གཡུང་དྲུང་བོན་ལུགས་ཀྱི་རྣམ་ཤེས་དང་འབྲེལ་བའི་སྐྱེ་བ་ལེན་ཚུལ་

ཡོང་ཁུངས་Wikipedia

རྣམ་ཤེས་ཀྱི་རིགས་འདྲ་སྔ་མའི་རྒྱུ་མཐུན་ལས་རྣམ་ཤེས་ཕྱི་མ་བསྐྱེད་དགོས་པ་བོན་གྱི་ཐེག་པ་ཐུན་མོང་གིས་འདོད་ཚུལ་གཅིག་མཐུན་ཡིན། སྐྱེ་ལེན་རྣམ་ཤེས་སམ་སེམས་ཀྱི་མིང་ལ་ཀུན་གཞི་རྣམ་པར་ཤེས་པ་ཟེར་བ་རེད། རྣམ་ཤེས་འདི་ཉིད་གཟུགས་པོར་རྟེན་བཅས་ཏེ་སྐྱེ་བ་ལེན་ཚུལ་སྐོར་བོན་གྱི་མདོ་འབུམ་རྒྱུད་མཛོད་དང་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་ལ་གསལ་པོ་ཡོད། ད་ལན་གང་ཟག་ཅིག་སྐྱེ་འཆི་ཚར་གཅིག་པའི་དབང་དུ་བྱས་ཏེ་སྐྱེ་བ་ལེན་ཚུལ་བཤད་ན་ཐོག་མར་བར་དོ་གསུམ་གྱི་སྣང་བ་ཤར་ནས་རིགས་དྲུག་གང་རུང་དུ་ལུས་ལེན་དགོས། བར་དོ་གསུམ་ནི། བོན་ཉིད་ཀྱི་བར་དོ། འོད་གསལ་གྱི་བར་དོ། སྲིད་པའི་བར་དོ་གསུམ་མོ།། གང་ཟག་གང་ཞིག་གི་སྡུག་བདེན་གྱི་ཕུང་པོར་ན་ཚ་དྲག་པོ་ཕོགས་ཏེ་ལུས་ཀྱི་སྟོབས་དང་ཟུངས་རྣམས་རིམ་པར་ཉམས་ནས་རྐང་པས་གཟུགས་པོ་མི་ཐེག ལག་པས་ཅ་དངོས་མི་ལོན། དེ་བཞིན་དབུགས་འབྱིན་རྔུབ་མི་ཐུབ། དབང་པོ་ལྔ་ཡིས་སོ་སོའི་ཡུལ་ལ་ལོངས་སྤྱོད་བྱེད་པའི་ནུས་པ་ཉམས་ནས་རིམ་པར་འཇིག་རྟེན་འདིར་སྣང་གི་རྟོག་ཚོགས་ཐམས་ཅད་གཞི་སྟོང་པ་ཆེན་པོའི་དབྱིངས་སུ་ཐིམ་ནས་ཞག་མ་ལྔ་དང་ཞག་གསུམ་དྲོས་བཞི་སོགས་ལ་བོན་ཉིད་ཀྱི་ངང་དུ་གནས་ཤིང་གནས་པའི་སྐབས་འདིར་བོན་ཉིད་ཀྱི་བར་དོ་ཟེར་བ་རེད། སྟོན་པ་གཤེན་རབ་ཀྱི་བཀའ། མ་རྒྱུད་ལས། བོན་ཉིད་བར་དོ་འཆི་ཁའི་འོད་གསལ་འདི།། རང་བཞིན་འབྲས་བུ་ཀུན་གཞི་ཕ་རོལ་ཕྱིན།།རྣམ་དག་རྒྱ་ཆེ་མཐར་ཐུག་བཅུ་གཉིས་ལྡན།། ལྔའམ་ཞག་གསུམ་དྲོས་བཞི་ཐང་ཙམ་གནས།། སངས་རྒྱས་རྒྱལ་པོ་བོན་སྐུ་དེ་ཉིད་ཡིན།། ཞེས་གསུངས་སོ།།

