གཟི་

ཡོང་ཁུངས་Wikipedia

གཟི། གཟི་ནི་བོད་ཁ་བ་གངས་ཅན་པའི་ཡུལ་དུ་ཐོན་པའི་རིན་པོ་ཆེའི་རིགས་ཤིག་ཡིན། ཕལ་ཆེར་ལོ་ངོ་བཞི་སྟོང་གི་ལོ་རྒྱུས་ལྡན་ཡོད། ཆེས་ཐོག་མའི་གཟི་རིན་པོ་ཆེ་འདི་གངས་རིས་བསྐོར་བ་ཞང་ཞུང་གི་ཡུལ་དུ་དར་ནས་རིམ་པར་བོད་ཀྱི་ལྗོངས་ཡོངས་སུ་ཁྱབ། ལོ་ངོ་སྟོང་ཕྲག་གི་བརྒྱུད་རིམ་ནང་གཟི་རིན་པོ་ཆེ་འདིར་སྤུས་ཀ་ཇེ་ལེགས་དང་དགོས་པ་ཇེ་ཆེ། མཛེས་ཆ་ཇེ་བཟང་། བཟོ་དབྱིབས་ཇེ་མང་། རི་མོ་ཇེ་ཡག་གི་རྣམ་པ་རུ་འགྱུར་ཏེ། ཤིན་ཏུ་རྩིས་ཆེ་བ་རྙེད་དཀའ་བའི་རིན་པོ་ཆེ་དངོས་མ་ཞིག་ཏུ་ཆགས་ཡོད། འགྱུར་རིམ་གཞན་ཞིག་ནི་དགོས་པ་ཉིད་ནས་མཚོན་པའི་གཟི་རིན་པོ་ཆེ་འདི་མཆོད་པའི་རྫས་ནས་གཡང་ནོར། རྒྱན་ཆ་བཅས་སོ། ། གཟི་ཞེས་པའི་མིང་།

གཟི་ཞེས་པའི་མིང་འདི་ནི་ཤིན་ཏུ་བརྡ་རྙིང་པའི་ཞང་ཞུང་གི་སྐད་དོ། དོན་ནི་མཐོ་བ་དང་སྤ་དང་། སྟོབས་དང་སྤོབས་པ། རྒྱལ་བ་དང་བཙན་པ། བསོད་ནམས་དང་འབྱོར་བ་སོགས་གང་རུང་ལ་གོ་ཆོག དེ་མ་ཚད་པར་གཟི་ཞེ་ན་དཀར་ནག་ཅན་གྱི་རི་མོ་མིག་ལྟ་བུ་ལ་ཡང་གོ་ཆོག་ཅིང་། དེས་ན་གཟི་རིན་པོ་ཆེ་དང་སྦྲེལ་བའི་མིང་དུ་མ་ཞིག་ཀྱང་ནུས་པ་དང་ལྡན་པའི་མཚན་རྟགས་སུ་གྱུར་ཡོད། དཔེར་ན། གཟི་བརྗིད། གཟི་མདངས། གཟི་དཔལ། གཟི་འོད་བཅས་སོ། རྗེས་སོར་བོད་སྐད་དུ་གཟི་ཡི་མིང་དུ་གཟི་ལྡན། གཟི་སྟོབས། གཟི་ཆེན་ཞེས་འབོད་ཡོད། དེ་མིན་ཞང་ཞུང་གི་ཕྱོགས་མཐར་གནས་པའི་མི་རིགས་ཁག་ནས་ཀྱང་སྐད་འདི་ལས་མ་ཡོལ་བ་གཟི་དང་སི། ཟི། ཉི་ཟི་བཅས་སོ།

འདི་ལྟ་བུའི་རིན་པོ་ཆེ་འདི་ཉིད་ལོ་ངོ་བཞི་སྟོང་གི་གོང་རོལ་སྟོད་ཞང་ཞུང་གི་ཡུལ་དུ་ཐོག་མར་བྱུང་ཡོད། ཤིན་ཏུ་རིན་ཐང་གཞལ་བའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་གཏེར་རྡོ་ངོ་མཚར་བ་ཞིག་ལ་བཀོད་པ་སྣ་ཚོགས་འགོད་དེ་བསྐྲུན་པ་བྱེད། འདི་ནི་གདོང་དམར་བོད་རིགས་ཀྱི་མེས་པོ་མེས་མོ་རྣམས་ཀྱིས་བློ་རྩལ་དང་ལག་རྩལ་ལ་བརྟེན་ནས་བཟོས་གནང་བའི་རིན་པོ་ཆེ་ཐོག་མའི་གྲལ། མཆོང་གི་རྒྱུ་དང་ནུས་པ་ཕལ་ཆེར་མཐུན་པའི་གཟི་རྡོ་ནི་དཀོན་པ་དང་རྙེད་ཟོན་དཀའ་བ། བཟོ་དཀའ་བ་སོགས་ཀྱིས་རྐྱེན་པས་ལོ་ངོ་སྟོང་གི་ཡར་སྔོན་དུ་གང་རུང་ནས་འཐོབ་པར་དཀའ་བའི་གནས་ཚུལ་ཞིག ཆེས་སྔ་མའི་སྐབས་སུ་གཟི་ཞིག་ལག་ཏུ་ལོན་ཏེ་མཛེས་རྒྱན་ནམ་སྲུང་རྫས་ཀྱི་ཚབ་ཏུ་བྱེད་ཐུབ་ན་མི་དེ་ཡི་བསོད་ནམས་དང་རིན་ཐང་ཆེ་བ་མཚོན་ཐུབ་ཅིང་། རྒྱལ་པོ་སྲོང་བཙན་སྒམ་པོས་ཞང་ཞུང་མངའ་འོག་ཏུ་མ་བསྡུས་སྔོན་དུ་བོད་མིས་གཟི་གང་རུང་འདོགས་པའི་གོ་སྐབས་ཤིན་ཏུ་དཀོན། རིམ་པར་བོད་བཙན་པོས་ཞང་ཞུང་གི་ཡུལ་དེ་ཉིད་ཀྱི་མངའ་འོག་ཏུ་བསྡུས་ནས་རིན་པོ་ཆེ་གཟི་ཡི་གཏེར་སྒོ་ཡོངས་སུ་ཕྱེ་ནས་བོད་ཁམས་སུ་གཟི་ཡི་འགྱེད་ཀ་གནང་། ལོ་རྒྱུས་ཀྱི་བཤད་པ་འདི་ལྟ་བུ་རྗེས་སོར་གླིང་གེ་སར་རྒྱལ་པོའི་སྒྲུང་དུ་བཙུད་དེ་ཨ་གྲགས་གཟི་རྫོང་ཞེས་སོ།

