Jump to content

གཟན་གྱི་མུ་ཕྲེང་

ཡོང་ཁུངས་Wikipedia

གཟན་གྱི་མུ་ཕྲེང་ Food Chain

སྐྱེ་ཚུལ་རིག་པའི་ཁྲོད་གཟན་དང་གཟན་དུ་གྱུར་བའི་འབྲེལ་བའམ་ཕན་ཚུན་འབྲེལ་བའི་རིམ་སྟར་ལ་ཟེར།

ངོ་སྤྲོད།

[རྩོམ་སྒྲིག]

ཤ་གཟན་སྲོག་ཆགས་ཀྱིས་རྩྭ་གཟན་སྲོག་ཆགས་ཟ་བ་དང་། རྩྭ་གཟན་སྲོག་ཆགས་ཀྱིས་རྩྭ་ལྡུམ་དང་རྩི་འབྲས་ཟ་བ་ལྟ་བུའི་སྐྱེ་དངོས་དང་སྐྱེ་དངོས་བར་གྱི་ལྟོ་གཟན་གྱི་འབྲེལ་བ་དེར་གཟན་གྱི་མུ་ཕྲེང་ངམ་འཚོ་བཅུད་ཀྱི་ཕྲེང་བར་ཟེར།

རིགས་དབྱེ།

[རྩོམ་སྒྲིག]

གཟན་གྱི་མུ་ཕྲེང་ལ་རིགས་གསུམ་ཡོད་དེ།

1. གཅིག་གིས་གཅིག་རྔོན་ནས་ཟ་བ་དེ་ལ་རྔོན་གཟན་གྱི་མུ་ཕྲེང་ཟེར་ཞིང་སྤྱིར་བཏང་ཆེ་བས་བ་ཟ་བ་ཡིན།

2.གཅིག་གཅིག་ལ་བརྟེན་ནས་གྲུབ་པའི་གཟན་གྱི་མུ་ཕྲེང་ལ་གཞན་བརྟེན་ཕྲེང་བ་ཟེར་ཏེ། དཔེར་ན་རྟའི་རྒྱུ་འབུ་ནི་རྟའི་ལུས་ནངདུ་གཞན་ལ་བརྟེན་ནས་འཚོ་བ་དང་། གདོད་སྐྱེས་སྲོག་ཆགས་འགའ་ཞིག་རྟའི་རྒྱུ་འབུ་ནང་དུ་གཞན་ལ་བརྟེན་ནས་འཚོ་བ་ལྟ་བུ་རེད།

3. སྲོག་ཆགས་དང་རྩི་ཤིང་གི་རོ་ཁོ་ན་གཟན་ལ་ཟ་བའི་གཟན་གྱི་མུ་ཕྲེང་ལ་རུལ་གཟན་མུ་ཕྲེང་ཟེར་ཞིང་། ཚ་ཁུལ་ཆར་ནགས་ཀྱི་སྐྱེ་ཁམས་མ་ལག་ནང་དུ་རུལ་གཟན་མུ་ཕྲེང་གིས་གོ་གནས་གལ་ཆེན་ཟིན་ཡོད།

སྐྱེ་དངོས་ཀྱི་གཟན་ལེན་པའི་ཐོག་ཚུགས་པའི་འབྲེལ་བ་ནི་གཏན་འཇགས་ཡིན་པ་དང་། དེ་ཉིད་སྤྱིར་བཏང་རྩི་ཤིང་ངམ་རྩྭ་གཟན་སྲོག་ཆགས་ནས་འགོ་ཚུགས་པ་དང་ཤ་གཟན་སྲོག་ཆགས་ནས་མཇུག་དྲིལ་ཡོད་ལ། གཅིག་སྣེ་གཅིག་ལ་འབྲེལ་ཏེ་མུ་འབྲེལ་ཕྲེང་བ་ཆགས་ཡོད། གཟན་གྱི་མུ་ཕྲེང་ནང་དུ་སྣེ་གང་རུང་གཅིག་ལ་འགྱུར་ལྡོག་བྱུང་ན་ཕྲེང་བ་ཡོངས་རྫོགས་ལ་གནོད་པ་སྐྱེལ་འགྲོ་བ་རེད།

གཟན་གྱི་དྲ་བ།

[རྩོམ་སྒྲིག]

སྐྱེ་ཁམས་མ་ལག་ཅིག་གི་ནང་དུ་སྲོག་ཆགས་དང་རྩི་ཤིང་ཁག་བར་དུ་གཟན་གྱི་འབྲེལ་བའི་ཐོག་ནས་དྲ་བ་ལྟར་འབྲེལ་བ་ཡོད་པས་གཟན་གྱི་དྲ་བ་ཆགས་ཡོད། སྐྱེ་ཁམས་མ་ལག་ནང་གི་སྐྱེ་དངོས་ཀྱི་རིགས་ཇི་ཙམ་མང་ན་གཟན་གྱི་དྲ་བ་དེ་ཙམ་གྱིས་གཏན་ཆགས་ཡོད། གཟན་གྱི་དྲ་བས་སྐྱེ་ཁམས་མ་ལག་དོ་མཉམ་པོ་འཛིན་སྐྱོང་བྱེད་ཀྱི་ཡོད། སྐྱེ་ཁམས་མ་ལག་གི་ནང་དུ་ཐོན་སྐྱེད་མཁན་ནམ་འཛད་སྤྱོད་མཁན་གང་ཡང་རུང་བའི་རིགས་ཚོགས་ཤིག་ལ་གློ་བུར་གྱི་འགྱུར་ལྡོག་བྱུང་བ་ཡིན་ན་གཟན་གྱི་དྲ་བ་ཡོངས་རྫོགས་ལ་གནོད་པ་བསྐྱལ་བ་ནས་དོ་མི་མཉམ་པ་བཟོས་འོང་གི་རེད། དཔེར་ན་ནགས་ཀྱི་བྱིའུ་ཡི་རིགས་ཇེ་ཉུང་དུ་ཕྱིན་ཚེ་སྲིན་འབུ་ཁག་ཅིག་དྲག་ཏུ་རྒྱས་ཡོང་གི་ཡོད་པ་དང་། དེའི་འབྲས་བུར་ཤིང་གི་འདབ་ལོ་ལ་སྲིན་འབུའི་གནོད་པ་ཆེན་པོ་ཕོག་པས་ནགས་ཚལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་དཀྲུགས་འོང་གི་རེད།