Jump to content

གཡང་དྲུང་

ཡོང་ཁུངས་Wikipedia

གཡུང་དྲུང་ནི་རྟག་ཏུ་གནས་པ་དང་སྲ་ཞིང་བརྟན་པ། འགྱུར་བ་མེད་པ་བཅས་ཀྱི་དོན་ཡིན་ནོ་ཞེས་བོན་གཞུང་དག་ཏུ་ཡོངས་སུ་གྲགས་པ་ལྟར་ཡིན་མོད། འགའ་རེས་རྒྱ་ནག་གི་ཡོང་ཁྲང་ཞེས་པའི་སྒྲ་ཟུར་ཆག་པ་ཡིན་སྐད་དང་། ཉི་མའི་འོད་འབར་བའི་དབྱིབས་ལས་གཡུང་དྲུང་གི་རི་མོ་བྱུང་བའམ་ཕོ་མོའི་མཚན་མ་སྦྱོར་བའི་དབྱིབས་ལས་བྱུང་བར་བཤད་པ་སོགས་གནག་རྫིའི་རྣར་ཡང་མི་འགྲོ་བའི་ རྫུན་གཏམ་མང་དུ་སྨྲ་བར་བྱེད་དོ།། འོན་ཀྱང་ང་ཚོས་བསམ་དགོས་པ་ཞིག་ལ། མཁས་དབང་དགེ་ཆོས་ཀྱི་གསེར་ཐང་ལས། ལྷ་སའི་གཙུག་ལག་ཁང་བཞེངས་ཚེ་སྔགས་པ་རྣམས་དགའ་བའི་ཆེད་དུ་ཀྭ་བ་ཕུར་བུའི་དབྱིབས་སུ་བྱས་པ་སོགས་བྲིས་མོད། ཆོས་འགྱུར་མ་ཐག་པ་ཞིག་ལ་སྔགས་པ་ཕུར་བུ་ལ་དགའ་མཁན་མང་བོ་ཞིག་ཡོད་མེད་ཀྱང་མི་ཤེས་ལ། ན་ལེནྡྲ་ལ་སོགས་པའི་རྒྱ་གར་གྱི་གཙུག་ལག་ཁང་རྙིང་མ་ཀུན་ཀྱི་རྨང་གཞི་ཡང་གཡུང་དྲུང་གི་རིས་ཁོ་ནར་སྣང་། ཞེས་གསུངས་པ་དེ་ཡིན།

གཞན་རྒྱ་ནག་ལ་ནང་ཆོས་རང་རེ་ལས་ཆེས་སྔ་བར་དར་ཞིང་ཁོ་ཚོར་གཡུང་དྲུང་གི་རི་མོ་འབྲི་སྲོལ་ཡོད་ལ། དེ་ཡང་ང་ཚོར་བོན་བསྐོར་དུ་གྲགས་པ་དེ་ཁོ་ན་འབྱུང་བས་གཡུང་དྲུང་རི་མོ་སུ་ཞིག་ གིས་ཐོག་མར་གསར་བཏོད་བྱས་ཚུལ་སོགས་ལ་ད་དུང་ཞིབ་རྒྱུ་རེ་ཡོད་པར་སེམས་སོ། ། གཡུང་དྲུང་བོན་ནི་སྤྱི་ལོ་སྔོན་གྱི་ལོ་དྲུག་བརྒྱ་ཡས་མས་༼བོད་ཀྱི་རྒྱལ་རབས་བརྒྱད་པ་དང་དགུ་བའི་སྐབས་བྱོན་པར་བཤད་པ་སོགས་འདོད་ཚུལ་སྣ་ཚོགས་ཤིག་འདུག ༽ཤིག་ལ་ཞང་ཞུང་འོལ་མོ་ལུང་རིང་ངམ་སྟག་གཟིག་ཏུ་༼འདིར་བསྟན་གྱི་སྟག་གཟིག་དེ་པར་སིག་ཡིན་ མིན་སོགས་རྩོད་པ་མང་བོ་འདུག༽སྐུ་འཁྲུངས་པའི་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་གིས་སྲོལ་བཏོད་པའི་བོད་ཀྱི་གདོད་མའི་ཆོས་ལུགས་ཤིག་སྟེ། བོན་པོ་རྣམས་ཀྱིས་དེ་ལ་མདོ་ཕྱོགས་ཀྱི་བསྟན་པ་ཕྱི་རྒྱུད་ཟེར་བར་སྣང་། དེའི་ཡར་སྔོན་ནས་བོན་སྐུའི་སྟོན་པ་ཀུན་ཏུ་བཟང་བོས་གྲོལ་ལམ་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་པ་ལ་གསང་རྒྱུད་དང་། ལོངས་སྐུའི་སྟོན་པ་གཤེན་ལྷ་འོད་དཀར་གྱིས་གསང་སྔགས་ཀྱི་བསྟན་པ་སྤེལ་བ་ལ་སྔ་རྒྱུད་ཅེས་བྱ་སྟེ་ཐུན་མོང་མིན་པའི་དབང་དུ་བྱས་པའོ།། གཤེན་རབ་མི་བོ་ཆེས་སྲོལ་བཏོད་པའི་ཕྱི་རྒྱུད་བོན་གྱི་གཞུང་ལུགས་ཚང་མ་ཐེག་པ་རིམ་དགུ་དང་བོན་སྒོ་བཞི་རུ་འདུས་པར་བཤད། ནམ་མཁའི་ནོར་བུའི་ཞང་བོད་ལོ་རྒྱུས་ཏི་སིའི་འོད་ལས། བོན་ཞེས་པ་འདི་ནི་གཤེན་རབ་མི་བོ་ཆེས་བསྟན་པ་དེ་ཙམ་ཞིག་ལ་ངོས་འཛིན་གྱི་ཡོད་པ་དེ་ནི་ནོར་འཁྲུལ་ཚབས་ཆེ་བ་ཞིག་ཡིན། གཤེན་རབ་མི་བོ་ཆེས་བསྟན་པའི་བོན་དེ་ལ་གཡུང་དྲུང་གི་བོན་ཞེས་དམིགས་སུ་བཀར་ནས་བཤད་སྲོལ་ཡོད་པ་དེ་ལའང་དགོས་པ་དང་རྒྱུ་མཚན་ཞིག་ཡོད་པ་ནི་སྨོས་མ་དགོས། གཤེན་རབ་ཀྱི་གོང་དུ་བོན་གྱི་ལུགས་མི་འདྲ་བ་མང་དག་བྱུང་ཡོད་པ་ནི་ལུང་དང་རིགས་པ་གཉིས་ཀས་གསལ་བོར་བསྟན་ཡོད། ཅེས་འབྱུང་སྟེ་འདི་སྐོར་བདག་གིས་ཆེད་དུ་ཞིབ་འཇུག་བྱེད་མ་མྱོང་བས་དཔྱོད་ལྡན་དག་གི་བགོ་སྐལ་ལྟ་བུར་མི་འཇོག་ཐབས་མེད་ཡིན། བོད་ཀྱི་ལོ་རྒྱུས་མང་བོར་བརྡོལ་བོན་དང་། འཁྱར་བོན། བསྒྱུར་བོན་བཅས་བོན་ཆོས་ལ་དུས་རིམ་ཆེན་པོ་གསུམ་དུ་ཕྱེས་ཏེ་བཤད་མོད། བོན་པོ་རང་གི་གཞུང་ཁུངས་བཙན་དག་ཏུ་དེ་ལྟར་བཤད་སྲོལ་མེད་པར་སྣང་། ཐོག་མར་སུས་སུ་ལ་ལད་བཟློས་བྱས་པ་བཤད་དཀའ་ཡང་། ད་ལྟ་རང་རེ་བོད་ཀྱིས་བསང་ཕུད་པ་དང་རླུང་རྟ་མཆོད་པ། ལབ་ཙེ་བསྟོད་པ། དགྲ་ལྷ་དཔང་བསྟོད། གཡང་འབོད་དང་གཡང་འགུག དགྲ་བྲུབ་སོགས་ཕྱིའི་རྣམ་པ་མང་བོ་ཞིག་ཕན་ཚུན་གཅིག་ལ་གཅིག་འདྲེས་སུ་གྱུར་ཞིང་། བོན་ཆོས་འདི་ནང་ཆོས་བོད་ལ་དར་བའི་སྐྱ་རེངས་ཀྱང་ཡིན་པར་གསུངས། ཁྱད་པར་དུ་བོན་ཆོས་ནི་བོད་རང་ས་ནས་དར་བའི་གདོད་མའི་ཆོས་ལུགས་ལོ་རྒྱུས་རང་བཞིན་དང་མི་རིགས་རང་བཞིན་སོགས་དཔྱད་གཞིའི་རིན་ཐང་ཕུན་སུམ་ཚོགས་པའི་གཏེར་མཛོད་ཅིག་ཡིན་པ་ལ་ནི་ཤེས་ལྡན་སུས་ཀྱང་བསྙོན་དུ་མེད་པས་མྱུར་སྐྱོབ་དང་དར་ སྤེལ་བྱེད་དགོས་པ་ནི་མང་དུ་སྨྲ་མི་དགོས་པའི་བདེན་ལུགས་ཤིག་གོ། །