གཟི་ཡི་འབྱུང་བ། ཆེས་སྔ་མོ་ཞང་ཞུང་གི་དུས་སུ་གཟི་གཙོ་བོར་བེད་སྤྱོད་གཏོང་མཁན་དེ་བྱ་རུ་ཅན་གྱི་ཞང་ཞུང་གི་རྒྱལ་པོ་དང་བློན་པོ། ཡང་ན་ཆོས་ལུགས་ཀྱི་ལས་བྱེད་པ་དག་ཡིན། འདི་དག་གིས་གཟི་རིན་པོ་ཆེ་ཆེད་དུ་བཟོས་པའི་དགོས་པ་དང་དམིགས་ཡུལ་ནི། རིན་པོ་ཆེ་འདི་ཉིད་མཛེས་རྒྱན་དང་སྲུང་རྫས། མཆོད་རྫས། གནང་རྫས་སོགས་ཡོང་བ་ལ་མེད་དུ་མི་རུང་བ་ཞིག་ཡིན། དེས་ན་ཞང་ཞུང་འོལ་མོ་ལུང་གི་རྒྱལ་པོས་གཟི་རྡོ་བཙལ་ཆོག་པའི་གནང་བ་སྤྲད་པ་དང་གཟི་བྱེད་མཁན་གྱི་བཟོ་པ་ཚོས་གཟའ་སྐར་ལེགས་ཤོས་དང་བསྟུན་ཏེ་ཤིན་ཏུ་ཐག་རིང་བའི་ས་ཕྱོགས་སུ་གཟི་རྡོ་སློང་། རིམ་པར་རྒྱལ་བློན་དང་མཆོད་དཔོན་དག་གིས་ཐུན་མིན་གྱི་དགོས་པ་འོག རི་མོ་སྣ་མིན་ཅན་གྱི་གཟི་དེ་མེ་ལ་བརྟེན་ཏེ་སྒྲུབ་གནང་ངོ་། གཟི་ཡི་བཟོ་པ་རྣམས་ཀྱིས་ཕ་མེས་ནས་བརྒྱུད་པའི་ལག་རྩལ་དེ་གཞུང་ས་ཁོ་ན་ལ་ཞབས་ཞུ་ཞུས་ཏེ་རྒྱལ་པོའི་བཀའ་ལྟར་ལོ་གཅིག་གི་ནང་གཟི་ག་ཚོད་དགོས་མིན་བཀའ་དང་བསྟུན་ཏེ་བཟོས་དགོས། ཁྱད་པར་དུ་གཟི་བཟོ་བའི་བརྒྱུད་རིམ་དེ་ཡང་ཤིན་ཏུ་གསང་བའི་ཐོག་ནས་གནང་བཞིན་ཡོད། དེ་མིན་གང་རུང་ནས་གཟི་བཟོ་བ་དང་རི་མོ་སོགས་གང་རུང་བཀོད་པ་རྩ་བ་ནས་མི་ཆོག་པ་ཞིག་ཡིན། ཡིན་ན་རྗེས་སོར་ལོ་རྒྱུས་ཀྱི་འགྱུར་བ་ནས་གཟི་བཟོ་བའི་ལག་རྩལ་དེ་དམངས་ཁྲོད་དུ་འགའ་རེ་ཁྱབ་སྟེ་རྒྱུ་ཆ་ཞན་ལ་རྣམ་པ་སྣ་ཚོགས་ཅན་གྱི་གཟི་མཚར་པོ་གང་མང་ཞིག་ཀྱང་དོན། གཡུང་དྲུང་གི་སྟོན་པ་གཤེན་རབ་མི་བོ་ཆེའི་སྐབས་སུ་ཞང་ཞུང་འོལ་མོ་ལུང་དུ་བཟོ་ལ་མཁྱེན་པ་རྫོགས་པའི་མཁས་དབང་སྲིད་རྗེ་འབྲང་དཀར་དང་བསྐོས་རྗེ་བྲང་དཀར། ཕྱ་རྗེ་རིང་དཀར། གར་མ་ལི་ཤོ་སོགས་དུ་མ་ཞིག་མཆིས། བཟོ་སྣ་སུམ་བརྒྱ་དྲུག་ཅུའི་རྣམ་བཞག་བསྟན་པས་འོལ་མོ་ལུང་གི་བཟོ་རྩལ་ཆེས་སྔ་བ་དང་ཕུན་སུམ་ཚོགས་པའི་སྐོར་ཅིག གཟི་ཕལ་ཆེ་གཟི་རྡོ་ངོས་སུ་ཕྱག་རྒྱ་སྣ་ཚོགས་བཀོད་དེ་མེ་རུ་འཇུག་སྟེ་བསྲེགས་བཅོས་བྱེད་པའི་རྩལ་དེ་རྒྱུ་རྐྱེན་སྣ་ཚོགས་ཞིག་གི་དབང་དུ་རིམ་པར་ཉམས་གུད་དུ་སོང་ནའང་། ཞང་ཞུང་རིག་པའི་མེ་བསྲེགས་ཅན་གྱི་ལག་རྩལ་ཕྱོགས་འགའ་མུ་མཐུད་དེ་དར་བས་རྗེས་སོར་གུ་གེའི་དཀར་ཡོལ་གུ་ཡོལ་གྲགས་ཆེན་པོ་དེ་དོན་པའི་གནས་ཚུལ་ཡང་ཡོད་འདུག

