Jump to content

གར་མཁན་

ཡོང་ཁུངས་Wikipedia

གར་མཁན་ ནི་བོད་ཀྱི་གཞུང་ལུགས་ཁག་ཏུ་དཔེ་མཚོན་གྱི་ཆེད་དུ་བེད་སྤྱོད་བྱེད་པའི་ཐ་སྙད་ཅིག་ཡིན། གཙོ་བོ་དབུ་མ་དང་ཚད་མའི་གཞུང་ལུགས་ནང་གྲངས་ཅན་པའི་རྟག་པ་གཅིག་པུའི་བདག་གི་འདོད་པ་དགག་པའི་སྐབས་སུ་བེད་སྤྱོད་ཆེ་བ་ཞིག་ཡིན་ཏེ། གར་མཁན་གཅིག་པུས་རྣམ་འགྱུར་སྣ་ཚོགས་སྟོན་ཀྱང་གར་མཁན་དེ་གཅིག་པུ་ཡིན་པ་ལྟར། ཤེས་པ་སྔ་ཕྱི་རྣམས་རྣམ་པ་ཐ་དད་དུ་སྣང་ཡང་རྟག་པ་གཅིག་པུ་མིན་པའི་དཔེར་བརྗོད་དུ་འགོད་པ་ཡིན།

འགྲེལ་བཤད།

[རྩོམ་སྒྲིག]

གར་མཁན་གྱི་དཔེ་དང་དོན། "གོས་ལ་སོགས་པའི་ཆ་བྱད་སྔ་མ་བཏང་ནས་ཕྱི་མ་ལེན་པའི་གར་མཁན་ལྟ་བུར་གཟུགས་འཛིན་གྱི་ཚུལ་ཏེ་རྣམ་འགྱུར་གཞན་གྱིས་སྒྲ་འཛིན་དེ་ཉིད་མཐོང་བ་ཡིན་ན་འོ་ན་ཤེས་རིག་དེ་རྟག་དངོས་མ་ཡིན་པར་ཐལ། ཚུལ་ལུགས་གཞན་བཏང་ནས་གཞན་ལེན་པའི་ཕྱིར།"[] ཞེས་གསུངས་པ་ལྟར། གར་མཁན་གཅིག་གིས་སྐབས་སོ་སོར་ཆ་བྱད་མི་འདྲ་བ་འཆང་བ་དང་། རྣམ་འགྱུར་མི་འདྲ་བ་སྟོན་པའི་དཔེས། གྲངས་ཅན་པས་འདོད་པའི་ཤེས་རིག་རྟག་པ་གཅིག་པུ་དེ་ཡུལ་སོ་སོ་འཛིན་པའི་ཚེ་རྣམ་པ་ཐ་དད་དུ་སྣང་བ་དང་རྟག་པ་ཡིན་པ་འགལ་བར་སྟོན་གྱི་ཡོད། "དེས་ན་གར་མཁན་ཀྱང་རྣམ་པ་གཞན་དང་གཞན་ཐོབ་པའི་སྐབས་སོ་སོ་ཐ་དད་པའི་སྐད་ཅིག་གཞན་ཡིན་གྱི་དོན་དམ་པར་གཅིག་པུ་ནི་མ་ཡིན་ཏེ་ཡིན་ན་དེར་ཡང་དཔྱད་པ་མཚུངས་སོ། །"[]ཞེས་གསུངས་པ་ལྟར། གར་མཁན་གྱིས་གར་སྟབས་སྣ་ཚོགས་སྟོན་པའི་སྐབས་སུ་སྐད་ཅིག་སོ་སོར་རྣམ་པ་མི་འདྲ་བ་སྣ་ཚོགས་འཆར་ཡང་། དོན་དམ་པར་གར་མཁན་དེ་གཅིག་པུ་ཞིག་ཏུ་འཛིན་པ་ནི་ཕྱིན་ཅི་ལོག་ཏུ་གསུངས། འདི་ནི་མི་རྟག་པ་དང་བདག་མེད་ཀྱི་ལྟ་བ་སྟོན་པའི་དཔེ་མཚོན་ཡིན་ཏེ། གར་མཁན་གྱི་སྐད་ཅིག་སྔ་ཕྱི་རྣམས་ངོ་བོ་ཐ་དད་ཡིན་པར་སྟོན་པ་ཡིན་ནོ། །

