གཡེ་དམར་དགོན།

ཡོང་ཁུངས་Wikipedia

ཁང་དམར་རྫོང་ནས་སྤྱི་ལེ་༡༣ཙམ་འཁོར་ལམ་དེད་གམ་པ་དང་གྲོ་མོའི་ཕྱོགས་སུ་སོག་ན་ལམ་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་བཙན་པོའི་དུས་ཀྱི་ལྷ་ཁང་ཞིག་ཡིན་སྐད་ལ་རྗེས་སུ་ཁ་ཆེ་མཆོད་འཆང་ཞུ་བས་རྒྱས་བསྐྲུན་གནང་། ཁ་ཆེ་མཆོད་འཆང་གིས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིར་“ངས་དགོན་པ་མཎྜལ་ཁ་སྦུག་པ་ལྟར་ཞིག་བཏབ་ཡོད་པས་ཁྱེད་ཀྱིས་དགོན་འདི་སྐྱོང་བར་ཞུ་”ཞེས་ཞུས་པས། པཎ་ཆེན་དགོངས་པ་མ་རྫོགས་བར་གནས་དེར་བཞུགས་པ་དང་རྗེས་སུ་དགོངས་པ་གཞན་དོན་དུ་ཕེབས་རྗེས་སུའང་སྐུ་སྨར་གདུང་ཡང་གནས་དེར་བཞུགས་སུ་གསོལ་ཡོད། སྔོན་ལྷ་ཁང་གསུམ་ཡོད་པ་ལས་དཀྱིལ་གྱི་ལྷ་ཁང་ནང་སྟོན་པ་མཛད་པ་བཅུ་གཉིས་ཀྱི་སྐུ་བརྙན། དེའི་འོག་ཚེ་དཔག་ལྷ་ཁང་ནང་སྟོན་པ་ཉེ་སྲས་བརྒྱད་དང་ཚེ་དཔག་མེད་བཅས་ཞུགས། སྔོན་བྲ་ཁུད་དགོན་གྱི་དགོན་ལག་ཡིན་པ་ལ་ཇུན་གར་དམག་རྗེས་དགེ་འདུན་༡༤༠སྐོར་གྱིས་རི་བོ་དགེ་ལུགས་ཕྱག་ལེན་མཛད་པར་གྱུར།

ད་ལྟ་སྔོན་གྱི་ལྷ་ཁང་གི་རྩིག་སྟེང་ཐོག་བཀབ་གནང་བའི་ནང་ལོ་མང་རིང་ཉི་ལྷག་གངས་ཆར་ཁྲོད་ལུས་པའི་བཟོ་རྩལ་ལེགས་པའི་སྐུ་བརྙན་རྣམས་ངོ་མཚར་ཆེ་བ་མཇལ་རྒྱུ་འདུག གཙུག་ལག་ཁང་གྱི་དབྱིབས་ནི་ས་སྐྱ་འདྲ་ལ་ལྡེབས་རིས་ཞ་ལུ་དང་ཡང་འདྲ་པོ་འདུག

ཡང་དགོན་དེ་ནས་མུ་མཐུད་སོང་ན་བྲ་ཁུད་དགོན་དང་། སྤྲེལ་དམར་དགོན། སྒྲུབ་ཆེན་ཀུན་དགའ་བློ་གྲོས་བཞུགས་མྱོང་བའི་རྐྱང་ཕུ་དགོན། ཚེ་དཔག་ལྷ་ཁང་བཅས་ཀྱི་གྱང་རོ་མཇལ་རྒྱུ་ཡོད་ལ། ཀ་ལ་ཞེས་པའི་ཡུལ་དུ་ཕྱི་དགོན་ཞེས་ཉམས་གསོ་གནང་བ་མཇལ་རྒྱུ་ཡོད།