Jump to content

གལ་ཏེ་སྟབས་མ་ལེགས་པར་ཨེ་དུག་འགོས་ན་ཅི་བྱ་

ཡོང་ཁུངས་Wikipedia

༡ སྤོབས་པ་ཆེན་པོས་གནད་དོན་ལ་གདོང་ཕྱོགས་པ་སྟེ། འགྱོད་པ་དང་ལེ་བདའ། འཁང་ར། སྡུག་ཡུས་སོགས་མི་བྱེད་པར། མཐའ་མཇུག་གི་དུས་ཚོད་དེ་རིན་ཐང་དང་དོན་སྙིང་ལྡན་པ་ཞིག་ཏུ་བསྒྱུར་ཐབས་ལ་བརྩོན་དགོས། ༢ ནམ་རྒྱུན་སྨན་ཁང་ནས་འགོག་གཟུགས་བརྟག་བཤེར་དང་སྨན་པའི་ངག་བཞིན་ནད་ མགོ་གནོན་སྨན་འཐུང་བ་ལས། རང་འདོད་བཞིན་སྨན་ཐུན་ལ་འགྱུར་བ་གཏོང་བ་སོགས་མི་བྱེད་པ། ༣ རིམས་ནད་གཞན་མི་འགོ་བར་དོགས་ཟོན་བྱེད་པ་སྟེ། སྨན་ཁང་དང་མི་ཚོགས་ཆེ་ས། གད་སྙིགས་མང་ས་སོགས་རིམས་ནད་འགོ་ཉེན་ཆེ་ས་རུ་མི་འགྲོ་བར་རང་ལུས་ལ་བདག་གཅེས་ལེགས་པོ་བྱ་བ། ༤ ལུས་འབྲེལ་སོགས་ཀྱི་སྐབས་སུ་རང་གི་ལུས་ཐོག་ཏུ་ནད་དུག་དེ་མི་གཞན་ལ་མི་འགོ་བའི་བདེ་སྲུང་འདུ་ཤེས་དང་ལག་ལེན་ཡོད་པ་སྟེ་སྲུང་ཤུབས་ཡང་དག་པའི་སྒོས་གྱོན་ཏེ་བདེ་འཇགས་ལུས་འབྲེལ་བྱེད་པ། ༥ ཁྲིམས་མཐུན་དང་ཆོས་མཐུན་གྱིས་མི་ཚེ་སྐྱེལ་བ་ལས་མི་གཞན་ལ་འཇིགས་སྐུལ་དང་གནོད་འཚེ་མི་གཏོང་བ། ༦ སྤྲོ་སྣང་དང་སྙིང་སྟོབས་སྐྱེད་པ་སྟེ། དུས་ཐུང་གི་མི་ཚེ་སྐྱིད་ལ་རོལ་ཐབས་སུ་བསམ་བློ་གཏོང་བ་ལས་ནམ་ཤི་འགྲོ་དང་། ཇི་ལྟར་ཤི་འགྲོ་སོགས་ལ་བསམ་བློ་བཏང་སྟེ་དུས་ཚོད་སྟོང་གཟད་མི་བྱེད་པ། ༧ དུས་ལྟར་ཏུ་གཉིད་པ་དང་དུས་ལྟར་ཡར་ལངས་བ། འོས་ཤིང་འཚམས་པའི་རྩལ་སྦྱོང་བྱེད་པ། ༨ ཆང་དང་དུ་བ། དུད་ནག་སོགས་རང་ཉིད་ཀྱི་བདེ་ཐང་དང་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་མི་རྩོམ་པ། ༩ ལུས་ཟུངས་གསོ་བའི་ཟས་རིགས་ཟ་བ། ཤ་མར་སོགས་ཟས་ན་ལུས་ལ་ཕན་རུང་། ཟས་རིགས་སྣ་གཅིག་ཅན་རྐྱང་རྐྱང་ཟོས་ན་ལུས་པོར་བཟང་རྒྱུ་མེད་པས། སྣ་འཛོམས་ཟས་རིགས་ལོངས་སུ་སྤྱོད་པ། ༡༠ གཞན་ཕན་དང་དགེ་སེམས་སྐྱེད་པ་སྟེ། རང་ཉིད་སྐྱེས་པ་དེ་གཞན་པ་བདེ་སྐྱིད་འབྱུང་བའི་མཐུན་རྐྱེན་དུ་འགྱུར་མ་ཐུབ་རུང་། གཞན་པའི་བདེ་སྐྱིད་ཀྱི་བཀག་རྡོ་རུ་མི་འགྱུར་བར་བརྩོན་པ། ༡༡ སྨན་པའི་ངག་བཀོད་བཞིན་ཕྲུ་གུ་སྐྱེ་ཆོག་མིན་བཀའ་འདྲི་ཞུ་བ་དང་། རང་ཉིད་ལ་ཕྲུ་གུར་འགན་འཁུར་བའི་ནུས་པ་ཡོད་མེད་སོགས་ལ་ཞིབ་པར་བསམ་ནས་ཕྲུ་གུ་སྐྱེ་མིན་བསམ་བློ་གཏོང་བ་དང་། ཕྲུ་གུ་ཡོད་ན་ནུ་མ་མི་སྣུན་པ་སོགས་སོ། །