ཡང་ཡོངས་གྲགས་ཁ་བརྒྱུན་གྱི་བཤད་པ་ལྟར་ན། གཟི་རིན་པོ་ཆེ་འདི་མི་མ་ཡིན་གྱི་དངོས་རྫས་སུ་ངོས་འཛིན་གནང་སྟེ། གཟི་འདི་ངེས་མེད་ས་ཕྱོགས་ཁག་ཏུ་ཐོག་མར་རྙེད་དུས་ནོར་རྫས་གཞན་ལྟར་མ་ཡིན་པ་གསོན་པོའི་འབུ་ལྟར་འགྲོ་ཐུབ་པ། གཞི་ནས་མི་ཡིས་ཞྭ་ལྷམ་སོགས་འགེབས་པ་དང་གཟི་གསོན་པོ་དེ་ཤི་པོ་འདྲ་ཆགས་ཅིང་། དེ་ཡང་སྐབས་སྐབས་སུ་གཟི་འདི་བདག་འཛིན་ལེགས་པོ་མ་གནང་བར་གང་རུང་དུ་བཞག་ན་གཟི་རང་ཉིད་ས་སྤོས་པ་ལྟར་བོར་འགྲོ་བ། གང་ལྟར་གཟི་འདི་མི་མ་ཡིན་དང་ཡང་ན་གཟའ་ཡི་ནུས་པ་འཕོག་པའི་ནོར་བུ་ཞིག་ཏུ་ངོས་འཛིན་གནང་སྟེ་སྐྱེས་བུ་གང་རུང་གི་ལུས་སུ་འཆང་ན་ཤིན་ཏུ་ངོ་མཚར་བའི་ནུས་མཐུ་ཡང་ལྷན་དུ་རང་ལ་འཐོབ་ཅིང་། ལུས་བསྲུང་བགེགས་སེལ། གཡང་འཁོར་བཙོག་འགོག བསོད་སྟོབས་སོགས་འཕེལ་བར་གྲགས།

གཟི་ཆུ་མིག་དྲུག་པ[རྩོམ་སྒྲིག]

གཅིག

དེ་རིང་ངས་འདི་ནས་ཉེ་ཆར་རྒྱལ་སྤྱིའི་སྟེང་ལ་རིན་གོང་ཆེས་ཆེ་བའི་གཡང་གཟི་ཆུ་མིག་དྲུག་པའི་སྐོར་མདོ་ཙམ་གླེང་བར་བྱ།

སྤྱིར་བཤད་ན། གཟི་ཆུ་མིག་དྲུག་པ་ནི་གཟི་རིགས་ཁག་ལས་ཅུང་མང་ཤོས་ཀྱི་གྲས་ཡིན་ཡང་། འདི་ལ་དེ་འདྲའི་གོང་ཆེན་ཞིག་སྟེར་དགོས་པའི་རྒྱུ་རྐྱེན་ནི་གཟི་རང་སྟེང་གི་ཁྱད་ཆོས་ལས་གཞན་ད་དུང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དམིགས་བསལ་ཡོད་པ་བཅས་ལའང་འབྲེལ་བ་མངོན་གསལ་ཡོད་པས། ང་ཚོས་གཡང་གཟི་ཆུ་མིག་དྲུག་པ་འདི་མ་གླེང་གོང་དུ། ཐོག་མར་ལོ་འདི་དག་གི་སྐབས་སུ་གཟིའི་ཚོང་ར་དང་འབྲེལ་བའི་དོན་དག་ཁྱད་པར་ཅན་འགའ་ཡང་ཞོར་ནས་གླེང་བར་བྱ།

ཉེ་ལམ་གྱི་རྒྱལ་སྤྱིའི་ཚོང་རའི་ཁྲོད་གཟིའི་རིན་གོང་ནི་ད་དུང་མུ་མཐུད་དུ་ཇེ་མཐོ་རུ་འགྲོ་བཞིན་པ་རེད། དེ་ཡང་གཙོ་བོ་མང་ཤོས་ཀྱིས་གཟི་འདི་རིན་པོ་ཆེ་གཞན་དང་མི་མཚུངས་པའི་དམིགས་བསལ་ཞིག་ཡིན་པ་ངེས་ཤེས་རྙེད་པའི་རྐྱེན་གྱིས་ཡིན་པ་རེད། ཡིན་ནའང་། གཟི་གོང་འཕར་བ་དང་དུས་མཉམ་དུ་གཟི་དང་འབྲེལ་བའི་གནས་ཚུལ་དགོད་བྲོ་བ་རེ་གཉིས་ཀྱང་བྱུང་དང་འབྱུང་གིན་འདུག

