གཡག་རྔ་གྲོང་ཁྱེར་

ཡོང་ཁུངས་Wikipedia

སི་ཁྲོན་གཡག་རྔ་(雅安)གྲོང་ཁྱེར་པའོ་ཞུན་(宝兴)རྫོང་ཐོག་ལ་མུ་ཕྱི་རྒྱལ་པོའི་མཁར་རྫོང་ཞིག་འདུག བཤད་སྲོལ་དུ་མུ་ཕྱི་རྒྱལ་པོའི་མཁར་རྫོང་ཐོག་མར་ཆགས་ས་ནི་ད་ཡོད་མཁར་རྫོང་གི་གཡས་ཕྱོགས་ཀྱི་རི་འབུར་དེའི་ཐོག་རེད་ཟེར། མུ་ཕྱི་རྒྱལ་པོ་ལ་མུ་ཕྱིས་དང་མི་ཕམ་བཅས་འབྲི་ཚུལ་མི་འདྲ་བ་འགའ་འདུག རྒྱལ་པོ་དེ་ནི་སྤྱི་ལོའི་སྔོན་གྱི་ལོ་ཉིས་བརྒྱ་ཉི་ཤུའི་སྐབས་ནས་གཡག་རྔ་ས་ཆར་གནས་བཅས་ཡོད་ཅིང་། ཆེས་དར་སྐབས་ད་ལྟའི་གཡག་རྔ་སོགས་རྫོང་ཁག་དྲུག་ཙམ་མངའ་འོག་ཏུ་ཚུད་ཡོད། སྔོན་ཆད་འགུ་ཐང་རྒྱལ་པོའང་དེའི་མངའ་འོག་ཡིན་པར་གྲགས། དེའི་རྒྱལ་རབས་ཡིག་ཐོག་ཏུ་བཀོད་ཡོད་པ་རྒྱལ་པོ་ནམ་མཁའ་ནོར་བུ་ནས་རྒྱལ་མཚན་རྡོ་རྗེའི་བར་ཏེ་སྤྱི་ལོ༡༣༧༣ནས༡༩༢༠བར་རྒྱལ་རབས་ཉི་ཤུ་རྩ་བརྒྱད་ཙམ་བྱུང་ཡོད། རྒྱལ་ས་ནི་ཐོག་མར་གཡག་རྔ་ནས་རིམ་བཞིན་ཡར་སྤོས་ནས་མཐར་པའོ་ཞུན་དུ་ཆགས་ཡོད།

གཡག་རྔ་གྲོང་ཁྱེར་གྱི་ཁོངས་སུ་བོད་པ་ཤང་ཞིག་ཡོད་པ་དེ་ལ་རབ་རྒྱས་ཤང་ངམ་གཡང་སྐྱིད་ཤང་ཟེར། ཤང་ཡོངས་ལ་ལྕང་ལོ་དང་དཀར་རི། ཚེ་དཀར། ལེགས་ལོ། རྒྱ་ལ་བཅས་གྲོང་སྡེ་ལྔ་འདུག གྲོང་མིང་དེ་ཚོ་ནི་བོད་སྐད་ཡིན་ཐག་ཆོད་མོད། ད་ལྟར་རྒྱུ་མཚན་ཤེས་མཁན་གཅིག་ཀྱང་མེད་པས་རྒྱ་ཡིག་གི་སྒྲ་གདངས་ལྟར་བྲིས་པ་ཡིན། སྐད་ནི་གྱ་གྱུ་རི་བོའི་ཚུར་ལོགས་སུ་གནས་པའི་བཙན་ལྷ་ཡུལ་གྱི་རྒྱལ་རོང་སྐད་དང་གཅིག་པ་རེད།

