Jump to content

གཡུང་དྲུང་བོན་གྱི་བཀའ་དང་བཀའ་རྟེན་

ཡོང་ཁུངས་Wikipedia

གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་གོ་དོན།

[མ་ངོས་ཞུ་དག]

གཡུང་དྲུང་བོན་གྱི་ལུགས་སུ་བཀའ་འགྱུར་དང་བསྟན་འགྱུར་ཞེས་པའི་ཐ་སྙད་འདི་དེ་ཙམ་བཀོལ་སྤྱོད་མི་བྱེད་པར་ བཀའ་དང་བཀའ་བརྟེན་ ཞེས་ཡོངས་གྲགས་སུ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ནི་བོན་གྱི་གསུང་རབ་ཁག་ལ་གཟིགས་ན་རིམ་གྱིས་ཤེས་ནུས། དེར་བརྟེན་བཀའ་དང་བཀའ་བརྟེན་གྱི་སྐོར་ཤེས་པར་བྱེད་པ་ལ་ཐོག་མ་ཐ་སྙད་འདི་གཉིས་ཀྱི་གོ་དོན་རྒྱུས་ལོན་བྱ་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན།

བཀའ་ཡི་གོ་དོན།

[མ་ངོས་ཞུ་དག]

བཀའ་དང་བཀའ་བརྟེན་ཞེས་པའི་གོ་དོན་བཞག་ཚུལ་གྱི་ཐད་བོན་གྱི་མཁས་པ་རྣམས་ཀྱི་ཁྲོད་ཅུང་ཙམ་ཞལ་མི་མཐུན་པ་ཡོད་ཀྱང་མཐར་ཐུག་གོ་དོན་གྱི་ཐད་དེ་ཙམ་ཁྱད་པར་ཆེན་པོ་མེད་པར་མངོན།

  • 《ཤེར་ཕྱིན་སྐབས་དང་པོ་》ལས། “བདག་རྐྱེན་རྫོགས་པའི་སངས་རྒྱས་ལ་བརྟེན་ནས་བྱུང་བའི་ཁྱད་པར་བཞི་ལྡན་གྱི་ལེགས་བཤད་རྣམ་དག” ཅེས་གསལ་བ་དང་།
  • 《སྲིད་པའི་མཛོད་ཕུགས་》ལས། “བཀའ་ནི་ཚད་མར་གསུང་པ་སྟེ། མ་བཅོས་མ་བསླད་མཚན་ཉིད་འཛིན།” ཞེས་གསལ་བ་རྣམས་ལ་དེ་ཙམ་ཁྱད་པར་མེད་པར་མངོན།

མདོར་ན་བཀའ་ནི་བདག་རྐྱེན་སངས་རྒྱས་ལ་བརྟེན་ནས་བྱུང་བ་གང་ཞིག་མ་བཅོས་མ་བསླད་པའི་ལེགས་བཤད་རྣམ་དག་ཞིག་ལ་ངོས་འཛིན་བྱས་ན་འོས་པར་མངོན།

བཀའ་བརྟེན་གྱི་གོ་དོན།

[མ་ངོས་ཞུ་དག]

བཀའ་བརྟེན་ནི་སངས་རྒྱས་ཀྱི་བཀའ་ལ་བརྟེན་ནས་གང་ཟག་ཁྱད་པར་ཅན་གྱིས་དེའི་དགོངས་འགྲེལ་མཛད་པ་རྣམས་ལ་འཇོག་དགོས་ཏེ།

  • 《ཁམས་བརྒྱད་གཏན་ལ་ཕབ་པ་ལས་སྡུད་པ་ཚིགས་སུ་བཅད་པ་བཀའ་དྲི་མ་མེད་པ་མན་ངག་གི་དོན་བཞུགས།》ལས། “སངས་རྒྱས་ཀྱི་བཀའ་ལ་བརྟེན་ནས་གང་ཟག་ཁྱད་པར་ཅན་གྱིས་མཛད་པ་ནི་བཀའ་བརྟེན་ཡིན།” ཞེས་དང་།
  • ཡང་《དེ་ཉིད་》ལས། “རྩོམ་པ་པོ་ཚད་ལྡན་གྱིས་མཛད་ཅིང་བཀའ་ཡི་དགོངས་པ་འགྲེལ་ནུས་པ་ནི་བཀའ་བརྟེན་གྱི་དོན་ནོ།།” ཞེས་གསལ་བ་ལྟར་རོ།།

