གཞུང་སྤྱིའི་དཀའ་གནས་

ཡོང་ཁུངས་Wikipedia

༄༅། །དབུ་མ་སོགས་གཞུང་སྤྱིའི་དཀའ་གནད་སྐོར་གྱི་གསུང་སྒྲོས་སྣ་ཚོགས་ཕྱོགས་གཅིག་ཏུ་བསྡུས་པ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། གང་གི་ཞབས་སེན་ལྷ་བརྒྱའི་གཙུག་གི་ནོར་བུས་ལན་སྟོང་ཕྱིས་གྱུར་ཅིང་། །མཁྱེན་བཟང་མེ་ལོང་གཙང་མར་ཇི་སྙེད་ཤེས་བྱར་སྲིད་ཚད་གཟུགས་བརྙན་བཀྲ། །མུ་མེད་འགྲོ་ལ་བརྩེ་བས་རྗེས་དགོངས་ཞིང་ཁམས་རྒྱ་མཚོར་སྤྲིན་བཀོད་པ། །རྒྱལ་ཀུན་ཡབ་གཅིག་འཇམ་པའི་དཔལ་དང་གཉིས་སུ་མ་དམིགས་བླ་མར་འདུད། །སྔོན་གོམས་ཐུགས་བསྐྱེད་ཤིན་ཏུ་རྨད་བྱུང་ཆུ་གཏེར་བསྲུབ་ལས་ཉེར་འཁྲུངས་པའི། །མཁྱེན་བརྩེའི་དཀྱིལ་འཁོར་ཡོངས་སུ་རྒྱས་གྱུར་ངོ་མཚར་སྣང་བའི་མུ་ཁྱུད་ཅན། །འགྲོ་བསོད་ཡངས་པའི་མཁའ་ལ་རབ་གསལ་ཐུབ་བསྟན་པདྨའི་དགའ་ཚལ་མཆོག །ཅི་དགར་བཞེད་དེས་རྫོགས་ལྡན་དང་པོའི་དུས་སྟོན་སླར་ཡང་དར་བར་བྱས། །ཉི་ཟླ་ནོར་བུ་བུམ་བཟང་གཏེར་དང་དཔག་བསམ་ལྗོན་པའི་ཤིང་ལ་སོགས། ། ལུས་ཅན་ཀུན་ལ་ཕན་པ་སྦྱིན་ཞེས་འཇིག་རྟེན་འདི་ན་གྲགས་མོད་ཀྱི། །དེ་དག་གནས་སྐབས་ཉི་ཚེའི་དོན་ཙམ་ལེགས་པར་བཤད་པའི་རིན་ཆེན་ནི། །གཏན་གྱི་འདོད་པ་ཡོངས་སུ་རྫོགས་བྱེད་བློ་ལྡན་དགའ་བའི་གསོས་གཅིག་ཡིན། དེ་ལ་འདིར་སྐ་ཚེ་དཔག་ཏུ་མེད་པ་ནས་ལེགས་པར་བཤད་པ་ལ་ཡོངས་སུ་གོམས་པའི་དབང་གིས། དེང་ཡང་མི་འཕྲོག་པའི་ཤེས་རབ་དང་གཟུངས་དང་སྤོབས་པ་བསམ་མི་ཁྱབ་པའི་སྤྲིན་བཟང་པོ་ལས། ཡང་དག་པའི་ཚད་མ་གསུམ་དང་རྗེས་སུ་འབྲེལ་ཞིང་། ཐོག་མཐའ་བར་གསུམ་དུ་དགེ་བའི་དོན་བཟང་པོ་ཚིག་འབྲུ་བཟང་པོ་སོགས། སྟོན་པ་དྲང་སྲོང་ཆེན་པོའི་གསུངས་དང་རྣམ་དབྱེར་མ་མཆིས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་མཆོག་ནོར་བུའི་