི་ཕྱོགས་ཀུན་ནས་འཛིན་པའི་སེམས་ཀྱི་ཀུན་སློང་འདུག་ན་"[༥]ཞེས་གསུངས་པ་ལྟར་ལྟ་བ་ལ་རྩོད་པ་དང་། རང་ཕྱོགས་འཛིན་པ་སོགས་ཀྱི་ཀུན་སློང་དང་བཅས་ཏེ་བྱུང་བ་ཡིན།
གཤེ་བཅས་སྐབས་ཀྱི་སྤྱོད་པ།
[རྩོམ་སྒྲིག]"གང་གི་ཚེ་ཡོན་ཏན་བརྗོད་པའི་སྒོ་ནས་བདག་བསྟོད་ལྷུར་ལེན་པའམ། སྐྱོན་བརྗོད་པས་གཞན་ལ་སྨོད་པ་ཉིད་དང་ནི་སྐུར་བ་འདེབས་པའི་གཤེ་བ་དང་བཅས་པ་དང༌། རྩོད་ཅིང་འགྱེད་པ་དང་བཅས་པར་གྱུར་པ་དེའི་ཚེའང་གཉེན་པོ་རང་རྐྱ་ཐུབ་པ་མི་གཡོ་བར་ཤིང་བཞིན་དུ་གནས་པར་བྱའོ། །"[༦]ཞེས་གསུངས་པ་ལྟར་གཤེ་བཅས་དང་རྩོད་པ་འབྱུང་བའི་སྐབས་སུ་ཤིང་བཞིན་དུ་མི་གཡོ་བར་བཞུགས་དགོས། "དེ་དག་གང་གི་ཚེ་ཡང་ལུས་ངག་ཡིད་གསུམ་བྱེད་པ་མེད་པར་ཤིང་བཞིན་དུ་གནས་པར་བྱ་དགོས་སོ། །"[༧]ཞེས་པ་ལྟར་ལུས་ངག་ཡིད་གསུམ་གྱིས་ཀུན་སློང་བྱེད་པ་མེད་པར་ཤིང་བཞིན་དུ་གནས་དགོས།
བསྡུས་དོན།
[རྩོམ་སྒྲིག]གཤེ་བཅས་ཞེས་པ་ནི་ཚིག་རྩུབ་པོ་སྨྲས་ཏེ་གཞན་ལ་གནོད་པ་བྱེད་པའི་ངག་གི་ལས་མི་དགེ་བ་ཞིག་ལ་ཟེར། དེ་ནི་གཙོ་བོ་རང་བསྟོད་གཞན་སྨོད་དང་སྐུར་བ་འདེབས་པ། འཐབ་རྩོད་ཀྱི་རྒྱུ་མཚན་དུ་གཞན་གྱི་ཚིག་ལ་སྨོད་པ་སོགས་ལ་ཟེར། གཤེ་བཅས་དང་རྩོད་པ་འབྱུང་བའི་སྐབས་སུ་བྱང་ཆུབ་སེམས་དཔས་ཤིང་བཞིན་དུ་མི་གཡོ་བར་གནས་པར་བྱ་དགོས་པ་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།