གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་

ཡོང་ཁུངས་Wikipedia

སྐྱབས་རྗེ་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མའི་རྣམ་ཐར་བསྡུས་པ། རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོ་སྟེ། ཕྱི་ལོ་1943ལོར་མི་ཉག་ལྷ་སྒང་དང་ཉེ་བའི་ཆར་ཡབ་ཉི་མ་འོད་ཟེར་དང་། ཡུམ་རྒྱལ་རོང་རྫོང་འགག་པ་རིན་ཆེན་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཡབ་ཉི་མ་འོད་ཟེར་ནི་རྒྱ་ནག་གི་མི་རིགས་ཡིན་ལ་རུས་ནི་ཡང་ངམ་དབྱང་ཡིན། དེ་ཡང་གོ་ཐོས་ལྟར་ན། ཡབ་ཉི་མ་འོད་ཟེར་ནི་རྒྱའི་དམག་མིའི་གྲས་ཡིན་ལ། ཐོབ་གོ་ས་ཅན་ཞིག་ཀྱང་ཡིན་པར་གྲགས། སྐབས་ཞིག་གོང་རིམ་གྱི་བཀའ་ལྟར་ཁམས་དཀར་མཛེས་རྫོང་གི་ཡུལ་ཕྱོགས་སུ་ཕེབས། ནམ་ཞིག་ན་ཆོས་དང་དགོན་པ་གཏོར་བཤིག་བྱེད་པའི་ལས་ངན་པ་ལ་མི་འདོད་བཞིན་ཞུགས་དགོས་པའི་ཚུལ་ཤེས་པ་ན། དེ་ལ་ཞུགས་མ་འདོད་པར་གསང་ཐབས་ཀྱིས་དམངས་ཁྲོད་དུ་བྲོས་ཞིང་གབ་ཏེ་བསྡད། དེ་ནས་ཡུམ་རིན་ཆེན་ལྷ་མོ་དང་འཕྲད་དེ་ཁྱིམ་ཕུབས་པ་ཡིན་ཞེས་གྲགས། སྔོན་ཞིག་རྗེ་ཉིད་ཀྱི་སྐུ་ཕྲེང་དང་པོ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་མཆོག་གིས་ལྷ་སྒང་དགོན་པའི་བླ་མ་ཞིག་ལ་འདི་རྩ་ཆེན་ཞིག་ཡིན་ཞེས་རྡོའི་སྒྲོམ་བུ་ཞིག་གནང་། བླ་མ་དེས་རྡོ་ཞིག་ལ་རྩ་ཆེ་རྒྱུ་ཅི་ལ་ཡོད་ཞེས་ཞུས་པས་རྟེན་འབྲེལ་ཅུང་མ་འགྲིགས། མདོ་མཁྱེན་བརྩེ་རིན་པོ་ཆེས་དེས་ན་འདི་ལྟར་བགྱི་ཞེས་སྒྲོམ་བུ་དེ་ནམ་མཁའི་མཐོངས་སུ་འཕངས། ཕྱིས་མཆོག་སྤྲུལ་རིན་པོ་ཆེ་དགུང་ལོ་གསུམ་ཙམ་གྱི་སྐབས་ཞིག་ལ་རྡོ་ཕུང་ཞིག་ལས་རྡོའི་སྒྲོམ་བུ་ཞིག་ཕྱག་ཏུ་བསྣམས་ཏེ་འཁྱེར་ཡོང་བ་ན། ཕ་མ་གཉིས་ནས་ཇི་ལྟར་བསྐུལ་ཡང་པང་དུ་དམ་པོར་བཟུང་ཏེ་འདོར་མ་འདོད་པར་བཤུམས་པ་མཛད། ཡབ་ལ་རྡོ་སྒྲོམ་གཅོག་ཏུ་བཅུག་པས་ནང་ནས་ཟངས་རག་གི་ཁྱུང་སྐུ་རང་བྱོན་ཞིག་བྱུང་བ་ཕྱོགས་དེའི་ཡུལ་མི་ཀུན་ལ་རླུང་ལྟར་གྲགས། མི་རིང་བར་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་བཞུགས་སྒར་མུར་ཧ་ལྕུམ་ལུང་དགོན་པ་དང་ལྷ་སྒང་དགོན་པ་གཉིས་ཀྱིས་