ཆར་ཆེན་པོ་ཟང་ཟིང་མེད་པའི་བརྩེ་བས་འཇིག་རྟེན་གྱི་ཁམས་འདིར་ལེགས་པར་འབེབས་པར་མཛད་པ། རྗེ་བཙུན་བླ་མ་དམ་པ་འཇམ་དཔལ་དགྱེས་པའི་རང་མདངས་ཞེས་མཚན་གྱི་གྲགས་པ་སྲིད་ཞིའི་ཁོང་ན་མངོན་པར་གསལ་བ་ཅན་གང་གི་གསུང་གི་ཆ་ཤས། དབུ་མ་སོགས་གཞུང་སྤྱིའི་དཀའ་གནད་སྐོར་གྱི་གསུང་སྒྲོས་ཐོར་བུ་འགའ་ཞིག་གོ་རིམ་སོགས་ཀྱི་ངེས་པ་མེད་པར་རྒྱལ་པོའི་མཛོད་ཁང་ངམ་རིན་པོ་ཆེའི་ཟ་མ་ཏོག་ལྟ་བུར་ཕྱོགས་གཅིག་ཏུ་བསྡུས་ཏེ་བཀོད་པ་ལ། ཐོག་མར། སྤྱིར་འཁོར་བའི་འཁྲུལ་སྣང་ཐམས་ཅད་མ་རིག་པ་ལས་བྱུང་ཞིང་། དེའི་རྩ་བ་ཅན་ཡིན་པར་ནང་པའི་གཞུང་སྤྱིས་འདོད། མ་རིག་པ་ཞེས་རིག་པ་མེད་པ་ཙམ་མིན་ཏེ། འཁོར་བའི་འཁྲུལ་སྣང་གི་ལས་ཉོན་བསྐྱེད་ནུས་པའི་རྩ་བ་ཅན་ཡིན་པས། རིག་པའི་ཡེ་ཤེས་དང་འཛིན་སྟང་དངོས་སུ་འགལ་བ་བདག་ཡོད་དུ་འཛིན་པ་ལྟ་བུ་ཡིན། དེ་ལྡོག་བྱེད་བདག་མེད་རྟོགས་པ་ལྟ་བུའི་རིག་པ་ཡེ་ཤེས་ཡིན། རིག་པའི་ཡེ་ཤེས་དེས་བདག་གཉིས་སུ་འཛིན་པའི་མ་རིག་པ་སྤང་བས། རྒྱུ་ལས་ཉོན་དང་། འབྲས་བུ་སྡུག་བསྔལ་གྱིས་བསྡུས་པའི་འཁོར་བ་ལོག་ཀྱང་། གཉེན་པོ་རིག་པས་བསྡུས་པའི་ཟག་མེད་ཀྱི་ཆོས་རྣམས་མི་ལྡོག་པས། ཐེག་ཆེན་གྱི་མྱང་འདས་ནི་འཁོར་བ་རྒྱུན་ཆད་པ་དང་མ་རིག་པ་ཟད་པ་ཙམ་གྱི་མེད་དགག་དངོས་མེད་མ་ཡིན་ཏེ། ཡིན་ན་ཐེག་དམན་མྱང་འདས་མར་མེ་རྒྱུན་ཆད་དང་ཁྱད་མེད་འཁོར་བའི་ཕུང་ལྔ་ལོག་པའི་རྗེས་སུ་རྣམ་བྱང་གི་ཕུང་པོ་ལྷག་མར་མི་ལུས་ན་ཐེག་ཆེན་མྱང་འདས་གཏན་མེད་པར་འགྱུར་བས། གནས་ལུགས་ནི་ཡེ་ནས་སྣང་སྟོང་ཟུང་འཇུག་ཡིན་གྱི་སྟོང་པ་རྐྱང་པའི་དབྱིངས་སུ་མྱ་ངན་ལས་འདའ་བ་མི་སྲིད་དེ། རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོ་འདུས་མ་བྱས་ཀྱི་དབྱིངས་བྲི་གང་བྲལ་བའི་གནད་ཀྱིས