སྐབས་འདིར་སླེབས་དུས་སྔོན་མ་ཉམས་ལེན་ཡོད་པའི་གང་ཟག་ཅིག་ཡིན་ན་འཆི་སྲིད་ཀྱི་སྣང་བ་ཤར་མི་དགོས་པར་འཁོར་བ་ལས་གྲོལ་ཐུབ་བོ།། ཉམས་ལེན་དང་དགེ་ཚོགས་ཆེན་པོ་མེད་པའི་གང་ཟག་རྣམས་སེམས་ཉིད་ངང་དུ་སླེབས་ཀྱང་སླེབ་པ་ངོ་མི་འཕྲོད་དོ།། སྐྱེ་འཆི་ཚར་གཅིག་པའི་དབང་དུ་བྱས་པའི་གང་ཟག་གང་ཞིག་འཁོར་བའི་འགོ་མའམ་ཐོག་མ་འདི་ནས་ཡིན་ཏེ། རྫོགས་ཆེན་ཞང་ཞུང་སྙན་བརྒྱུད་ལས། འཁོར་འདས་གཉིས་སུ་མ་གྱེས་སྔོན་རོལ་ཏུ།། སངས་རྒྱས་སེམས་ཅན་བྱ་བའི་ཐ་སྙད་མེད།། ཤེས་རིག་རྒྱལ་པོ་ཀུན་གྱི་འབྱུང་གཞི་འདི།། ཀུན་ལ་ཁྱབ་སྟེ་གང་གི་མཐས་མ་རེག། གཞི་དོན་རྟོགས་དང་མ་རྟོགས་ཁྱད་པར་ལས།། སངས་རྒྱས་སེམས་ཅན་གཉིས་ཀྱི་འབྱུང་གཞིར་གནས།། སྣང་གསལ་དངོས་མེད་མཁའ་ལ་ཉི་ཤར་བཞིན།། སེམས་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་སྟེ། ཞེས་གསུངས་སོ།། གྲུབ་མཐའ་གང་མང་ཞིག་གིས་འདིར་སླེབས་སྐབས་དྲན་མེད་དུ་བརྒྱལ་སོང་བར་འདོད། ཡང་འགའ་ཤས་ཀྱིས་འདིའི་སྐབས་སུ་གནས་ལུགས་འདྲ་མོ་ཞིག་རྟོགས་པར་བཞེད། དེ་དག་གི་རྒྱུ་མཚན་གང་ལ་ཐུག་གམ་ཞེ་ན། ཁོ་ཅག་གིས་གནས་ལུགས་དེ་ཉིད་བློས་བྱས་བོན་ཞིག་ཁོ་ན་ཡིན་པར་རློམ་གྱིན་ཡོད་པས་བློས་བྱས་བོན་དེ་ཉིད་བློ་དང་ཁ་བྲལ་བའི་དུས་ཤིག་ནམ་ཡང་ཚེས་རྒྱུ་མེད་པས་ན་འགྲེལ་བཤད་དེ་འདྲ་མོ་མ་རྒྱབ་རང་རྒྱབ་ཏུ་གྱུར་པ་རེད། མཁས་པ་དུ་མ་ཞིག་གིས་འདིའི་སྐབས་སུ་འཁོར་བ་དང་རྣམ་ཤེས་ཀྱི་ཐོག་མ་ཡིན་མིན་དང་ཡོད་མེད་སྐོར་གྱི་རྩོད་པ་རྒྱ་ཆེར་མཛད་ཡོད་ཀྱང་། སངས་རྒྱས་གཡུང་དྲུང་བོན་རང་ལུགས་ལ་བཤད་ན། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་བོན་ཡོད་ཚད་པོ་གཞི་ཡི་གནས་ལུགས་སྟོང་པ་ཆེན་པོ་ལས་བྱུང་གནས་འཐིམ་གསུམ་དུ་འདོད་པས་གཞི་ཡི་དབང་དུ་བྱས་པའི་འཁོར་བ་དང་རྣམ་ཤེས་ལ་ཐོག་མ་ཡོད་པར་འདོད་དོ།། གང་ཟག་སུ་དང་གང་གི་རྒྱུད་ཀྱི་མ་རིག་པ་དེ་སྔོན་མའི་ལས་ཉོན་ལས་མ་བྱུང་པ་ཞིག་མེད་པས་ན་འཁྲུལ་པ་མ་རིག་པ་ལྟོས་ཏེ་འཁོར་བ་དང་རྣམ་ཤེས་ལ་ཐོག་མ་མེད་པར་འདོད་དོ།། རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་གསང་དོན་རྣམ་འབྱེད་ལས། གཞི་ལས་སྐྱེས་ཤིང་འགག་པའི་ཕྱིར།། འཁོར་བ་ཐོག་མ་ཡོད་པར་འདོད། མ་རིག་པ་ལ་ཐུག་མེད་ཕྱིར།། འཁོར་བ་ཐོག་མ་མེད་པར་བཞེད།། ཅེས་གསུངས་སོ།།