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་རྣམ་རོལ་ཨ་ལགས་གཟན་དཀར་རིན་པོ་ཆེའི་ཡང་སྲིད་དུ་ངེས་འཛིན་དང་སྐུ་བདག་བགྱིས། དགུང་ལོ་ལྔ་ཙམ་གྱི་ཐོག་ཡོངས་འཛིན་གང་སུ་ཞིག་འོས་པ་ལ། གངས་དཀར་སྤྲུལ་སྐུ་སོགས་བླ་མ་བཅུ་གསུམ་ལ་བརྟག་རིལ་འཕང་པ་ན། སྐུ་ཚེ་གང་པོར་བསྙེན་བསྒྲུབ་ཁོ་ན་ལ་བརྩོན་པའི་བླ་མ་ཨོ་རྒྱན་རང་གྲོལ་ཉིད་ལ་བབས་པས་ཁོང་ཡོངས་འཛིན་དུ་བསྟེན་ཏེ་ཀློག་བསླབ། དགུང་ལོ་བཅུ་གསུམ་སྟེང་གྲུབ་ཆེན་དགོན་དུ་ཕེབས་ཏེ་ལོ་གསུམ་ཙམ་བཞུགས། འབའ་འདའི་བསྡུས་གྲྭ་གྲུབ་ཆེན་དུ་གསན། རྫོགས་ཆེན་དགོན་ལ་ཐེངས་གཉིས་ཕེབས། སྔ་ཕྱི་གཉིས་ཀ་སྡོམ་པའི་ལོ་གཅིག་ཙམ་བཞུགས། རྫོང་སར་དགོན་དུ་ཟླ་གསུམ་ཙམ་བཞུགས། དགུང་ལོ་དྲུག་བདུན་ཙམ་ལ་མདོ་ཆེན་ཨ་ཁོ་རི་ནས་བླ་མ་རིག་བསྟན་མདུན་ཡེ་ཤེས་བླ་མ་ཞུས། དེ་ངས་མི་དྲན་གི་གསུངས། དགུང་ལོ་བརྒྱད་སྟེང་མུར་ཧ་ནས་བླ་མ་ཨ་བུའི་མདུན་ཡེ་ཤེས་བླ་མ་ཞུས། རྫོགས་ཆེན་ཚེ་རིང་ལྗོངས་ནས་དགུན་གཅིག་བཞུགས། རྫོགས་ཆེན་རིན་པོ་ཆེའི་མདུན་འདོད་འཇོའི་བུམ་བཟང་། སྙིང་ཐིག་དུམ་གཉིས་ལུང་དང་བཅས། མཁན་འཇིགས་མེད་ཡོན་ཏན་མགོན་པོའི་མདུན་ཕལ་ཆེར་ཟླ་བ་གཅིག་ཙམ་ལ་ཡེ་ཤེས་བླ་མའི་ཁྲིད། ཕུར་པ་རྒྱུད་ལུགས་དབང་། མཛོད་བདུན་ཁྲིད་ལུང་བཅས་གསན། དགུང་ལོ་བཅུ་དང་བཅུ་གཅིག་སྟེང་། དགེ་རྒྱས་རྫོགས་ཆེན་དགོན་གྱི་དཔོན་གཡོག་འགས་ཞུས་པའི་སྐབས་འབྲུག་པ་སྐུ་ཆེན་མདུན། སྙིང་ཐིག་དུམ་གཉིས་ཀྱི་དབང་། ཡ་བཞིའི་དབང་། འདུས་པ་མདོ་དབང་། མཁན་ཆེན་པདྨ་ཚེ་དབང་མདུན་སྡོམ་གསུམ་རྣམ་ངེས། མཁན་ངག་དབང་ནོར་བུའི་མདུན་སྙན་ངག་གསན། རྫོགས་ཆེན་བླ་མ་བཀྲ་ཤིས་དབང་ཕྱུག་ལས་རོང་ཟོམ་གསུང་འབུམ་གྱི་ལུང་གསན། སྤྱི་ལོ1978ནས་བོད་རྒྱ་ཚིག་མཛོད་ཆེན་པོ་རྩོམ་སྒྲིག་མཛད་པའི་ཕྱག་ལས་ལ་ཞུགས་ནས་བཟུང་དངོས་སམ་བརྒྱུད་པའི་སྒོ་ནས་གཞན་ཕན་གྱི་ཕྲིན་ལས་རླབས་པོ་ཆེ་སྐྱོང་བའི་དབུ་ཚུགས་པའོ། ། མཆོག་སྤྲུལ་རིན་པོ་ཆེའི་ཐུགས་བསྐྱེད་ལས་སྤྱི་ལོ1981ལ་སྡེ་དགེ་ཁོངས་རྫོགས་ཆེན་ཤྲཱི་སེངྷ་ཞེས་པའི་གནས་མཆོག་ཏུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཚུགས། བོད་ཀྱི་རིག