རྟག་པ་དགག་པའི་རིགས་པ། "དཔེར་ན་གར་མཁན་གཅིག་ཉིད་རྣམ་འགྱུར་མི་འདྲ་བ་ཐ་དད་དུ་སྣང་བ་ལྟར་སྔར་གྱི་སྒྲ་འཛིན་དེ་ཉིད་ཕྱིས་ཚུལ་གཞན་གཟུགས་འཛིན་གྱི་ཚུལ་གྱིས་མཐོང་ངོ་ཞེ་ན། འོ་ན་ཤེས་པ་དེ་རྟག་པ་མིན་པར་འགྱུར་ཏེ། ཚུལ་གཞན་དང་གཞན་དུ་འགྱུར་བའི་ཕྱིར་རོ། །"[]ཞེས་གསུངས་པ་ལྟར། གར་མཁན་གྱི་དཔེས་རྟག་པ་ཡིན་ན་འགྱུར་བ་མེད་དགོས་ལ། འགྱུར་བ་ཡོད་ན་རྟག་པ་མིན་པའི་རིགས་པ་གསལ་པོར་སྟོན་གྱི་ཡོད། "ཇི་ལྟར་གར་གྱི་དུས་ན་གར་གྱི་ས་གཞིར་སོང་སྟེ། གར་མཁན་གཅིག་པུ་ཉིད་སྣ་ཚོགས་པའི་གཟུགས་ཀྱིས་འཇུག་པ་དེ་བཞིན་དུ་སྐབས་སུ་བབ་པ་ལ་ཡང་ཉེས་པ་མེད་དོ་ཞེ་ན། འདི་ལ་བརྗོད་པ། དེ་ཡང་རྟག་པ་མིན་ཏེ་ཞེས་ཏེ། མི་རྟག་པ་ཡིན་ལ་སྔ་མའི་རང་བཞིན་ཡོངས་སུ་དོར་ནས་ངོ་བོ་གཞན་ཐོབ་པ་ཡིན་ནོ། །"[]ཞེས་གསུངས།

གར་མཁན་གྱི་དཔེ་བེད་སྤྱོད་བྱེད་ཚུལ། "གར་མཁན་དག་གིས་ཏོ་ཊ་ཀའི་རྒྱུད་དུ་གླུ་བླངས་པ་དང་མི་དག་གིས་བྲོ་བརྡུང་བ་དང་གླུ་བླང་བར་བརྩམས་པ་དང་ཁྱེའུ་དེ་གཉིས་དབང་པོ་དག་ཕྱིར་བསླན་ཏེ་འཁོད་པ་སྐྱེ་བོ་ཕལ་མོ་ཆེས་མཐོང་ནས་ཡང་ན་འདི་གཉིས་བླུན་པོ་གཉིས་ཤིག་གོ་ཡང་ན་ཤེས་པ་མི་འཁྲུག་པ་གཉིས་ཤིག་གོ་ཞེས་སྨྲས།"[] ཞེས་གསུངས་པ་ལྟར། གར་མཁན་གྱི་དཔེ་འདི་ནི་གཞུང་ལུགས་སོ་སོའི་ནང་རྟག་མི་རྟག་གི་རྩོད་པ་དང་། བདག་ཡོད་མེད་ཀྱི་རྩོད་པ། ཤེས་པའི་རང་བཞིན་གྱི་རྩོད་པ་སོགས་ལ་བེད་སྤྱོད་རྒྱ་ཆེན་པོ་བྱེད་ཀྱི་ཡོད།

བསྡུས་དོན།

[རྩོམ་སྒྲིག]

གར་མཁན་ཞེས་པའི་ཐ་སྙད་ནི་བོད་ཀྱི་དབུ་མ་དང་ཚད་མའི་གཞུང་ལུགས་ནང་གྲངས་ཅན་པའི་རྟག་པ་གཅིག་པུའི་བདག་གི་འདོད་པ་དགག་པའི་དཔེ་མཚོན་གཙོ་བོ་ཞིག་ཡིན། གར་མཁན་གཅིག་གིས་སྐབས་སོ་སོར་ཆ་བྱད་དང་རྣམ་འགྱུར་མི་འདྲ་བ་སྟོན་པ་ལྟར། ཤེས་པ་རྟག་པ་གཅིག་པུ་ཡིན་ན་ཡུལ་སོ་སོ་འཛིན་པའི་ཚེ་རྣམ་པ་ཐ་དད་དུ་སྣང་བ་མི་རིགས་པའི་རིགས་པ་གསལ་པོར་སྟོན་པའི་དཔེ་མཚོན་ཡིན། དཔེ་འདི་ནི་གཞུང་ལུགས་མང་པོའི་ནང་དུ་རྟག་པ་དང་མི་རྟག་པ། གཅིག་དང་ཐ་དད། བདག་ཡོད་མེད་སོགས་ཀྱི་རྩོད་པ་ལ་བེད་སྤྱོད་རྒྱ་ཆེན་པོ་བྱེད་ཀྱི་ཡོད།

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༢༩༣
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༥༨༡
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་༢༠༢
  4. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོགསངོས་༣༧༨-༣༧༩
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༣༩༡