གཤིན་རྗེའི་མི་
གཤིན་རྗེའི་མི་ཞེས་པ་ནི་དམྱལ་བའི་གནས་སུ་གཤིན་རྗེའི་འོག་ཏུ་གཏུགས་ཏེ་སེམས་ཅན་དམྱལ་བ་པ་རྣམས་ལ་གནོད་འཚེ་དང་སྡུག་བསྔལ་སྤྲོད་མཁན་གྱི་མི་ཡི་སྐྱེ་གནས་ཤིག་ལ་གོ་དགོས།
ངེས་ཚིག
[རྩོམ་སྒྲིག]གཤིན་རྗེའི་མི་ནི་ངན་སོང་གསུམ་གྱི་ནང་ནས་དམྱལ་བའི་གནས་སུ་སྐྱེས་པའི་སེམས་ཅན་ཞིག་ཡིན་ལ། དེ་ཡང་གཤིན་རྗེ་ཆོས་རྒྱལ་གྱི་འོག་ཏུ་གཏུགས་ཏེ་ལས་མི་བཟང་བ་སྤྱད་པའི་སེམས་ཅན་རྣམས་ལ་ཉེས་པའི་ཆད་པ་སྤྲད་མཁན་དུ་གྱུར་པའོ།
དམྱལ་བའི་གནས་སྟངས།
[རྩོམ་སྒྲིག]"བདག་ལ་གནོད་པ་བྱེད་པའི་གཤིན་རྗེའི་མི་དང༌། ཁྭ་དང་བྱ་རྒོད་མི་བཟད་པ་རྣམས་སྐྲག་པར་བྱེད་ཅིང་ཀུན་ནས་མུན་པ་ཐམས་ཅད་བསལ་ནས་ལུས་བདེ་བ་དང་ཡིད་དགའ་བ་བསྐྱེད་པའི་མཐུ་བཟང་པོ་འདི་ཀོ་སུའི་ཡིན་སྙམ་སྟེ་"[༡]ཞེས་གསུངས་པ་ལྟར། གཤིན་རྗེའི་མི་རྣམས་ནི་དམྱལ་བ་པ་རྣམས་ལ་གནོད་པ་དང་འཇིགས་སྐྲག་སྤྲོད་མཁན་ཡིན་པའི་ངོ་བོ་ཤེས་ཐུབ།
དེ་ཡང་"ཆུ་བོ་རབ་མེད་མེ་དང་འདྲ་བའི་ནང་དུ་བྱིང་བ་དག་ཤ་ཀུན་ཚིག་ནས་ཞིག་པར་གྱུར་ཏེ་རུས་གོང་མེ་ཏོག་ཀུནྡའི་མདོག་ལྟར་དཀར་པོར་གྱུར་པ་རྣམས།"[༢] ཞེས་གསུངས་པ་ལྟར། དམྱལ་བའི་ནང་དུ་གཤིན་རྗེའི་མི་རྣམས་ཀྱིས་མི་བཟད་པའི་སེམས་ཅན་དུག་ཅན་དང་ལྷན་དུ་དམྱལ་བ་པ་རྣམས་ལ་སྐྲག་སྣང་དང་སྡུག་བསྔལ་སྦྱིན་བཞིན་ཡོད།
གཤིན་རྗེའི་གནོད་པ་ཞི་བར་བྱེད་ཚུལ།
[རྩོམ་སྒྲིག]བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་དང་དགེ་བའི་སྟོབས་ཀྱིས་གཤིན་རྗེའི་མི་རྣམས་ཀྱང་ཞི་བར་གྱུར་པའི་སྐོར་ལ། "གཤིན་རྗེའི་མི་འམ་ལས་མཁན་སྟག་གཟིག་སོགས་ཀྱི་མགོ་ཅན་རྣམས་དང༌། ཁྭ་ཏ་དང༌། བྱ་རྒོད་ལ་སོགས་པ་མི་བཟད་པའམ་མ་རུངས་པ་རྣམས་ཤིན་ཏུ་རྣམ་པར་སྐྲག་ནས་ཕྱོགས་ཕྱོགས་སུ་འབྱོར་བར་བྱེད་ཅིང༌།"[༣] ཞེས་གསུངས་པ་ལྟར། ཐུགས་རྗེའི་འོད་ཟེར་གྱིས་དམྱལ་བའི་མུན་པ་ཆེན་པོ་བསལ་ཏེ་ལུས་ལ་བདེ་བ་དང་སེམས་ལ་དགའ་བ་སྐྱེད་པའི་མཐུ་ཤུགས་ཀྱིས་གཤིན་རྗེའི་མི་རྣམས་ཀྱང་སྐྲག་ནས་ཕྱོགས་ཕྱོགས་སུ་ཐེར་འདོན་བྱེད་པ་ཡིན།
དེ་བཞིན་དུ་"ཀུན་ནས་མུན་བསལ་བདེ་དགའ་བསྐྱེད་པའི་མཐུ་བཟང་འདི་ཀོ་སུ་ཡི་མཐུ་སྙམ་སྟེ། གྱེན་དུ་བལྟས་པས་ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས།"[༤] ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས་གཤིན་རྗེའི་མི་རྣམས་ཀྱི་གནོད་པ་ཞི་བར་བྱེད་པ་ཡིན།
བསྡུས་དོན།
[རྩོམ་སྒྲིག]གཤིན་རྗེའི་མི་ཞེས་པ་ནི་གཤིན་རྗེ་ཆོས་རྒྱལ་གྱི་འོག་ཏུ་གཏུགས་ཏེ་དམྱལ་བའི་གནས་སུ་སེམས་ཅན་དམྱལ་བ་པ་རྣམས་ལ་གནོད་འཚེ་དང་འཇིགས་སྐྲག་སྤྲོད་མཁན་གྱི་སེམས་ཅན་ཞིག་ཡིན། དེ་དག་ནི་ཁྭ་དང་བྱ་རྒོད་ལ་སོགས་པའི་སེམས་ཅན་དུག་ཅན་དང་ལྷན་དུ་དམྱལ་བ་པ་རྣམས་ལ་སྡུག་བསྔལ་སྤྲོད་མཁན་ཡིན་ཡང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེའི་མཐུ་སྟོབས་ཀྱིས་དེ་དག་གི་གནོད་པ་ཞི་བར་བྱེད་ཅིང་དམྱལ་བའི་སྡུག་བསྔལ་ཐམས་ཅད་དགའ་སྐྱིད་ལ་བསྒྱུར་བའི་སྨོན་ལམ་བཏབ་པ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 345
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོང་ངོས། 230
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 678
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། 905