དཔེར་ན། དེང་སང་གཟིའི་ལོ་རྒྱུས་དང་འབྱུང་ཁུངས་བཤད་པའི་སྐབས་སུ། གཟིའི་ཆེད་མཁས་པར་རློམ་པའི་ནང་ལོག་གི་མཁས་པ་ལ་ལས། བོད་ཀྱི་གཟི་ནི་རྒྱ་བཟའ་ཀོང་ཇོས་ཇོ་བོ་ཤཱཀྱ་མུ་ནེ་གདན་དྲངས་པ་དང་མཉམ་དུ། རྒྱ་ནག་ནས་ཁྱེར་འོང་བ་རེད་ཅེས་བཤད་ཡོད་པ་དང་། བཤད་ཚུལ་དེ་ལ་རྒྱ་མི་མང་པོ་ཞིག་གིས་ཡིད་ཆེས་བྱེད་ཀིན་ཡོད་པ་མ་ཟད། འབྲེལ་ཡོད་ལས་ཁུངས་དང་། བོད་ཀྱི་ཚོང་པ་གླེན་པ་སྐོར་ཞིག་གིས་ཀྱང་བདེན་པར་བཟུང་སྟེ་དེ་ལྟར་ཡིན་ཚུལ་གྱི་ལོ་རྒྱུས་སྐོར་ང་ལའང་སློབ་གསོ་གཏོང་གིན་འདུག སྤྱིར་བཤད་ན་ཁོ་ཚོ་ལའང་ཁག་མི་འདུག་སྙམ།

དེ་ཅི་ཡིན་ཞེ་ན། ང་ཚོའི་ལོ་རྒྱུས་ཡིག་ཚང་ཁག་ལས་ཇོ་བོ་ནི་རྒྱ་ནག་ནས་གདན་དྲངས་པར་བཤད་པ་དང་། དེ་ལ་བརྟེན་ནས་ཇོ་བོའི་དབུ་རྒྱན་དང་བྲང་རྒྱན་སྟེང་གི་གཟི་རྒྱན་རྣམས་ཀྱང་རྒྱ་ནག་ནས་ཁྱེར་འོང་བ་རེད་བསམ་ཡོད་པ་ནི་མངོན་སུམ་རེད། འོན་ཏེ། ཁོ་བོ་ཅག་གིས་ཇོ་བོའི་དབུ་རྒྱན་ནི་རྗེ་ཙོང་ཁ་པས་(1357___1419)གསར་དུ་བསྒྲོན་པ་ཞིག་དང་། དེའི་སྔོན་དུ་ཇོ་བོ་ལ་དབུ་རྒྱན་མེད་པའི་ལོ་རྒྱུས་སོགས་གཏན་ནས་ཤེས་ཀིན་མེད་ལ། ཤེས་ཀྱང་ཉན་འདོད་རྩ་བ་ནས་མེད་དོ།།


གཞན་ཉེ་ཆར་རྒྱལ་སྤྱིའི་ཚོང་རའི་ཁྲོད་གཟིའི་རིན་གོང་གློ་བུར་དུ་ལྡབ་འཕར་བྱུང་བ་ལ། ཕྱི་གླིང་པའི་མཁས་པ་རེ་གཉིས་ཀྱང་དེ་ལ་ཅུང་ཁེ་མཚར་དུ་བརྩིས་ནས་གཟི་ལ་ཞིབ་འཇུག་བྱེད་མཁན་མི་རེ་འགའ་བྱུང་ཡོད་པ་ནི་བདེན་ཡང་། མང་ཤོས་ཀྱིས་རྒྱུ་ཆ་དང་གྲུབ་ཆའི་རྫས་སྦྱོར་ལ་འཕྲུལ་ཆས་ཀྱི་དབྱེ་ཞིབ་བྱས་ཏེ་ཟིན་ཐོ་ཙམ་བཀོད་པ་ལས། ཐོག་མའི་ལག་རྩལ་དང་། གཟིའི་རྫས་སྦྱོར་གྱི་གྲུབ་ཆ་དང་། དེ་དག་དང་མིའི་ལུས་ཁམས་བར་ལ་ཕན་གནོད་གང་འདྲ་ཡོད་མེད་དང་། ལུས་སྲུང་གི་གནད་དང་། མཚོན་རྟགས་ཀྱི་ནུས་པ་སོགས་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་གང་ཡང་བྱུང་མེད། ཁོ་ཚོས་རགས་བསྡོམས་ཤིག་བྱས་པ་ནི། གཟིའི་འབྱུང་ཁུངས་དེ་ཨེ་ཇིབ་དང་། དེ་ནས་ཏ་ཟིག་སོགས་ནས་བོད་ལ་དར་བར་བཤད། དེ་ལ་ཤེས་མ་ཤེས་ཀུན་གྱིས་རྒྱུ་མཚན་མེད་པར་བདེན་སྣང་སྐྱེས་འདུག་གོ།།


གཉིས།


གཡང་གཟི་ཆུ་མིག་དྲུག་པ་འདི། དང་ཐོག་འབྲུག་རྒྱལ་པོ་གོང་མ་ཞིག་གི་གཟི་ཞགས་གྲས་ཀྱི་གཅིག་ཡིན་པར་བཤད་ལ། དེ་ནས་བླ་དཔོན་ཞིག་དང་བརྒྱུད་དེ་མི་དཔོན་ཆེན་པོ་གཞན་ཞིག་གིས་གཡང་རྟེན་དུ་ཉར་ཚགས་བྱས་པ་དང་། དེ་ནས་མིང་གསལ་བོར་ཤེས་སུ་མི་འཇུག་པའི་མི་ཆེན་ཞིག་གི་ལག་ནས་བོད་ཀྱི་ཚོང་པ་ཞིག་གིས་ཉོས། ཉོ་མཁན་དེ་ནི་སྡེ་དགེ་ཉི་དགའ་ཟེར་བ་དེ་རེད།