འཇུག་ཐོག་གཉིས་པར་ཡུལ་སྒྲ་འོད་ཟེར་གསུམ་དང་ལྷན་དུ་གཞི་ཡི་གནས་ལུགས་ལ་རང་བཞིན་གྱི་རྨོངས་པའི་བློ་ཞིག་ངང་གིས་སྐྱེ་ཡོང་བློ་འདི་ལ་ལྷན་སྐྱེས་ཀྱི་མ་རིག་པ་ཟེར་བ་ཡིན།གནས་ལུགས་ངོ་མ་འཕྲོད་པའི་གང་ཟག་རྣམས་ལྷན་སྐྱེས་མ་རིག་པ་འདིའི་དབང་གིས་རིམ་པར་འཁྲུལ་ཚོགས་འབྱུང་བ་ཡིན། རྫོགས་ཆེན་ཞང་ཞུང་སྙན་བརྒྱུད་ལས། ཁམས་གསུམ་སེམས་ཅན་གཞི་ཡི་སྟེང་ནས་འཁྲུལ།། རང་སྣང་དྭངས་མའི་འོད་ལྔ་ཤར་བ་ལས།། དབང་པོ་རྟུལ་པོས་ལྷན་སྐྱེས་མ་རིག་པས།། རང་སྣང་མ་ཤེས་གཞན་སྣང་འོད་དུ་བཟུང་། ཞེས་གསུངས་སོ།།

དེ་ནས་སྣང་བ་ཇེ་རགས་སུ་སོང་སྟེ་སྒྲ་འོད་ཟེར་གསུམ་དང་འོད་ལྔའི་སྣང་བ་དག་ནང་གནས་ལུགས་སྟོང་པ་ཆེན་པོའི་ངང་ནས་ཤར་བ་མི་རྟོགས་པར་ཕྱི་འབྱུང་བའི་སྣང་བ་རུ་སོ་སོར་འཁྲུལ་ཏེ་བདག་དང་བདག་གིར་འཛིན་པའི་བློ་རང་རྒྱུད་དུ་སྐྱེ་ནས་འཁྲུལ་པ་ཉོན་མོངས་པའི་རྟོག་ཚོགས་ཀྱིས་ངང་དུ་འགྲོ་བ་ཡིན། རྫོགས་ཆེན་ཞང་ཞུང་སྙན་བརྒྱུད་ལས། སྙེམས་བྱེད་རྟོག་པ་ཇེ་ཆེ་ཇེ་རགས་པས།། སེམས་དང་སེམས་འབྱུང་ལོག་རྟོག་ཤར་བ་ཡིས།། རང་སྣང་འོད་ལྔ་གཞན་སྣང་ཡུལ་དུ་བཟུང་།། བཟུང་བས་སྣང་བ་འོད་ཀྱི་མཐའ་རལ་ནས།། ཞེས་གསུངས་སོ།། སྐབས་འདི་ལ་འོད་གསལ་གྱི་བར་དོ་ཟེར།

