གཡང་ས་
གཡང་ས་ཞེས་པ་ནི་ས་ངོས་ཧ་ཅང་མཐོ་བའི་རི་གཟར་བྲག་གཟར་སོགས་ལ་ཟེར་བ་དང་། ནང་བསྟན་ཆོས་གཞུང་ནས་བཤད་ན་དམྱལ་བ་ལྟ་བུ་དཔག་ཚད་སྟོང་ཕྲག་མང་པོའི་གཏིང་ཚད་ཡོད་ཅིང་ཡུན་རིང་པོར་སྡུག་བསྔལ་མི་བཟད་པ་མྱོང་དགོས་པའི་གནས་ལྟ་བུ་ལ་གོ་དགོས།
གཡང་སའི་ཁྱད་པར།
[རྩོམ་སྒྲིག]གཡང་ས་ཆུང་བ། "གཡང་ས་ཐ་མལ་པ་ཆུང་ངུ་ལའང་འགྲོ་འོང་ལ་སོགས་པ་ལ་བག་ཡོད་པས་གནས་པར་བྱ་དགོས་ན་"[༡]ཞེས་གསུངས་པ་ལྟར་ཐལ་མལ་པར་སྡུག་བསྔལ་ཡང་གཡང་ས་ཆེན་པོ་ལས་ཉུང་བ་ཡོད་པར་བསྟན།
གཡང་ས་ཆེན་པོ། "དཔག་ཚད་སྟོང་དུ་ལྟུང་བ་ཞེས་ཏེ་དཔག་ཚད་སྟོང་ཕྲག་དུ་མའི་ཚད་ཀྱི་མནར་མེད་པ་ལ་སོགས་པའི་གཡང་ས་"[༢]ཞེས་པ་གསུངས་པ་ལྟར་ཡུན་རིང་སྡུག་བསྔལ་མྱོང་དགོས་པ་ཡིན།
གཡང་ས་ལ་གཟབ་དགོས་ཚུལ།
[རྩོམ་སྒྲིག]"གང་ལ་ལྷུང་ན་ཡན་ལག་ཙམ་གནོད་པར་འགྱུར་བའི་རི་ལ་སོགས་པ་གཡང་ས་ཐ་མལ་བ་ཆུང་ངུ་ལའང་ལྷུང་དོགས་ནས་བག་ཡོད་པས་གནས་པར་བྱ་དགོས་ན། དཔག་ཚད་སྟོང་ཕྲག་དུ་མས་མཚོན་པའི་གཡང་སར་ཡུན་རིང་པོར་གནས་དགོས་པ་ལ་བག་ཡོད་བྱ་དགོས་པ་སྨོས་ཅི་དགོས་"[༣]ཞེས་གསུངས་པ་ལྟར། རི་ལ་སོགས་པའི་གཡང་ས་ཆུང་ངུ་ལའང་ལྷུང་དོགས་ཡོད་ན། དམྱལ་བའི་གཡང་ས་ཆེན་པོ་ལ་ལྟུང་བའི་ཉེན་ཁ་ལ་ཇི་ལྟར་བག་ཡོད་མ་བྱེད་ཅེས་པའི་དོན་སྟོན།
གཡང་སའི་ཉེས་དམིགས།
[རྩོམ་སྒྲིག]"གཡང་ས་ཐ་མལ་པ་ཆུང་ངུ་ལའང་དེར་མི་ལྷུང་བར་བྱ་བའི་ཕྱིར། བག་ཡོད་པར་གནས་པར་བྱ་དགོས་ན། དཔག་ཚད་སྟོང་ནི་ཆེ་བ་མཚོན་པ་སྟེ། སྡུག་བསྔལ་ཆེན་པོར་ལྟུང་ཞིང་ཡུན་རིང་མི་ཐར་བའི་གཡང་སར་བག་ཡོད་པར་བྱ་དགོས་པ་སྨོས་ཅི་དགོས་"[༤] ཞེས་གསུངས།
བསྡུས་དོན།
[རྩོམ་སྒྲིག]གཡང་ས་ཞེས་པ་ནི་སྤྱིར་འཆར་ཁ་ཆེན་པོ་ལ་ཟེར་ཡང་། ནང་བསྟན་གཞུང་ནང་དུ་སྡིག་པའི་འབྲས་བུ་ངན་སོང་དུ་ལྟུང་བའི་ཉེན་ཁ་མཚོན་པར་དྲངས་པའི་དཔེར་བརྗོད་ཅིག་ཡིན། རི་བོའི་གཡང་ས་ཆུང་ངུ་ལའང་ལྷུང་དོགས་ཀྱིས་བག་ཡོད་པར་གནས་དགོས་ན། དམྱལ་བའི་གཡང་ས་ཆེན་པོ་ལ་ལྟུང་བའི་ཉེན་ཁ་ལ་བག་ཡོད་པར་བྱས་ཏེ་ཉོན་མོངས་པའི་གཉེན་པོ་ལ་འབད་པར་བྱ་དགོས་པའི་དོན་སྟོན།
ལུང་ཁུངས།
[རྩོམ་སྒྲིག]- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 157
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 54
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 47
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། 42