2011ལོར། སྡེ་དགེ་ཉི་དགའ་ཡིས་གཡང་གཟི་ཆུ་མིག་དྲུག་པ་འདི་ཉོས། དེ་དུས་གོང་ཚད་དམངས་སྒོར་ཁྲི་30་བྱིན་སྐད། ཟླ་གཅིག་གི་རྗེས་སུ་རྫོགས་ཆེན་ཟླ་སྲས་ཀྱིས་དམངས་སྒོར་ཁྲི་80་བྱིན་ནས་སྡེ་དགེ་ཉི་དགའ་ལག་ནས་ཉོས། ཉིན་དེར་རྫ་བ་དར་བློ་ཡིས་ཟླ་སྲས་ལག་ནས་དམངས་སྒོར་ཁྲི་130་བྱིན་ནས་ཉོས། ཉིན་བཅུ་ཙམ་གྱི་རྗེས་ནས་རྫ་པ་དར་བློ་ལག་ནས་འཇོ་མདའ་བསོད་འཛིན་གྱིས་དམངས་སྒོར་ཁྲི་150་བྱིན་ནས་ཉོས། ཟླ་གཅིག་གི་རྗེས་ནས་འཇོ་མདའ་བསོད་འཛིན་ལག་ནས་ཡུལ་ཤུལ་བརྟན་ཚེས་དམངས་སྒོར་ཁྲི་210་བྱིན་ནས་ཉོས།


2012ལོར་། ཟླ་བ་7་པའི་ནང་ལ་ཡུལ་ཤུལ་བརྟན་ཚེའི་ལག་ནས་འཇོ་མདའ་པདྨ་བསོད་ནམས་དབང་འདུས་ཀྱིས་དམངས་སྒོར་ཁྲི་550་བྱིན་ནས་ཉོས། ཕྱི་ཉིན་འཇོ་མདའ་པདྨ་བསོད་ནམས་དབང་འདུས་ལག་ནས་རྫོགས་ཆེན་ཟླ་སྲས་ཀྱིས་དམངས་སྒོར་ཁྲི་1300་བྱིན་ནས་ཉོས། ཉིན་བཅོ་ལྔའི་རྗེས་ནས་རྫོགས་ཆེན་ཟླ་སྲས་ལག་ནས་རྫོགས་ཆེན་ཐུབ་བསྟན་བློ་བཟང་གིས་དམངས་སྒོར་ཁྲི་3000་བྱིན་ནས་ཉོས།


2013་ལོར། རྫོགས་ཆེན་ཐུབ་བསྟན་ཟླ་བ་ལག་ནས་འཇོ་མདའ་པདྨ་དབང་འདུས་ལགས་ཀྱིས་དམངས་སྒོར་ཁྲི་3500་བྱིན་ནས་ཉོས།


2015་ལོར། འཇོ་མདའ་པདྨ་དབང་འདུས་ལག་ནས་སྒ་སྐྱེ་དགུ་མདོའི་གནའ་རྫས་ཉར་ཚགས་པ་(གཟི་བདག་གི་རེ་བ་ལྟར་མིང་དངོས་བཤད་མེད་)གྲགས་ཅན་ཞིག་གིས་དམངས་སྒོར་ཁྲི་40000་ལྷག་གི་རིན་གོང་སྤྲད་དེ་ཉོས།


2016་ལོར། སྤོས་ངད་གྲོང་ཁྱེར་དུ་སྒ་སྐྱེ་དགུ་མདོའི་གནའ་རྫས་ཉར་ཚགས་པ་གྲགས་ཅན་ཁོངདང་མཉམ་དུ་ཕྲན་ཚངས་དབང་པས་གཡང་གཟི་ཆུ་མིག་དྲུག་པ་དེ་ལ་དངོས་སུ་ཞིབ་འཇུག་དང་བརྟག་དཔྱད་བྱ་རྒྱུའི་སྐལ་བ་ལྡན།


གསུམ།


ད་ནི་གཡང་གཟི་ཆུ་མིག་དྲུག་པ་དེའི་ཁྱད་ཆོས་དང་ལོ་རྒྱུས་མདོར་བསྡུས་ཤིག་ཆེད་མངགས་ཀྱིས་བརྗོད་པར་བྱ།


ཐོག་མར་བོད་ཀྱི་ལོ་རྒྱུས་སྟེང་”བླ་གཟི་”དང་། “གཏེར་གཟི་”། “གཡང་གཟི་”བྱ་བའི་སྐབས་སུ། གོ་དོན་ཁྱད་པར་བ་ཡོད་པས། སྤྱིར་བཏང་གི་གཟི་དང་མི་འདྲ་སྟེ།


དཔེར་ན། བླ་གཟི་བྱ་བ་ནི་སྐྱེ་བོ་ག་གེ་མོའི་བླ་དང་འབྲེལ་བའི་གཟི་ཡིན་པས་ན་བླ་གཟི་ཟེར་ལ།


གཏེར་གཟི་ནི། བླ་མ་གཏེར་སྟོན་པས་གཏེར་ནས་བཏོན་པའི་གཏེར་རྫས་ཀྱི་རིགས་ཡིན་པས་གཏེར་གཟི་ཞེས་བྱ།


གཡང་གཟི་ནི། མི་རབས་བདུན་གྱི་རིང་ལ་ཁྱིམ་བརྒྱུད་གཅིག་ལ་བཀྲ་མི་ཤེས་པའི་ན་ཚ་དང་གོད་ཆགས་གང་ཡང་མ་བྱུང་བར། ལོ་རེ་ནས་ལོ་རེར་བུ་རབས་ཚ་བརྒྱུད་འཕེལ་ཞིང་། སྟོབས་འབྱོར་མངའ་ཐང་དར་བའི་གཡང་རྟེན་གྱི་གཟི་ལ་ནི་གཡང་གཟི་ཞེས་བཤད་པ་ཡིན་ནོ།།