་ཡིན་ནོ། །དེས་ན་ཀུན་བྱང་གཉིས་ཀའི་ཆོས་ཐམས་ཅད་སྟོང་པ་དང་རྟེན་འབྱུང་གི་སྣང་བ་ཟུང་འཇུག་ཡིན་གྱི། ཁ་ཕྲལ་བ་ནམ་ཡང་མི་སྲིད་དེ། སྤྱིར་འཁོར་འདས་གཉིས་ཀྱི་སྣང་བ་ནི་ནམ་ཡང་རྒྱུན་ཆད་པ་མི་སྲིད་ལ། སྣང་བ་ཡོད་ན་དེ་སྟོང་པ་ལ་སྟོང་ཉིད་དུ་བཏགས་ཀྱི། སྣང་བ་མེད་པ་རི་བོང་གི་རྭ་ལ་སོགས་པ་ནི་སྟོང་པ་ཉིད་ཀྱི་དོན་མ་ཡིན་ཏེ། ཐ་སྙད་དུ་མེད་པ་ཡིན་པས། རི་བོང་གི་རྭ་རྭ་སྟོང་གི་ཐ་སྙད་སྦྱར་ཡང་གཏན་མེད་ཀྱི་དོན་ཡིན་ནོ། །སྟོང་ཉིད་ནི་ཐ་སྙད་དུ་ཡོད་པའི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་ཏེ། དེ་འདྲའི་སྟོང་པ་མིན་པའི་འཁོར་འདས་ཀྱི་ཆོས་གང་ཡང་མེད་མོད། སྟོང་ན་མི་སྣང་བ་རི་བོང་གི་རྭ་སྟོང་པ་ལྟ་བུ་མ་ཡིན་ནོ། །དེས་ན་སྟོང་པ་ཉིད་འདི་ཐ་སྙད་དུ་ཡོད་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ལུགས་སུ་སྒྲུབ་པར་བྱ་བ་ཡིན་གྱི། ཐ་སྙད་དུ་མེད་པ་ཞིག་གི་ཆོས་ཉིད་དུ་བསྒྲུབ་བྱ་ནི་གཏན་མིན་ནོ། ། དེའི་རྒྱུ་མཚན་དངོས་ཞེན་འཇུག་པ་དང་གྲོལ་འཁྲུལ་བྱེད་པའི་གཞི་ཐ་སྙད་རྟེན་འབྱུང་གི་དངོས་པོ་རྣམས་ཡིན་གྱི། ཐ་སྙད་དུ་མེད་པ་ནི་ནམ་ཡང་མ་ཡིན་པས། དེ་ལ་དགག་སྒྲུབ་བྱེད་པ་དོན་མེད་དེ། འོན་ཀྱང་ཐ་སྙད་དུ་མེད་པ་ངེས་ཟིན་པའི་རི་རྭ་སོགས་མེད་པའི་དཔེར་ངག་གིས་བརྗོད་པ་ཙམ་ལས། དེ་དོན་དམ་དཔྱོད་པས་གསར་དུ་མེད་པར་སྒྲུབ་མི་དགོས་ལ། དེ་ནམ་ཡང་སྣང་བའང་མི་སྲིད་དོ། །དེའི་ཕྱིར་སྟོང་ཉིད་ཞེས་པ་ཐ་སྙད་དུ་ཡོད་པའི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་ལ། སྟོང་ཉིད་ཡན་གར་དུ་གནས་པ་དངོས་པོ་ལ་མི་སྲིད་དོ། །དེ་ལྟར་ན་སྟོང་རྟེན་འབྱུང་ཡེ་ནས་ཟུང་འཇུག་ཡིན་ལ། ཟུང་འཇུག་གི་ངོ་བོ་སྤྲོས་བྲལ་སོ་སོ་རང་གིས་རིག་པར་