Jump to content

གཟུགས་སྟོང་པའོ་

ཡོང་ཁུངས་Wikipedia

གཟུགས་སྟོང་པའོ། ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་ནང་གི་གཙོ་བོའི་ཆོས་རྣམས་སྟོང་པ་ཉིད་དུ་བསྟན་པའི་ཚིག་གཅིག་ཡིན། གཟུགས་ཀྱི་ཕུང་པོ་ནི་རང་བཞིན་གྱིས་སྟོང་པ་ཞེས་པའི་དོན་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ལྟ་བ་བསྟན་པའི་དཔེ་དང་པོ་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

གཟུགས་ ཞེས་པ་ནི་ཕུང་པོ་ལྔའི་ནང་གི་དང་པོ་སྟེ། "འདི་ལྟ་སྟེ་གཟུགས་ཀྱི་ཕུང་པོའི་སྤྱིའི་མཚན་ཉིད་ནི་གཟུགས་སུ་རུང་བས་གཟུགས་སོ།"[] ཞེས་གསུངས། སྟོང་པ ཞེས་པ་ནི་རང་གི་ངོ་བོས་གྲུབ་པ་མེད་པའི་ངོ་བོ་སྟེ། "རང་བཞིན་གྱིས་སྟོང་ཞེས་པ་ནི་རང་ངོས་ནས་སྟེང་ཞེས་པ་ཡིན་པས་ཡུལ་གྱི་སྟེང་ནས་སམ་ཡུལ་གྱི་ངོས་ནས་མ་གྲུབ་པའི་དོན་ཡིན།"[]

མཚན་ཉིད།

[རྩོམ་སྒྲིག]

གཟུགས་སྟོང་པའོ་ཞེས་པའི་མཚན་ཉིད་ནི། གཟུགས་ཀྱི་ཕུང་པོ་རང་བཞིན་གྱིས་སྟོང་པ་ཞེས་པའོ། རོང་སྟོན་ཤེས་བྱ་ཀུན་རིག་གིས་ "གནས་ཚུལ་ལ་སྟོང་པ་ཉིད་ཡིན་ཡང་ཐ་སྙད་དུ་གཟུགས་ཀྱི་སྣང་བ་མ་འགག་པར་བློ་ལ་སྣང་བ་སྟེ། སྟོང་པ་ཉིད་གཟུགས་སོ་ཞེས་པའི་དོན་ནོ།"[] ཞེས་གསུངས།

ནང་དོན།

[རྩོམ་སྒྲིག]

ཚུལ་བཞི་ཡོད་པ། གཟུགས་སྟོང་པའོ་ཞེས་པའི་ནང་དོན་ལ་ཚུལ་བཞི་ཡོད་དེ།

གཟུགས་སྟོང་པའོ། - གཟུགས་ཀྱི་རང་གི་ངོ་བོས་སྟོང་པ་ཉིད། སྟོང་པ་ཉིད་གཟུགས་སོ། - སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་པ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། - གཟུགས་དང་སྟོང་པ་ཉིད་གཉིས་སུ་མེད་པ། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། - རང་གི་ངོ་བོ་གཅིག་པ།

ཆུ་ཟླའི་དཔེ། རོང་སྟོན་པས་ "འདི་ནི་ཆུ་ཟླའི་དཔེ་ཤེས་པར་བྱ་སྟེ། དཔེར་ན་ཆུ་ནང་དུ་ཟླ་བའི་གཟུགས་བརྙན་སྣང་བ་ན། ཆུ་ནང་དུ་ཟླ་བ་སྣང་ཙམ་མ་འགག་པར་ཡོད་པ་དང་། ཟླ་བ་སྣང་བའི་དུས་ནས་ཆུ་ནང་དུ་ཟླ་བར་ཡོད་མ་མྱོང་བ། ... དཔེ་དེ་བཞིན་དུ་གཟུགས་སུ་སྣང་བའི་དུས་ཉིད་ནས་གཟུགས་ཀྱི་རང་གི་ངོ་བོས་སྟོང་པ་སྟེ། འདི་ནི་གཟུགས་སྟོང་པའོ་ཞེས་པའི་དོན་ནོ།"[] ཞེས་གསུངས།

སྒོམ་ཚུལ།

[རྩོམ་སྒྲིག]

ཚོགས་སྦྱོར་གྱི་གནས་སྐབས། ཨ་ལག་ཤ་བསྟན་དར་གྱིས་ "སོ་སོ་སྐྱེ་བོ་རྣམས་གཟུགས་སོགས་ལ་ཆགས་ཏེ་འཁོར་བའི་མཐར་ལྟུང་བ་འགོག་ཆེད་དུ་གཟུགས་སྟོང་པའོ་ཞེས་གདམས་པ་ན། ཡང་འགའ་ཞིག་གིས་སྟོང་པ་ལ་ཆགས་ཏེ་ཞི་མཐར་ལྟུང་བ་འགོག་ཆེད་དུ་སྟོང་པ་ཉིད་གཟུགས་སོ་ཞེས་གདམས་པ་ཡིན།"[] ཞེས་གསུངས། མཐོང་ལམ་དུ་སྒོམ་ཚུལ། "སྟོང་པ་ཉིད་དང་མཚན་ཉིད་མེད་པ། མ་སྐྱེས་པ། མ་འགག་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ་ཞེས་པས་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ།"[] སོགས་ཀྱིས་སྒོམ་དགོས།