གཡང་གཟི་ཆུ་མིག་དྲུག་པ་ནི། གཡང་གཟི་རྣམས་ལས་དམིགས་བསལ་གྱི་གཡང་གཟི་ཞིག་རེད། དེ་ཅི་ལྟར་ཤེས་ཟེར་ན། ཐོག་མར་གཡང་གཟི་ཆུ་མིག་དྲུག་པ་འདི་འབྲུག་རྒྱལ་པོའི་ཁྱིམ་བརྒྱུད་དང་འབྲེལ་བ་ཡོད་པ་དང་། གཞན་གཡང་གཟི་འདི་ནི། གཡང་གཟི་ཀུན་ལས་རྣམ་པར་རྒྱལ་བའི་ཁྱད་ཆོས་མངའ་བ་དེའོ།། གཤམ་དུ་ངས་གཡང་གཟི་ཆུ་མིག་དྲུག་པའི་ཁྱད་ཆོས་དེ་”རྒྱུ་མདོག་དབྱིབས་རྣམ་”བཅས་བཞིའི་སྟེང་ནས་བསྡོམས་ཚིག་ཅིག་འཇོག་འདོད་ཡོད།


གཅིག “རྒྱུ་མདོག་དབྱིབས་རྣམ་”ལས་རྒྱུ་ནི། རྒྱུ་ཆ་ལ་བཤད་པ་ཡིན། གཟིའི་ཆེད་ལས་ཞིབ་འཇུག་པ་དང་། གཟི་ཉར་ཚགས་པ། གཟི་ཚོང་པ་གྲགས་ཅན་རྣམས་ཀྱིས་ཤེས་པ་ལྟར། སྤྱིར་བཏང་གཟིའི་རྒྱུ་ཆ་ལ་རིགས་མང་པོ་ཡོད་དེ། གཏེར་རྡོ་དང་། གཟི་རྡོ། གཡང་ཊི། མ་ནུ་ཧོ། མཆོང་། རྡོ། རྭ། རུས་པ། བ་སོ། ཤིང་རིགས་སྣ་ཚོགས་བཅས་མང་ངོ་།། འདི་ནི་གཟི་རྡོའི་རིགས་ལས་མཆོག་དང་རབ་ཡིན་པ་དེའོ།།


གཉིས། “རྒྱུ་མདོག་དབྱིབས་རྣམ་”ལས་མདོག་ནི། གཡང་གཟི་འདིའི་ཚོས་གཞིའམ་ཁ་དོག་ལ་བཤད་པ་ཡིན། གཡང་གཟི་ཆུ་མིག་དྲུག་པ་འདིའི་ཚོས་གཞི་ནི་ཉེ་ཆར་མཐོང་བའི་གཡང་གཟི་རྣམས་ལས་ཚོས་གཞི་ཆེས་ཡག་ཤོས་དེ་ཡིན། གཟིའི་ཚོས་གཞིའམ་ཁ་དོག་ནི་གཟི་སྤུས་ལེགས་ཡིན་མིན་གྱི་གཙོ་བོ་གཅིག་ཡིན་ལ། གཟི་རྒྱུ་བཟང་ཡང་ཚོས་གཞི་ཡག་པོ་མིན་ན་གཟི་ཡག་ཤེས་ལ་མི་བརྩི་བ་ནི་གཟིའི་ཤེས་བྱ་ཅུང་ཟད་ཡོད་མཁན་ཀུན་གྱིས་ཤེས་གསལ་ལྟར་རེད། དེས་ན་གཡང་གཟི་འདིའི་ཚོས་གཞི་ནི་གཟི་མཆོག་རྣམས་ལས་རྩེ་གྲའི་རིགས་ཡིན་ནོ།།


གསུམ། “རྒྱུ་མདོག་དབྱིབས་རྣམ་”ལས་དབྱིབས་ནི། གཟི་དབྱིབས་ལ་གོ་བ་དང་། གཟི་དབྱིབས་ཀྱི་བཟང་ངན་ནི་གཟི་མཆོག་ཅིག་ལ་མཚོན་ན། སྤུས་ལེགས་ཡིན་མིན་གྱི་གྲུབ་ཆ་གཙོ་བོ་གཅིག་ཡིན་ནོ།། བོད་དང་འབྲུག་ཡུལ། ལ་དྭགས་སོགས་སུ་གཟི་དབྱིབས་ལ་རྒྱགས་རིད་དང་སྦོམ་ཕྲ་སོགས་ཀྱི་དབྱེ་བ་བྱས་པ་ལ་བརྟེན་ནས། གཟི་ལ་ཕོ་མོ་མ་ནིང་གི་དབྱེ་བ་ཡོད་ཅིང་། གཡང་གཟི་འདི་ནི། སྦོམ་ཕྲ་ལ་བལྟས་ན་ཕོ་གཟིའི་ཁོངས་སུ་གཏོགས་ལ། རིང་ཐུང་ལ་བལྟས་ན་མོ་གཟིའི་ཁོངས་གཏོགས་པས་དོན་དུ་ཕོ་མོ་ཟུང་འབྲེལ་དང་། ཐབས་ཤེས་ཟུང་འབྲེལ། གནམ་ས་ཁ་སྤྲོད་བཅས་ཀྱི་ཁྱད་ཆོས་ལྷན་སྐྱེས་ནས་འཛོམས་ཡོད་པ་ཞིག་རེད་དོ།།


