Jump to content

གཤིན་རྗེའི་ཕོ་ཉ་

ཡོང་ཁུངས་Wikipedia

གཤིན་རྗེའི་ཕོ་ཉ་ནི་འཆི་བའི་དུས་སུ་སྡིག་པ་ཅན་གྱི་སེམས་ཅན་རྣམས་ཀྱི་ལས་ངན་པའི་རིཔས་ཀྱིས་སྣང་བར་འཆར་བའི་འཇིགས་སུ་རུང་བའི་ཁྲོ་གཉེར་ཅན་གྱི་ལས་མཁན་དམྱལ་བར་ཁྲིད་མཁན་ཡིན་ནོ། །

སྒྲ་བཤད།

[རྩོམ་སྒྲིག]

གཤིན་རྗེ་ཞེས་པ་འཆི་བའི་བདག་པོ་དང་ཕོ་ཉ་སྟེ་ལས་མཁན་ནམ་ཕྱག་ལས་བྱེད་མཁན་ལ་གོ་བས་གཤིན་རྗེའི་ཕོ་ཉ་ཞེས་བརྗོད་དོ། །

ནང་དོན།

[རྩོམ་སྒྲིག]

འཆི་བའི་དུས་སུ་སྡུག་བསྔལ་གྱིས་ཁྲིད་མཁན། གཤིན་རྗེའི་ཕོ་ཉ་ནི་འཆི་བའི་དུས་སུ་སྡིག་པ་ཅན་རྣམས་ཀྱིས་ཉེ་བར་སྣང་བ་འཆར་བའི་འཇིགས་སུ་རུང་བའི་ཤ་ཚུགས་ཅན་གྱི་ལས་མཁན་ཡིན་ལ། དེ་དག་གིས་སྡིག་པ་ཅན་རྣམས་ཞགས་པས་བཅིང་ནས་དམྱལ་བར་ཁྲིད་པར་འགྱུར་ཏེ། "དེར་མ་ཟད་ཤིན་ཏུ་འཇིགས་སུ་རུང་བའི་ཤ་ཚུགས་ཅན་གྱི་གཤིན་རྗེའི་ཕོ་ཉས་དངོས་སུ་ཟིན་ཏེ་ སྐེ་ཞགས་པ་ལ་བཅིངས་ནས་རང་གཅིག་པུར་འཁྲིད་པས་ཉམ་ཐག་པར་གྱུར་པ་ལ་གཉེན་གྱིས་ཅི་ཕན་ཞེས་སམ་གཉེན་པོས་ཅི་ཞིག་ཕན་ལ་གྲོགས་མཛའ་བཤེས་རྣམས་ཀྱིས་ཀྱང་ཅི་ཞིག་ཕན་ཏེ་དེ་ལྟ་བུའི་སྡུག་བསྔལ་ལ་སུས་ཀྱང་བསྐྱབ་མི་ནུས་སོ། །"[]ཞེས་པས་གཤིན་རྗེའི་ཕོ་ཉ་ཞེས་པ་ནི་ཧ་ཅང་འཇིགས་སུ་རུང་བའི་ཤ་ཚུགས་ཅན་གྱི་གཟུགས་སུ་སྣང་བ་སྟེ། དེ་དག་གིས་འཆི་བའི་མི་ལ་ལག་པ་ལ་ཞགས་པ་བཅུག་ནས་བཅིང་ཞིང་གཅིག་པུར་ཁྲིད་དེ་འགྲོ་བའི་ཚེ་ཕ་མ་དང་ཉེ་འབྲེལ་གྲོགས་པོ་ཚོས་ཅི་ཞིག་ཕན་ཐུབ་ཅེ་ན། ཅི་ཞིག་ཀྱང་ཕན་ཐུབ་པ་མེད་ཅིང་སུས་ཀྱང་སྐྱབ་ཐབས་མེད་པ་ཡིན་ཞེས་གསུངས་པ་ཡིན་ནོ། །

གཤིན་རྗེའི་ཕོ་ཉའི་རྣམ་པ།

[རྩོམ་སྒྲིག]