དེ་མཚམས་སུ་གང་ཟག་དེར་བར་སྲིད་ཀྱི་སྣང་བ་ཤར་ལུགས་མི་འདྲ་བ་གཉིས་ཏེ། དང་པོ་སྔ་ལུས་རྣམ་པ་ཤར་ཏེ་ཕ་མ་གཉེན་ཉེ་དང་ཡུལ་མཁར་སོགས་སྔོན་གྱི་བག་ཆགས་ཟབ་སའི་དངོས་པོ་དག་སེམས་ངོར་ཤར་བ་དང་། གཉིས་པ་ཕྱི་ལུས་ཀྱི་རྣམ་པ་ཤར་ཏེ་རིགས་དྲུག་གང་དུ་སྐྱེ་བ་ལེན་དགོས་ཡོད་ན་གནས་དེའི་རྣམ་པ་སོགས་ཤར། སྐབས་འདི་ལ་ཕར་རོལ་སྲིད་པའི་བར་དོ་ཟེར་བ་རེད།

ལས་ཉོན་དུ་མ་འཛོམས་པས་རྣམ་ཤེས་རིམ་པར་མ་ཡི་ལྷུམས་སུ་ཞུགས་ནས་ཡང་སྲིད་ཕྱི་མ་ལེན་ཚུལ་ནི། སྟོན་པ་གཤེན་རབ་ཀྱི་བཀའ། མདོ་གཟེར་མིག་ལས། དེ་ནས་ཡབ་ཀྱི་སྟ་ལ་སེམས་ཀྱི་རྒྱུ། ཤེལ་ཀང་ཀ་རི་དཀར་པོ་བཅག་པ་འདྲ་བ་དང་། ཡུམ་གྱི་མངལ་ན་ཡིད་ཀྱི་རྒྱུ་མཚལ་དམར་པོ་ཙ་ཏིལ་སྦྱངས་པ་འདྲ་དང་། དེ་གཉིས་འདྲེས་པ་ཙམ་ན། སེམས་ཉིད་ནི་འོད་རྩེ་མོ་དཀར་བ། རྩ་བ་དམར་བ། དཀྱིལ་ལྗང་བ། མོ་ཁབ་བསྒྲེངས་བ་ཙམ་ཞིག སྔོན་གྱི་ལས་ཀྱི་ཤུགས་མཐུན་པས། དཀར་དམར་འདྲེས་པའི་ནང་དུ། ལས་སྤྱོད་རླུང་གིས་དེད་ནས། རྒྱ་མཚོའི་ཉ་དོལ་ལ་འཁྲིད་པ་བཞིན་དུ་རིལ་གྱིས་སོང་ངོ།། སེམས་དང་ལུས་གཉིས་དེ་ལྟར་འཕྲད་དོ།། ཅེས་གསུངས་སོ།།