དགོན་པ་འདི་ནི་ཆོས་འཁོར་རབ་རྒྱས་གླིང་ཞེས་དགེ་ལུགས་པའི་དགོན་པ་ཞིག་རེད། ཤང་དེའི་མིང་ལ་རྒྱ་ཡིག་ནང་硗碛ཞེས་པ་ནི་རབ་རྒྱས་ཞེས་པའི་འགྱུར་ཡིག་མིན་ནམ་བསམས་ཀྱང་ལ་ལ་ཡིས་གཡང་སྐྱིད་ཅེས་པའི་སྒྲ་བསྒྱུར་རེད་ཟེར། དེ་ཡང་རྒྱུ་མཚན་མེད་པ་མིན་ཏེ་བོན་པོས་གཡང་ལ་ཧ་ཅང་དང་དོད་བྱས་པས་སོ།།

ཁྱུང་གི་སྒོ་ང་གཏོང་བ་ཞེས་པའི་རྩལ་རྩེད་འཁྲབ་པ་དེ་ནི་གནའ་སྔོན་མར་བྱ་རྒྱལ་ཁྱུང་གིས་མི་རྣམས་ལ་གནོད་པ་བྱེད་པའི་སྦྲུལ་ཞིག་རྩ་མེད་དུ་བཏང་བས་ཁྱུང་གི་བཀའ་དྲིན་རྗེས་དྲན་བྱེད་ཆེད་འཁྲབ་སྟོན་དེ་བཏོད་པ་དང་། ད་ལྟར་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ཁོངས་སུ་བཞག་འདུག དེ་ལས་ཀྱང་འདི་གའི་ཡུལ་མི་རྣམས་ནི་རྒྱལ་རོང་པའི་རྒྱུད་པ་ལས་མཆེད་པ་ཤེས་ཐུབ།

རབ་རྒྱས་ཤང་གི་ཚེ་དཀར་གྲོང་གི་ལམ་ལྟག་ན་མཁར་རྫོང་རྙིང་པ་ཞིག་ཡོད་པ་དེར་ཚང་མས་དགྲ་རྒྱག་པའི་མཁར་རྫོང་ཞེས་འབོད་ཀྱིན་འདུག རྩེག་ལྔ་ཅན་གྱི་མཁར་རྫོང་དེའི་རྩེག་གཉིས་པ་ཡན་ཆད་ཀྱི་ཕྱོགས་བཞིའི་རྩིག་ངོས་སུ་བོའུ་ཁུང་དང་མདའ་ཁུང་གསུམ་རེ་ཡོད་པས་དངོས་གནས་ཕྱིའི་དགྲ་བོ་དང་ཇག་པ་འགོག་སའི་མཁར་རྫོང་ཞིག་ཡིན་ཐག་ཆོད་རེད།

གྱ་གྱུ་རི་བོ་夹金山ནི་པའོ་ཞུན་རྫོང་གི་མངའ་ཁོངས་སུ་ཡོད་ལ་རབ་རྒྱས་ཤང་གི་གྲོང་སྡེ་རྣམས་རི་རྒྱུད་དེའི་འདབས་སུ་གནས་ཡོད། རི་བོ་དེ་ནི་གཡག་རྔ་ནས་རྔ་བ་ཁུལ་གྱི་བཙན་ལྷ་རྫོང་གི་ཕྱོགས་སུ་འགྲོ་དུས་བརྒལ་དགོས་པའི་ལ་མཐོན་པོ་དེ་རེད། ཀྲུང་གོའི་བཟོ་ཞིང་དམག་གིས་རྒྱང་བསྐྱོད་བྱེད་དུས་ཆེས་ཐོག་མར་བརྒྱབ་པའི་གངས་རི་མཐོན་པོ་དེ་རེད། རི་མཐོན་པོ་དེར་འགྲོ་ལམ་གཟར་ལ་གྱ་གྱུ་མང་བས་རྒྱ་ཡིག་ལས་夹金山ཞེས་པ་ནི་གྱ་གྱུ་རི་བོའི་སྒྲ་བསྒྱུར་མིན་ནམ་སྙམ་སྟེ་བོད་ཡིག་ཐོག་ནས་དེ་ལྟར་བྲིས་པ་ཡིན།