སྟོང་ཚུལ་ལྔ།

[རྩོམ་སྒྲིག]

ཨ་ལག་ཤ་བསྟན་དར་གྱིས་སྟོང་ཚུལ་ལྔ་བཤད་དེ།

སྔ་ནས་མེད་པའི་སྟོང་པ - འོ་མའི་དུས་ན་ཞོ་མེད་པ་ལྟ་བུ། ཞིག་ནས་མེད་པའི་སྟོང་པ - ཞོའི་དུས་ན་འོ་མ་མེད་པ་ལྟ་བུ། ཤིན་ཏུ་མེད་པའི་སྟོང་པ - ལྟོ་ལྡིར་བ་མེད་པའི་ས་ཕྱོགས་ན་བུམ་པ་མེད་པ་ལྟ་བུ། གཅིག་ལ་གཅིག་ཤོས་མེད་པའི་སྟོང་པ - བ་ལང་ལ་རྟ་མེད་པ་ལྟ་བུ། ངོ་བོ་ཉིད་ཀྱིས་སྟོང་པ - ཐོ་ཡོར་ལ་མིར་འཁྲུལ་པའི་ཚེ་དེ་ལ་མི་མེད་པ་ལྟ་བུ།

"སྐབས་འདིའི་སྟོང་ཚུལ་ཐ་མའི་སྟོང་ཚུལ་དང་གནད་གཅིག་པས།"[] ཞེས་གསུངས།

འགྲེལ་པ་མཁན་དམིགས་གནས།

[རྩོམ་སྒྲིག]

དྲི་མེད་བཤེས་གཉེན། "ཇི་སྟེ་ཡོད་པ་ཉིད་བཀག་པའི་ཕྱིར་མེད་པ་ཉིད་དུ་འགྱུར་རོ་ཞེ་ན། མེད་པ་ཉིད་དུ་བཀག་པའི་ཕྱིར་ཡོད་པ་ཉིད་དུ་ཡང་ཅིའི་ཕྱིར་མི་འགྱུར། གཉིས་སུ་མེད་པའི་ཤེས་པ་དོན་དམ་པར་ཡོད་པར་ཁས་ལེན་པ།"[] རོང་སྟོན་ཤེས་བྱ་ཀུན་རིག "གཟུགས་སུ་སྣང་བ་ཉིད་གཟུགས་ཀྱི་རང་གི་དངོས་པོ་སྟོང་པ་ཡིན་གྱི་དེ་ལས་ལོགས་སུ་གཟུགས་ཀྱི་སྟོང་པ་ཉིད་བཙལ་དུ་མེད་པས་ན་གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།"[] ཨ་ལག་ཤ་བསྟན་དར། "སེམས་ཙམ་པ་ལྟར་ན། གཟུགས་སུ་སྣང་བ་འདི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་རང་རིག་གོ། རང་རིག་དེ་ནི་གཟུགས་སུ་སྣང་བའོ། ... ཐལ་འགྱུར་པ་ལྟར་ན། གཟུགས་སུ་སྣང་བས་ན་མེད་པའོ། མེད་པས་ན་གཟུགས་སུ་སྣང་བའོ།"[༡༠]

ཕན་ཡོན།

[རྩོམ་སྒྲིག]

གཟུགས་སྟོང་པའོ་ཞེས་པའི་ལྟ་བ་རྟོགས་པའི་ཕན་ཡོན་ནི། "སེམས་ལ་སྒྲིབ་པ་མེད་ཅིང༌" ཞེས་པ་ནས་"མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ།"[༡༡] ཞེས་གསུངས་པ་ལྟར་ཕྱིན་ཅི་ལོག་ལས་འདས་ནས་མྱ་ངན་ལས་འདས་པ་ཐོབ་པའོ།།

  1. དྲི་མེད་བཤེས་གཉེན་གྱི་འགྲེལ་པ།
  2. ཨ་ལག་ཤ་བསྟན་དར།
  3. རོང་སྟོན་ཤེས་བྱ་ཀུན་རིག་གི་འགྲེལ་པ།
  4. རོང་སྟོན་ཤེས་བྱ་ཀུན་རིག་གི་འགྲེལ་པ།
  5. ཨ་ལག་ཤ་བསྟན་དར།
  6. ཨ་ལག་ཤ་བསྟན་དར།
  7. ཨ་ལག་ཤ་བསྟན་དར།
  8. དྲི་མེད་བཤེས་གཉེན་གྱི་འགྲེལ་པ།
  9. རོང་སྟོན་ཤེས་བྱ་ཀུན་རིག་གི་འགྲེལ་པ།
  10. ཨ་ལག་ཤ་བསྟན་དར།
  11. རོང་སྟོན་ཤེས་བྱ་ཀུན་རིག་གི་འགྲེལ་པ།