དེ་ནས་མ་ཡི་མངལ་དུ་ཟླ་དགུ་ངོ་བཅུའི་རིང་ལ་དང་པོ་ནུར་ནུར་པོ་དང་ནལ་ནལ་པོ་སོགས་ཆགས་ནས་རིམ་བཞིན་པགས་པས་གཏུམ་ནས་རུས་པ་དང་རྩ་ནང་ཁྲོལ་ཡན་ལག་དབང་པོ་རྣམས་སོ་སོར་གྲུབ་པ་ཡིན་ཏེ། མདོ་གཟེར་མིག་ལས། པགས་པའི་འོག་ཆུ་ཐུམ་གྱི་ནང་ན། སེམས་ཀྱང་ཉ་བཞིན་དུ་འཕྱོ་ཞིང་འགྱུར་ནུས་སོ།། བར་དེར་ལུས་ཀྱི་རུས་པ་ལ་ཆགས་པ་སྔ་བ་བསྒལ་པའི་གཞུང་རྣམས་ཡིན་ནོ།། དེ་ནས་རྩིབ་མའི་གུར་དང་། ཡན་ལག་གི་ལྷུ་དང་། ཀླད་པའི་བུམ་པ་རྣམས་ཆགས་སོ།། དེ་ནས་ལུས་པོ་ལོ་རྩ་ཆེན་པོ་བཞི་ཡིས་བསྡུས་ནས་འབྱུང་བ་བཞི་གཅིག་ཏུ་འཕུངས་སོ།། དེ་བས་བཞི་འདུས་ཀྱི་ཕུང་པོར་ཐོགས་སོ།། དེ་ནས་དགུང་ཟླ་ངོ་ལྔ་ལོན་ནས། མ་ཡང་ཉམ་ཆུང་ཞིང་སྐྱུར་འདོད་དོ།། བུའི་སེམས་ཀྱང་འབྱུང་བ་ཆེན་པོ་བཞིས་བགོས་པས། ལུས་ཆ་མཉམ་མོ།། རྩ་རྣམ་པ་ལྔ་ལ་ཡང་། ནང་ཁྲོལ་རྣམ་པ་ལྔ་དང་། དབང་པོ་རྣམ་ལྔ་ཆགས་སོ།། ནང་ཁྲོལ་རྣམ་པ་ལྔ་ལས་སྙིང་ཆགས་པ་སྔའོ།། ཞེས་དང་། དེ་ནས་ཟླ་དགུ་ངོ་བཅུ་ལོན་པ་དང་མ་ཡི་མངལ་ནས་སྐྱེ་ཚུལ་ནི། མདོ་གཟེར་མིག་ལས། དེ་ནས་ཟླ་དགུ་ངོ་བཅུ་ལོན་ཙམ་ན། སེམས་ཀྱི་མཚན་ཉིད་ནི་སྙིང་གི་དཀྱིལ་ན་མེ་འབར་བ་ཙམ་ཞིག་ཡོད་དོ།། རྣམ་པར་ཤེས་པ་ནི་སྐར་ཁུང་དོད་པ་འདྲའོ།། གཟུགས་ཀྱི་ཕུང་པོ་ནི་ཁང་པ་ཕུབ་པ་དང་འདྲའོ།། དཔེར་ན་ཁང་བར་མེ་བཏང་ན་སྐར་ཁུང་འོད་གང་བ་དང་འདྲ་སྟེ། སེམས་ཀྱི་ཆོ་འཕྲུལ་ཡིད་ཀྱི་རྣམ་པར་ཤེས་པ་ནི། ཚོགས་དྲུག་གི་སྒོ་ནས་འབབ་ཆུ་དང་འདྲ་སྟེ། དར་ཅིག་ཀྱང་མི་ཆགས་སོ།། སྤྲེའུ་དང་འདྲ་སྟེ་བཏང་ཡང་གཅིག་འཛིན་ནོ།། དེ་ལྟར་ལུས་ཀྱིས་སེམས་བསྡུས་སོ།། སེམས་ཀྱིས་ལུས་བསྡུས་སོ།། སེམས་ལུས་འབྲས་བུ་མཉམ་པས། སེམས་དང་ལུས་གཉིས། བར་དུ་རྐྱེན་གྱིས་དེ་ལྟར་འགྲོགས་སོ།། ཟླ་དགུ་ངོ་བཅུ་ན། མའི་མངལ་ནས་ལས་ཀྱིས་འབྱུང་ངོ་།། ཞེས་གསུངས་པའི་ཕྱིར་རོ།།

ལས་རྒྱུ་འབྲས་ཀྱི་རྣམ་བཞག་སྐོར།[རྩོམ་སྒྲིག]

རྒྱུ་དགེ་བ་སྔོན་སོང་ལས་འབྲས་བུ་བདེ་བ་སྨིན་པ་ནི་དགེ་བའི་ལས་རྒྱུ་འབྲས་དང་། རྒྱུ་མི་དགེ་བ་སྔོན་སོང་ལས་འབྲས་བུ་སྡུག་བསྔལ་སྨིན་པ་ནི་མི་དགེ་བའི་ལས་རྒྱུ་འབྲས་ཟེར་བ་ཡིན།འདི་གཉིས་ཀྱི་འབྲས་བུ་སོ་སོར་སྨིན་དགོས་པ་ཡིན་ཏེ། ཤ་རིས་མཛད་པའི་གཏན་ཚིགས་ངེས་པའི་གལ་མདོ་ཏན་ཏྲ་ཉི་མའི་འཁོར་ལོ་ལས།འབྲས་དཀར་བཏབ་པས་ཏིལ་དཀར་མི་འབྱུང་བཞིན།།གང་བསྒྲུབ་དེ་ཡི་རྟགས་འབྱུང་གཞན་རྟགས་མིན།། ཞེས་གསུངས་སོ།།

སྐྱེ་བ་སྔ་མ་སྒྲུབ་པའི་རིགས་པ་ནི།[རྩོམ་སྒྲིག]

སྟོན་པ་གཤེན་རབ་ཀྱི་བཀའ།མུ་སྟེགས་ཚར་གཅད་གཏན་ཚིགས་ཐིགས་པའི་མདོ་རྒྱུད་ལས། གཞན་ཡང་ཚེ་སྔ་མ་ཡོད་པ་ནི་རྒྱུ་སྔོན་སོང་གི་འབྲས་བུའི་གཏན་ཚིགས་ཀྱིས་འགྲུབ་ལ།ཚེ་ཕྱི་མ་འབྱུང་རུང་ནི་རང་བཞིན་གྱི་གཏན་ཚིགས་ཀྱིས་འགྲུབ་བོ།། དང་པོ་ནི། སྐྱེ་གནས་ཀྱི་དང་པོ་ལུས་སེམས་གསུམ་བོན་ཅན།དེ་ལ་བསྐྱེད་པར་བྱས་པའི་ཤེས་པ་སྔ་མ་སྔོན་དུ་སོང་སྟེ།དབུགས་ཕྱི་ནང་རྒྱུ་བའི་ཕྱིར་རོ།།

དཔེར་ན་མྱུ་གུ་སྔོན་པོ་ལ་ས་བོན་སྔོན་དུ་སོང་བ་བཞིན་ནོ།། དབུགས་ཕྱི་ནང་དུ་རྒྱུ་ཡང་ཤེས་པ་སྔ་མ་སྔོན་དུ་སོང་བས་མ་ཁྱབ་བོ་ཞེ་ན། འོ་ན་མྱུ་གུ་སྔོན་པོར་འདུག་ཀྱང་ས་བོན་མ་ཞིག་མ་རུལ་བ་སྔོན་དུ་མ་སོང་བར་འགྱུར་རོ།། ཡང་ན་འབྱུང་བ་ཁ་ཡར་བ་དེ་ལས་ཀྱང་དབུགས་ཕྱི་ནང་དུ་ཡོད་པར་འགྱུར་ཏེ། རྒྱུ་ཤེས་པ་སྔོན་མ་མེད་ཀྱང་དབུགས་ཕྱི་ནང་དུ་རྒྱུ་བ་ཡོད་པའི་ཕྱིར་རོ།། དེས་ན་རྒྱུ་ཤེས་པ་ཡོད་ཅེས་བྱའོ།། ཞེས་གསུངས་སོ།།

སྐྱེ་བ་ཕྱི་མ་སྒྲུབ་པའི་རིགས་པ་ནི།[རྩོམ་སྒྲིག]

སྟོན་པ་གཤེན་རབ་ཀྱི་བཀའ།མུ་སྟེགས་ཚར་གཅད་གཏན་ཚིགས་ཐིགས་པའི་མདོ་རྒྱུད་ལས། འཆི་བའི་སེམས་ཀྱི་མཐའ་མ་བོན་ཅན།འདི་འགེགས་པའི་ཕྱི་མ་ལ་ཤེས་པ་ཞིག་གི་རྒྱུ་བྱེད་དེ། སེམས་ཉིད་ཤེས་པ་ཡིན་པའི་ཕྱིར་རོ།། སེམས་ཡིན་ཡང་ཤེས་པ་ཕྱི་མའི་རྒྱུ་བྱས་པས་མ་ཁྱབ་བོ་ཞེ་ན། འོ་ན་ད་ལྟའི་ཤེས་པ་ཡང་སྔོན་མ་ལས་ཕྱི་མ་མི་བསྐྱེད་པར་འགྱུར་རོ།། དེས་ན་སྐྱེ་བ་ཕྱི་མ་ཡོད་ངེས་ཞེས་བྱའོ།། ཞེས་གསུངས་སོ།། མུ་སྟེགས་ཚར་གཅད་གཏན་ཚིགས་ཐིགས་པའི་རིགས་པ་སྨྲ་བའི་མདོ་འགྲེལ་ལས། རྒད་པོ་འཆི་ཁ་མའི་སེམས་ཀྱི་མཐའ་མའི་འཆི་སེམས་དེ་བོན་ཅན། ད་ལྟར་གྱི་སེམས་འདི་འགགས་པའི་ཕྱི་མ་ལ་ཤེས་པ་ཞིག་གི་རྒྱུ་བྱེད་དེ། རང་རིག་ལས་གཞན་ལ་ལྟོས་མེད་དུ་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པའི་ཕྱིར།

