གཞོམ་འདོད་
གཞོམ་འདོད་ཅེས་པ་ནི་སྤྱིར་སྡུག་བསྔལ་གྱི་རྒྱུ་རྣམས་ཡོངས་སུ་སྤང་བར་འདོད་པ་ལ་གོ་བ་ཡིན་ལ། ཁྱད་པར་དུ་སྤྱོད་འཇུག་གི་ལུགས་སུ་སྲིད་པའི་སྡུག་བསྔལ་དང་ཉོན་མོངས་པ་ལ་སོགས་པ་ཡོངས་སུ་འདོར་བར་འདོད་པའི་བསམ་པ་ལ་ཟེར་རོ། །
སྡུག་བསྔལ་གཞོམ་ཚུལ།
[རྩོམ་སྒྲིག]སྲིད་པའི་སྡུག་བསྔལ་གཞོམ་ཚུལ། "སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་"[༡]ཞེས་གསུངས་པ་ལྟར་སྡུག་བསྔལ་གྱི་རྒྱུ་རྣམས་རྩ་བ་ནས་འཇོམ་ཞིང་གཞོམ་པར་འདོད་པའི་བློ་ལ་ཟེར་རོ། །
ཉན་རང་གི་སྡུག་བསྔལ་གཞོམ་ཚུལ། "གཞོམ་འདོད་པ་ནི་ཡོངས་སུ་འདོར་བར་འདོད་པས་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་རྣམས་ཀྱིས་སོ། །"[༢]ཞེས་པ་ལྟར་ནི་རང་གི་སྡུག་བསྔལ་ཙམ་འདོར་བར་འདོད་པ་ཡིན་ནོ། །
བྱང་སེམས་ཀྱི་སྡུག་བསྔལ་གཞོམ་ཚུལ། "སེམས་ཅན་ཐམས་ཅད་ཀྱི་མི་བདེ་བ་བསལ་བར་འདོད་པ་"[༣]ཞེས་གསུངས་པ་ལྟར་བྱང་སེམས་སྐྱེས་བུས་རང་གཞན་གྱི་སྡུག་བསྔལ་ཀུན་གཞོམ་འདོད་པ་ལ་ཟེར་རོ། །
སྡུག་བསྔལ་གྱི་རྣམ་གྲངས། "འཁོར་བར་གནས་པའི་དམྱལ་བ་ལ་སོགས་པའི་འགྲོ་བའི་སྡུག་བསྔལ་བདེ་བ་མ་ཡིན་པ་མྱོང་བ་རྣམས་ཡིན་ལ། བརྒྱ་ཕྲག་ནི་མཐར་ཐུག་པ་མེད་པའི་ཚོགས་སོ། །"[༤]ཞེས་གསུངས་པ་ལྟར་འཁོར་བའི་སྡུག་བསྔལ་ནི་ཚད་མེད་པ་ཡིན།
བསྡུས་དོན།
[རྩོམ་སྒྲིག]གཞོམ་འདོད་ནི་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་རྣམས་དགྲ་དང་འདྲ་བར་ལྟ་ནས་དེ་དག་འཇོམ་ཞིང་གཞོམ་པར་འདོད་པའི་བློ་ལ་ཟེར། ཉན་ཐོས་རང་སངས་རྒྱས་ལ་རང་གི་སྡུག་བསྔལ་ཙམ་གཞོམ་འདོད་དང་། བྱང་ཆུབ་སེམས་དཔའ་ལ་སེམས་ཅན་ཀུན་གྱི་སྡུག་བསྔལ་གཞོམ་འདོད་ཡོད། གཞོམ་འདོད་ཀྱི་བརྩོན་པ་ནི་ཉོན་མོངས་པའི་གཉེན་པོ་ལ་བརྩོན་ཞིང་དཀའ་སྤྱད་ལ་བཟོད་པ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༡༤
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས།༡༢
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༡༥
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༡༢