བཀའ་འགྱུར་ཞེས་པའི་ཐ་སྙད་ཀྱི་འབྲེལ་བ།

[མ་ངོས་ཞུ་དག]

གཡུང་དྲུང་བོན་གྱི་བཀའ་དེ་ལ་བཀའ་འགྱུར་ཞེས་བརྗོད་སྲོལ་མེད་པ་ཡང་མ་ཡིན། གང་ལགས་ཞེ་ན་ཐོག་མ་སངས་རྒྱས་ཀྱི་བཀའ་དེ་ཞང་ཞུང་གི་ཡུལ་དུ་དར་བ་དང་དེ་ནས་རིམ་གྱིས་བོད་ཀྱི་སྐད་དུ་འགྱུར་བ་ཡིན་པས་ན་བཀའ་འགྱུར་ཞེས་བརྗོད་ན་མ་འཐད་པ་མེད་པར་མངོན་ཏེ།

《གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་བྱུང་འཕེལ་དང་ད་ལྟའི་གནས་བབས་ལ་དཔྱད་པ་》ཞེས་པའི་དཔྱད་རྩོམ་ནང་། “སྟོན་པ་གཤེན་རབ་ཀྱིས་གསུང་པའི་བཀའ་རྣམས་ཞང་ཞུང་ཡི་གེའི་སྟེང་ནས་བོད་ཡིག་ཏུ་བསྒྱུར་ཞིང་། དེ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་དེ་ལ་བོན་གྱི་བཀའ་འགྱུར་ཞེས་བརྗོད་” ཅེས་དང་། ཡང་དེ་ཉིད་ལས། “བོན་གྱི་བཀའ་འགྱུར་གྱི་ཡིག་ཚང་འདི་ཡང་དང་པོ་ཞང་ཞུང་གི་ཡི་གེའི་སྟེང་ནས་བྲིས། དེ་ནས་བོད་ཡིག་ཏུ་བསྒྱུར་བ་ལྟ་བུ་ཡིན་པས་ན། དེ་ལ་འགྱུར་མའི་མིང་འདོགས་ཆོག་པ་རེད།” ཅེས་ཀྱང་གསལ་བ་དེ་ལ་བསམ་གཞིགས་བྱས་ན་དོན་ལ་གནས་པར་མངོན་ནོ།།

ཕྱོགས་བསྡོམས།

[མ་ངོས་ཞུ་དག]

ཡོངས་གྲགས་སུ་བཀའ་དང་བཀའ་བརྟེན་ཞེས་ཁྱབ་ཆེ་བར་བཀོལ་སྤྱོད་བྱེད་པ་ཡིན། ཞང་བོད་རིག་གནས་ཀྱི་མཁས་དབང་ཚེ་རིང་ཐར་ལགས་ཀྱིས་ཀྱང་བཀའ་འགྱུར་དང་བརྟེན་འགྱུར་ཞེས་པའི་ཐ་སྙད་བཀོལ་སྤྱོད་བྱས་ཡོད། མདོར་ན། གཡུང་དྲུང་བོན་གྱི་ལུགས་ལ་ཡོངས་གྲགས་སུ་༸སྨན་རིའི་མཁན་ཆེན་ཉི་ཤུ་རྩ་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གི་《ཤེར་ཕྱིན་སྐབས་དང་པོའི་》ནང་གསལ་བ་བཞིན་བཀའ་དང་བཀའ་བརྟེན་ཞེས་བཀོལ་སྤྱོད་བྱེད་ལ། དེ་མིན་བཀའ་འགྱུར་དང་བརྟེན་འགྱུར། བཀའ་འགྱུར་དང་བསྟན་འགྱུར་ཡང་བཀོལ་སྤྱོད་བྱས་པ་མི་ཉུང་ཙམ་མངོན།