བཞི། “རྒྱུ་མདོག་དབྱིབས་རྣམ་”ལས་རྣམ་ནི་གཟིའི་རྣམ་པ་ལ་གོ་སྟེ། གཙོ་བོ་གཟི་རིས་ལ་བཤད་པ་ཡིན། གཟི་རིས་ནི་གཟིའི་རིག་གནས་ཀྱི་གསང་བ་མཚོན་བྱེད་ཉག་ཅིག་ཡིན་ལ། གཟིའི་ཐོབ་ཐང་དང་། གཟི་རབ་ཡིན་མིན་སོགས་ཀྱི་གནས་བབ་ཀྱང་འདིའི་སྟེང་ནས་བཤད་པ་ཡིན་པས་ཤིན་ཏུ་གལ་ཆེ། གཡང་གཟི་འདིའི་གཟི་རིས་ནི་ཡོངས་གྲགས་སུ་”ཆུ་མིག་དྲུག་པ་”དང་། ཡང་ན་”དྲུག་པ་གྲ་ཚང་”ཡང་ཟེར། དོན་དུ་འདི་ལ་གནམ་ས་ཁ་སྤྲོད་ཆ་གཅིག་དང་། ཉི་ཟླ་ཁ་སྤྲོད་ཆ་གཉིས། ཁྱུང་རྭ་ཆ་གཉིས། རྒྱ་གྲམ་ཆ་གཅིག ཆོས་འབྱུང་ཆ་གཅིག་བཅས་ཀྱི་གནད་ཀ་མངོན་གསལ་གྱིས་གྲུབ་ཡོད། མདོར་ན། གཡང་གཟི་འདི་ནི་གཟི་རིགས་སྤུས་ལེགས་ཁག་ལས་”རྒྱུ་མདོག་དབྱིབས་རྣམ་”བཞིའི་ཁྱད་ཆོས་ཚང་མ་འཛོམས་ཡོད་པ་ཞིག་རེད་པས་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་པ་བཤད་མ་དགོས་སོ།།


བཞི།


གཡང་གཟི་ཆུ་མིག་དྲུག་པ་གཅིག་ལ་དམངས་སྒོར་ཁྲི་4000་བྱིན་པའི་ལོ་རྒྱུས་སྐོར་ངས་བོད་ཀྱི་ཤེས་ལྡན་པ་སྐོར་ཞིག་ལ་བཤད་པ་ཡིན། ཁོ་ཚོས་གཡང་གཟི་འདིའི་རིན་པ་བོད་ཀྱི་རིག་གནས་ཀྱི་ལས་ཀ་ཞིག་གཉེར་ཐུབ་ན་ཅི་འདྲའི་བྱ་བ་བཟང་པོ་ཞིག་རེད་དམ་ཟེར། ངས་དོན་དག་སོ་སོ་རེད་ཅེས་ལན་བཏབ་པ་ཡིན།

ལར་བོད་ཀྱི་སྤྱི་ཚོགས་ཁྲོད་དུ། “གནའ་རྫས་ཉར་ཚགས་པ་”ཞེས་པ་དང་། “ཁེ་ལས་པ་”བྱ་བའི་གོ་དོན་དེ་ལ། རང་རེ་ལ་རྒྱུས་ཆེ་བའི་”མཁན་པོ་”དང་། “དགེ་རྒན་ཆེན་མོ་”ནང་བཞིན་གོ་དོན་ཁྱད་པར་བ་ཡོད་པ་དེ་ཤེས་མཁན་ཉུང་ཉུང་རེད།


ཤེས་རིག་དང་སྟོབས་འབྱོར་མངའ་ཐང་དར་བའི་རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་དེ་དག་ལ་ཕུན་སུམ་ཚོགས་པའི་རིག་དངོས་ཀྱི་ཤུལ་བཞག་ཡོད། ཕུན་སུམ་ཚོགས་པའི་རིག་གནས་ཡོད་པའི་མི་རིགས་དེ་ལ་ཉར་ཚགས་བྱེད་འོས་པའི་རིན་ཐང་ཅན་གྱི་གནའ་རྫས་དང་རིག་དངོས་ཡོད། གནའ་རྫས་རིག་དངོས་ཡོད་ན་དེ་ལ་སྲུང་སྐྱོབ་བྱེད་མཁན་གྱི་”ཉར་ཚགས་པ་”གྲགས་ཅན་བྱུང་དང་འབྱུང་བ་ནི། དཔལ་ཡོན་དར་བའི་རྒྱལ་ཁབ་སོ་སོའི་གནས་བབ་ཚང་མ་གཅིག་ཡིན་ནོ།།


ནང་ལོག་གི་”དཀར་ཡོལ་”དང་། “གུ་གུ་ཤའི་བུམ་པ་”གཅིག་ལའང་དམངས་སྒོར་དུང་ཕྱུར་ཡན་གྱི་རིན་གོང་ཁུག་ན། བོད་ཀྱི་རིན་ཆེན་ནོར་བུ་སྟེ་”གཡང་གཟི་”ཞིག་ལ་དམངས་སྒོར་ཁྲི་4000་བྱིན་ན་མི་ཆོག་པ་ག་ལ་ཡོད། ཕྲན་ནི་ལོ་ངོ་དུ་མར་གཟི་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པའི་ཆ་ནས། གཡང་གཟི་འདིའི་རིན་གོང་ལ་དམངས་སྒོར་ཁྲི་4000་ནི་ད་དུང་དམའ་རིམ་ཞིག་ཡིན་པ་ལས། ཚད་མཐོ་ཤོས་ཀྱི་གོང་ཚད་དེ་རེད་བསམ་གིན་མེད། ལར་བཤད་ན། བོད་ཡུལ་དུ་གཟིའི་རིན་གོང་ནི་གནའ་དུས་ནས་བྱུང་བའི་གནས་ཚུལ་ཙམ་ལས་ད་ལྟ་གསར་དུ་བྱུང་བ་དེ་འདྲ་མ་རེད།