་པའི་གནས་ལྔར་བྱང་ཆུབ་པའི་མཁས་པ་མི་ཉུང་བ་ཞིག་གསོ་སྐྱོང་མཛད། ཁྲིན་ཏུ་གྲོང་ཁྱེར་ནས་བཀའ་བསྟན་དཔེ་སྡུར་ཁང་གི་དབུ་འཛིན་གཞོན་པའི་ཐུགས་འགན་བཞེས། བཀའ་བསྟན་བོད་དུ་འགྱུར་རོ་ཅོག་གི་པར་གཞི་མི་འདྲ་བ་རྣམས་བསགས་ཏེ་དཔེ་སྡུར་ལེགས་པར་གྲུབ་ནས་དཔེ་སྐྲུན་ཞུ་ཐུབ་པ་བྱུང་བས། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་སྲི་ཞུ་བླ་ན་མེད་པ་གྲུབ། བོད་ཡུལ་སྟོད་སྨད་ཀུན་ཏུ་ཕེབས་ནས་གྲུབ་མཐའ་རིས་སུ་མ་ཆད་པའི་དཔེ་རྙིང་རྒྱུན་ཆད་ལ་ཉེ་བ་རྣམས་དེང་རབས་ཀྱི་འཕྲུལ་རྩལ་ལ་བརྟེན་ཏེ་བསྡུ་རུབ་ལེགས་སྒྲིག་དཔེ་སྐྲུན་གྱི་སྒོ་ནས་མྱུར་སྐྱོབ་རྒྱུན་འཛིན་མཛད་བཞིན་པའོ། ། དམ་པ་གང་སྔ་ཕྱིའི་དུས་མ་ངེས་པ་རྣམས་སུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་པོ། བཀའ་བསྟན་དཔེ་སྡུར་ཁང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་པོ་སོགས་སུ་ཕེབས་ཏེ་སློབ་ཁྲིད་གནང་། སྤྱི་ལོ1984ལོར་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་དུ་ལས་གནས་སྤོས། སྔ་གཞུག་ཏུ་རྫ་དཔལ་སྤྲུལ་གྱི་གསུང་འབུམ་དང་རྣམ་ཐར། བོད་ཀྱི་བཀའ་འགྱུར་སོགས་དག་སྒྲིག་དང་དཔེ་བསྐྲུན་མཛད། ཤེས་བྱ་ཀུན་ཁྱབ་ཀྱི་དཀར་ཆག་དང་བྲག་དཀར་བློ་བཟང་དཔལ་ལྡན་གྱི་རྣམ་ཐར། ཐེག་པ་རིམ་པ་དགུའི་རྣམ་བཤད། སྙན་རྩོམ། བྲིས་དཔེ་སོགས་རྩིམ་བྲིས་གནང་། ཞིང་ཆེན་གེ་སར་གཞུང་ལས་ཁང་གི་གཙོ་འགན་བཞེས། སྐུ་ཚེགས་ལ་མ་འཛེམ་པར་ཡུལ་སྡེ་སོ་སོར་ཟབ་འཇུག་མཛད་དེ། དམངས་ཁྲོད་ཀྱི་གླིང་སྒྲུང་བྲིས་མ་ཉི་ཤུ་ལྷག་འཚོལ་སྡུད་དག་སྒྲིག་དཔེ་བསྐྲུན་མཛད་པ་དང་། གེ་སར་ཚིག་མཛོད་གསར་དུ་བརྩམས་ཏེ་པར་དུ་བསྐྲུན། སྤྱི་ལོ1988ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན་སོགས་ནས་སློབ་ཁྲིད་གནང་། སྔོན་རྗེས་སུ་ཉི་ཧོང་དང་ཧོང་ཁང་། ཨ་རི། ཁ་ན་ཏ། དབྱིན་ཇི་སོགས་སུ་བྱོན་ནས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་དུ་མཛད་རྗེས་རླབས་ཆེན་བཞག་དང་འཇོག་མུས་ཀྱིས་སྐུ་འཚོ་ཞིང་བཞུགས་སོ།། བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། །