"ལས་ངན་འཁྲུལ་པའི་རང་གཟུགས་གཤིན་རྗེའི་ཕོ་ཉ་ལས་མཁན་མ་རུང་བ་རྣམས་ནི་མི་ལས་བདུན་འགྱུར་ལས་ཆེ་བ་གཅེར་བུ་སྐྲ་སྤྱི་བོར་གཟེངས་པ་མིག་གྲུ་གསུམ་ཤེལ་མིག་ལྟར་བགྲད་པ་ཨཾ་གཙིགས་བསྡམ་ཞིང་སོ་ཞོ་ངོམས་ཏེ་བཤུགས་པའི་འཐོར་རླུང་དྲག་ཏུ་འབུད་པ་རྒྱུད་ཁྲོ་ཞིང་གཏུམ་པ་ལྕགས་ཀྱུ་དང་ཞགས་པ་ཐོ་བ་དང་དགྲ་སྟ་ལ་སོགས་པ་ཐོག་པ་སྲིན་པོ་ལྟར་རབ་ཏུ་འཇིགས་འཇིགས་ལྟ་བུར་གྱུར་པའི་ཁྲོ་གཉེར་དང་ཤ་ཚུགས་སྣ་ཚོགས་ཅན་གྱིས་བཟུང་སྟེ་ཞགས་པས་བཅིང་ནས་རང་ཉིད་གཅིག་པུར་ཚེ་ཕྱི་མར་ཁྲིད་པར་གྱུར་"[]ཅེས་གཤིན་རྗེའི་ཕོ་ཉ་ལས་མཁན་རྣམས་ཀྱི་གཟུགས་ཇི་ལྟ་བུར་སྣང་བ་ཞིབ་ཅིང་གསལ་པོར་བཤད་ཡོད་དེ། དེ་དག་ནི་གཅེར་བུ་ལུས་ཐམས་ཅད་སྐྲ་ལ་སོགས་པས་ཀུན་ནས་ཁེབས་ཤིང་མིག་གསུམ་ཡོད་པ་ཤེལ་མིག་ལྟར་བགྲད་ཅིང་སོ་ཞོ་ངོམས་ཏེ་བཤུགས་ཤིང་ལྕགས་ཀྱུ་ལ་སོགས་པའི་ལག་ཆ་ཐོགས་ནས་སྲིན་པོ་ལྟར་འཇིགས་སུ་རུང་བར་སྣང་བ་ཞེས་གསུངས་པ་ཡིན་ནོ། །འཆི་ཚེ་གཤིན་རྗེའི་ཕོ་ཉ་འཆར་ཚུལ། "དེའི་ཚེ་རང་གི་ལས་ངན་པའི་དབང་གིས་ཉེ་བར་སྣང་བའི་གཤིན་རྗེའི་ཕོ་ཉའི་ཚོགས་མང་པོས་བདག་ཉིད་དམྱལ་བར་འཁྲིད་པར་ཆས་པའི་ཚེ་དེ་དག་གི་བཞིན་རས་འཇིགས་སུ་རུང་བའི་ཁྲོ་གཉེར་ལྡན་པ་ལ་ལྟ་དགོས་པར་གྱུར་པ་ན་ཤིན་ཏུ་འཇིགས་སུ་རུང་བར་མཐོང་ནས་དངངས་ཤིང་སྐྲག་པས་སེམས་མྱོས་པར་འགྱུར་"[]ཅེས་འཆི་བའི་དུས་སུ་གཤིན་རྗེའི་ཕོ་ཉ་ཚོགས་མང་པོ་སྣང་ཞིང་། དེ་དག་གིས་མི་དེ་དམྱལ་བར་འཁྲིད་འགྲོ་ཞེས་པའི་ཚེ་དེ་དག་གི་གདོང་ཁྲོ་གཉེར་ལྡན་པར་ལྟ་དགོས་པ་ལ་ཧ་ཅང་འཇིགས་སུ་རུང་བར་མཐོང་ནས་དངངས་ཤིང་འཇིགས་པས་སེམས་སྨྱོ་བར་འགྱུར། འདི་ནི་རང་གི་ལས་ངན་པའི་དབང་གིས་སྣང་བ་ཞེས་གསུངས་པ་ཡིན་ནོ། །

སྐྱབས་སུ་འགྲོ་འདོད་པ།

[རྩོམ་སྒྲིག]

"སྐྱབས་གཞན་མ་རྙེད་པས་སྡུག་བསྔལ་བ་དང་། སྐྱབས་ལ་ཡིད་ཆེས་པའི་བློ་བཅོས་མིན་གྱིས་ད་ལྟ་ནས་སངས་རྒྱས་དང་ཆོས་དང་། བྱང་ཆུབ་སེམས་དཔའི་ཚོགས་ལ་ཅི་བྱ་མཚང་བརླག་གི་ཚུལ་གྱིས་སྐྱབས་སུ་འགྲོ་ཞིང་།"[] ཞེས་པས་གཤིན་རྗེའི་ཕོ་ཉ་སྣང་ཞིང་སྐྱབས་གཞན་མ་རྙེད་པས་སྡུག་བསྔལ་གྱི་ཚེ་ད་ལྟ་ནས་སངས་རྒྱས་དང་ཆོས་དང་བྱང་ཆུབ་སེམས་དཔའ་ཚོགས་ལ་ལམ་ཆེན་སྐྱབས་འགྲོ་ཞེས་པ། ཅི་བྱ་མཚང་བརླག་ཞེས་པ་ནི་ཅི་ལྟར་ཡང་ཐབས་ཤེས་བྱེད་ཀྱིས་སྐྱབས་སུ་སོང་ན་ལེགས་ཞེས་པའི་དོན་ཡིན་ནོ། །

བསྡུས་དོན།

[རྩོམ་སྒྲིག]

གཤིན་རྗེའི་ཕོ་ཉ་ནི་འཆི་བའི་དུས་སུ་སྡིག་པ་ཅན་རྣམས་ཀྱི་ལས་ངན་པའི་དབང་གིས་སྣང་བར་འཆར་བའི་འཇིགས་སུ་རུང་བའི་ཁྲོ་གཉེར་ཅན་གྱི་ལས་མཁན་ཏེ། དེ་དག་གིས་སྡིག་པ་ཅན་ཞགས་པས་བཅིང་ནས་དམྱལ་བར་ཁྲིད་དགོས་པ་ལ་གཉེན་གྲོགས་སུས་ཀྱང་སྐྱབ་ཐབས་མེད་ཅིང་། དེ་ལས་སྐྱབ་ཐུབ་པ་ནི་བསོད་ནམས་དགེ་བའི་ལས་རྐྱང་པུ་ཡིན་ཡང་དེ་ཡང་སྔར་མ་བསགས་ན་ཅི་ཞིག་ཕན་ཞེས་པའི་སྡུག་བསྔལ་ལ་འགྱོད་པ་སྐྱེད་ཚུལ་སྟོན་པ་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་ངོས། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  4. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།