ངས་འདིར་སྔོན་གྱི་དུས་སུ་གཟིའི་རིན་ཐང་ལ་གང་འདྲ་ཞིག་བརྩི་ཐང་ཡོད་མེད་སྐོར་ལོ་རྒྱུས་མདོར་བསྡུས་ཤིག་བཤད་དེ། སྔོན་ས་སྐྱའི་འཁོན་དཀོན་མཆོག་རྒྱལ་པོས་(1034___1102)བླ་ཆེན་འབྲོག་མི་ལོ་ཙཱ་བ་(993___1074)དང་མཇལ་སྐབས། “གདམས་ངག་ཞུ་བར་དགོངས་ཏེ་ཡུལ་དུ་བྱོན། གཡང་ལུང་འཇག་གཤོངས་ཀྱི་ཞིང་བཙོང་པར་འོས་པ་བཙོངས། ལྷག་མ་རྣམས་དགེ་འདུན་འཕྲད་པ་ཕུལ་ནས། ད་ལྟ་ཡང་གནས་ཆུང་ཡོད་དོ།། བཙོངས་པའི་རིན་རྟ་བླ་ཁལ་འོག་ཁལ་བཅུ་བདུན་ཙམ་བྱུང་ནས། དེ་རྣམས་འཁྱེར་ཏེ། བླ་ཆེན་ལ་ཕུལ་བས། བླ་ཆེན་གྱི་ཞལ་ནས་རྟ་འདི་རྣམས་ལ་ང་ལ་རྩ་རིན་མེད་གསུངས་ནས་མ་བཞེས་སྐད་ལ། གཟི་འཕྲེང་བཟང་པོ་གཅིག་ཕུལ་ནས་རྩ་རིན་འདི་ལ་མཛད་པར་ཞུ་བྱས་པས། བླ་ཆེན་གྱི་ཞལ་ནས། འདི་ལ་ཤགས་མེད་གསུང་ནས་བཞེས་སྐད། ” ཞེས་གསལ།


གོང་འཁོད་ཀྱི་ནང་དོན་ལས་ང་ཚོས་གསལ་བོར་ཤེས་ཐུབ་པ་ཞིག་ནི། འཁོན་དཀོན་མཆོག་རྒྱལ་པོས་བླ་ཆེན་འབྲོག་མི་ལ་ཆོས་ཞུ་རྒྱུའི་ཆེད་དུ། རང་གི་ཞིང་ས་བཙོངས་ནས་དེའི་རིན་པ་རྟ་དང་ཁལ་བཅུ་བདུན་གྱི་ནོར་རྫས་ཁྱེར་ནས་འབུལ་བ་བཅགས་པ་ལ། བླ་ཆེན་འབྲོག་མིས་མ་བཞེས་ཀྱང་། དེ་ནས་གཟི་ཞགས་གཅིག་ཕུལ་བ་ན་བཞེས་ཞེས་པའི་ནང་དོན་རེད། དེས་ན་ང་ཚོས་གོང་གི་ནང་དོན་དེ་ལས་དུས་རབས་བཅུ་གཅིག་པའི་སྐབས་སུ། བོད་ཀྱི་བླ་ཆེན་ཚོས་གཟི་ལ་རིན་ཐང་ཆེ་བར་བརྩི་བའི་གནས་ཚུལ་གང་འདྲ་ཡིན་པ་ཤེས་ཐུབ་ལ། དེ་དུས་ཀྱི་རིན་གོང་ཡང་ག་ཚོད་ཡིན་པ་སྤྱི་ཙམ་ཤེས་ཐུབ་པ་དེའོ།།


ཉེ་དུས་སུ། དིལ་མགོ་མཁྱེན་བརྩེ་རིན་པོ་དང་། རྗེ་ཤར་གདོང་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་ཁ་ཅིག་གིས་གཟི་ལ་དམིགས་བསལ་གྱི་རྩིས་ཐང་ཆེ་བ་བཅས་ལ་བརྟེན་ནས་རིམ་གྱིས་ཐེ་ཝན་དང་། ནང་ལོག་གི་སྦྱིན་བདག་ཆེན་པོ་དང་། འཁྲབ་སྟོན་པ་གྲགས་ཅན་རྣམས་ཀྱིས་ཀྱང་གཟི་ལ་དགའ་ཞིང་ཉར་ཚགས་བྱེད་མཁན་ཡང་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་སོང་བ་རེད། དེ་ནས་འབྲུག་རྒྱལ་པོ་དང་རྒྱལ་མོ་གཉིས་ཀྱིས་གཟི་ཞགས་དང་ཁ་མི་འབྲལ་བ་ལྟ་བུས་རྒྱུན་དུ་སྐུ་ལུས་ལ་འཆང་བ་དེས་ཀྱང་འཛམ་གླིང་གི་སྐྱེ་བོ་དུ་མ་ཞིག་ལ་ཤུགས་རྐྱེན་མི་དམན་པ་བཞག་པ་དང་། དེང་སང་འཛམ་གླིང་སྟེང་ལ་གཟི་ཤེས་ཤེས་མཁན་ཇེ་མང་དུ་འགྲོ་བ་དང་མཉམ་དུ། གཟིའི་རིག་གནས་དང་འབྲེལ་བའི་ཧི་མ་ལ་ཡའི་ཤེས་རིག་གཞན་དག་ལའང་དགའ་བོ་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་ནི་ང་ཚོས་དགའ་འོས་པ་ཞིག་རེད་འདོད་དོ།།

"https://bo.wikipedia.org/w/index.php?title=གཟི་&oldid=134075"ལས་སླར་རྙེད་སོང།