དགེ་རྒན་གྱི་ཞལ་རྒྱུན།[རྩོམ་སྒྲིག]

སྐྱེ་བ་ཕྱི་མ་སྒྲུབ་པའི་གཏན་ཚིགས་ནི། རྒད་པོ་འཆི་ཁ་མའི་འཆི་སེམས་བོན་ཅན། ཤེས་པ་ཕྱི་མའི་རྒྱུ་བྱེད་དེ། ཆགས་བཅས་རྒྱུན་ལྡན་གྱི་རིག་པ་ཡིན་པའི་ཕྱིར།

ཆུ་ལུད་དྲོད་གཤེར་འཛོམས་པའི་ཞིང་ཁ་ནང་གི་ས་བོན་སྐྱ་བོས་རང་དུས་སུ་མ་གྲུབ་པའི་ནས་མྱུག་སྔོན་པོ་མ་སྐྱེས་པར་སྐྱེ་བར་བྱེད་དགོས་པ་ཇི་བཞིན། འཆི་ཁའི་རྣམ་ཤེས་ཀྱིས་རང་དུས་སུ་མ་གྲུབ་པའི་རིགས་འདྲ་ཕྱི་མའི་རྣམ་ཤེས་ཀྱི་ཉེར་རྒྱུ་བྱེད་པ་ཡིན་ནོ།།

གཙོ་བོར་ཚད་མའི་སྐྱེས་བུ་ཁས་ལེན་པའི་གྲུབ་མཐའ་དང་གྲུབ་མཐའ་དེ་རུ་ཞུགས་པའི་གང་ཟག་རྣམས་ཀྱིས་གཏན་ཚིག་འདི་དག་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་ཡོད་པར་རྟོགས་པའི་བློ་སྐྱེས་བ་ལ་ཡིད་གཉིས་གཏན་ནས་མི་དགོས་པར་ཡིན་མོད། འོན་ཀྱང་། ཐར་པ་དང་བྱང་ཆུབ་དེ་བཞིན་ཚད་མའི་སྐྱེས་བུ་སོགས་ཁས་མི་ལེན་པའི་གང་ཟག་ལ་རྒྱུ་མཚན་དང་མཐུན་དཔེ་འདི་དག་གིས་གོ་བརྡ་འཕྲོད་པ་ཅུང་དཀའ་བར་སྣང་། སྔོན་མའི་སྐྱེ་གནས་བཤད་མཁན་གྱི་བྱིས་པ་དང་། དེང་སྐབས་བལ་པོ་རྒྱལ་ཁབ་ཀྱི་ས་ཁོངས་ཡོད་པའི་གློ་དང་དོལ་པོ་ཕྱོགས་ཀྱི་ས་ཆ་དུ་མ་ཞིག་ལ་མི་ཤི་བའི་རྗེས་སུ་ཤི་བའི་མི་དེའི་རྣམ་ཤེས་གཞན་གྱི་གང་ཟག་ལ་ཞུགས་ཏེ་རང་ལ་གང་ཡོད་པའི་དཀའ་སྡུག་གི་གནས་སྟངས་ཚང་མ་བཤད་ཡོང་གིན་ཡོད། གནས་ཚུལ་འདི་སྐྱེ་བ་སྔ་ཕྱི་དང་རྣམ་ཤེས་སོགས་ཡོད་པའི་དཔང་རྟགས་ཡིན་ལ། ཚད་མའི་སྐྱེས་བུ་ཁས་མི་ལེན་པའི་གང་ཟག་རྣམས་ལ་འདིས་གོ་བརྡ་སྤྲད་ཐུབ་ས་རེད་བསམ་གྱིན་ཡོད།