བྱ་བ་སྟོང་ཆེན་འོད་གསལ་གྱི་དབྱིངས་སུ་ཆོས་ཀུན་འདུའོ། །དེ་མཉམ་བཞག་གི་ཡུལ་ཡིན། དེ་ལ་སྟོང་སྣང་གཉིས་སུ་འབྱེད་པ་མེད་དེ་སོ་སོ་རང་རིག་པས་རྟོགས་བྱའོ། །རྗེས་ཐོབ་སྟོང་སྣང་གཉིས་སུ་འབྱེད་ཅིང་དེ་གཉིས་ངོ་བོ་ཐ་དད་དུ་མེད་པའི་ཆ་ནས་སྒྱུ་མ་ལྟ་བུའི་ངེས་ཤེས་འབྱུང་ངོ་། །དེས་ན་ཐེག་ཆེན་གྱི་རྣམ་གྲོལ་འདི་འཁོར་བ་ཟད་པའི་ཆད་སྟོང་ཅན་མིན་ཏེ། འཁོར་བ་ཟད་ཀྱང་ཐེག་ཆེན་མྱང་འདས་དངོས་མེད་མིན་པར་སྐ་དང་ཡེ་ཤེས་མི་ཟད་པའི་ཕྱིར། སྐ་དང་ཡེ་ཤེས་ཀྱི་སྣང་བ་དང་དབྱེར་མེད་པའི་དབྱིངས་དེ་དོན་དམ་བདེན་པ་མཐར་ཐུག་ཡིན་ཏེ། གནས་སྣང་མཐུན་པ་དང་འཁྲུལ་པའི་བསླད་པ་དང་བྲལ་བ་ཡིན་པའི་ཕྱིར། མ་ཧཱ་པས་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ཞེས་གསུངས་པ་འདི་ལྟ་བུའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་འདི་ཐེག་ཆེན་པས་གནས་ལུགས་སུ་བཞེད་ཀྱི་སྟོང་རྐྱང་ཙམ་གནས་ལུགས་མཐར་ཐུག་མིན་ནོ། །དེའི་ཕྱིར་མ་རིག་པའི་གཉེན་པོ་ཡེ་ཤེས་སྐྱེས་པས་མ་རིག་པ་ལོག་གི མ་རིག་པ་ལོག་ཀྱང་རིག་པ་ལོག་པའི་རྒྱུ་མཚན་མེད་པ་དང་། འཁོར་བའི་སྲིད་པ་ལྡོག་བྱེད། འདོད་ཆགས་ཆེན་པོ་བདེ་ཆེན་གྱི་ཡེ་ཤེས་ཡིན་པས། འཁོར་བའི་སྲིད་པ་ཟད་ཀྱང་། འདོད་ཆགས་ཆེན་པོ་མི་ལྡོག་པའི་གནད་དྲི་མེད་འོད་ཀྱི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སྒྲུབ་པ་ལས་གསུངས་པ་འདིའི་དགོངས་དོན་གྱི་གནད་གོ་ན། མཐར་ཐུག་གི་དོན་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བསྒྲུབ་ཚུལ་དང་། ཐེག་གཅིག་སྒྲུབ་ཚུལ་དང་། སྔགས་ཀྱི་ཐེག་པའི་དགོངས་དོན་མཐར་ཐུག་རྟོགས་རྒྱུ་ཡོད་འདྲ་བས། འདི་ཐད་གཟབ་སྟེ་དཔྱིས་ཕྱིན་པར་གོ་བར་སླར་བྱའོ། །ལྕགས་ཕག་ཟླ་གཅིག་ཚེས་དགུ་ལའོ། །དེས་ན་སྣང་སྟོང་རོ་མཉམ། རི་རྭ་མེད། བུམ་ཡོད་གཅིག་གྱུར་གྱིས་བསྟན་པ་ལྟར་དཔྱད་དགོས་སོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་འགགས་པས་མཐར་མར་མེ་རྒྱུན་ཆད་འདྲ་བའི་ཐེག་དམན་མྱང་འདས་ཙམ་ཞིག་འབྱུང་བ་ལས་གཞན་མེད་པ་མིན་ཏེ། རྟེན་འབྲེལ་བཅུ་གཉིས་འགགས་པ་ལས་རྣམ་བྱང་གི་བདེན་དོན་བཅུ་གཉིས་ཀྱི་རང་བཞིན་དུ་འགྱུར་བས་རྡོ་རྗེ་བཞི་ཡི་ཡེ་ཤེས་སྐྱེ་ཚུལ་དྲི་མེད་འོད་ལྟར་ཞིབ་དཔྱད་བྱ་སྟེ། དཔྱིས་ཕྱིན་པར་འཇམ་དཔལ་རྡོ་རྗེས་བྱིན་གྱིས་རློབས་ཤིག རིག་པ་ཡེ་ཤེས་ཀྱི་སྟོབས་ལས་སྒྲིབ་གཉིས་བག་ཆགས་བཅས་ཟད་པའི་རྗེས་སུ་ཡེ་ཤེས་འགག་པ་མ་ཡིན་ཏེ། སྣང་བས་མུན་པ་ལོག་ཀྱང་སྣང་བ་མི་ལྡོག་པ་བཞིན་དུ། སྒྲིབ་གཉིས་དང་བྲལ་བའི་ཡེ་ཤེས་ནམ་མཁའ་དང་མཉམ་པའི་གནས་གྱུར་མཐར་ཐུག་སྟེ་ནམ་ཡང་ཟད་མི་ཤེས་སོ། །དེ་ལྟ་མིན་ན་རྣམ་མཁྱེན་མི་འགྲུབ་བོ། །བུད་ཤིང་ཟད་པ་ན་མེ་མནལ་བ་དང་འདྲ་བར་འགྱུར་དགོས་ནའང་དེ་མི་སྲིད་དེ། སྤྱིར་ཤེས་བྱ་ཐམས་ཅད་མ་ཟད་པས་དེའི་མཁྱེན་ཡུལ་མི་འཛད་ལ། དེའི་སྐྱེ་འགག་མེད་པ་རང་བྱུང་གི་ཡེ་ཤེས་མངོན་དུ་མཛད་ཅེས་ཁས་ལེན་དགོས་སོ། །གཟུང་འཛིན་ཅན་གྱི་སེམས་འདུ་བྱེད་ཀྱི་རྒྱུ་ནི་སྣང་གསུམ་འཕོ་ཆགས་ཡིན་ལ། དེ་རགས་པ་ནས་ཕྲ་བ་མ་རིག་བག་ཆགས་ཀྱིས་སོགས་བཞི་ཡི་བར་དུ་འགྱུར་གྱི། དེ་བཞི་ལོག་པའི་ཚེ་སེམས་འགག་པ་ཡིན་ལ། དེའི་ཚེ་འཕོ་ཆགས་ཀྱི་སྒྲིབ་པ་མེད་ཅིང་སྐྱེ་འགག་གི་མཚན་མ་གཏན་མེད་དེ། སྐྱེ་འགག་ཏུ་སྣང་བ་འཕོ་ཆགས་ཀྱི་དབང་གིས་སེམས་ལ་སྣང་བའོ། །དེ་ལྟར་འཕོ་ཆགས་ཟད་པ་ན་གཞི་རང་བྱུང་གི་ཡེ་ཤེས་འགྱུར་མེད་ཉིད་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་སྐ་ཡིན་པས། སྔགས་ལམ་འདེབ་མི་དགོས་ཏེ། རྒྱུན་མཐའི་རྡོར་ཏིང་གིས་དེ་ལྡོག་ནུས་པས་མདོ་ན་འཕོ་ཆགས་ཀྱི་གཉེན་པོ་མེད་པ་མིན་ནོ། །དཔེར་ན་རྫོགས་ཆེན་གྱི་སྣང་བཞི་བཞིན་ནོ། ། མངྒ་ལཾ། ། ༈ ཡང་ཡོད་མེད་ཀྱི་དོན་མི་འགལ་བར་དྲི་མེད་འོད་ལས་རི་རྭ་མེད་པ་དང་། བུམ་ཡོད་གཅིག་མིན་པའི་དཔེས་གསུངས་པ་ལྟར། གཞི་གཅིག་ལ་ཐ་སྙད་དུ་ཡོད་པ་དང་དོན་དམ་པར་མེད་པའི་ཡོད་མེད་དེ་གཉིས་མི་འགལ་ཏེ། ཐ་སྙད་དུ་བུམ་སོགས་སྣང་བའམ་ཡོད་པ་ནི་སུས་ཀྱང་ཁེགས་མི་ནུས་ལ། དེ་དོན་དཔྱོད་ཀྱིས་བཙལ་ཏེ་རྙེད་དོན་རྡུལ་ཙམ་མེད་པས་མེད་པ་མི་འགལ་བ་དངོས་པོའི་ཆོས་ཉིད་ཀྱིས་གྲུབ་པ་ལ་སུས་ཀྱང་སྙོན་དུ་མེད་དོ། །འདི་ལྟར་འཆར་མ་ནུས་པའི་སྟོང་ཉིད་སྨྲ་བ་དག །གཞི་གཅིག་གི་སྟེང་དུ། ཀུན་རྫོབ་ཏུ་ཡོད་པ་དང་། དོན་དམ་པར་མེད་པ་འགལ་མེད་དོན་གཅིག་ཏུ་མི་སྒྲུབ་པར་ཡོད་མེད་འགལ་བར་འཛིན་ཏེ། ཡོད་མེད་གཉིས་ཕན་ཚུན་སྤང་འགལ་ཡིན་པས་གཞི་གཅིག་ལ་ཇི་ལྟར་འདུ་རུང་སྙམ་ནས། ཡོད་རྒྱུ་བུམ་པ། མེད་རྒྱུ་བདེན་གྲུབ་ཡན་གར་བ་ཞིག་འཛིན་ནོ། །ཐ་སྙད་དཔྱོད་བྱེད་ཀྱིས་གང་མེད་པ་དང་གང་ཡོད་པ་ཕན་ཚུན་སྤང་སྟེ་འགལ་བ་ནི། རི་བོང་རྭ་དང་བུམ་པ་བཞིན་གཅིག་མེད་གཅིག་ཡོད་པའོ། །དེ་དང་འདི་མི་འདྲ་སྟེ། ཐ་སྙད་དུ་ཡོད་པའི་ཡོད་པ་དང་། དོན་དམ་པར་མེད་པའི་མེད་པ་གཉིས་གཞི་གཅིག་ལ་འགལ་མེད་དོན་གཅིག་ཏུ་རུང་སྟེ། མི་རུང་ན་དོན་དམ་པར་མེད་ཚད་ཐ་སྙད་དུ་ཡང་མེད། ཐ་སྙད་དུ་ཡོད་ཚད་དོན་དམ་པར་ཡང་མེད་པར་མི་འགྱུར་ན། དོན་དམ་དཔྱོད་པས་དགག་བྱའམ་མེད་པར་སྒྲུབ་བྱ། ཐ་སྙད་དུ་མེད་པའི་རི་རྭ་སོགས་ལས། ཀུན་རྫོབ་ཏུ་ཡོད་པའི་ཆོས་གཅིག་ཀྱང་དོན་དམ་པར་དམིགས་སུ་མེད་པར་སྒྲུབ་མི་རིགས་པས་བདེན་གཉིས་ཆེས་འགལ་བར་འགྱུར་ནའང་། དོན་དམ་དཔྱོད་པས་དམིགས་སུ་མེད་པར་སྒྲུབ་བྱ། ཐ་སྙད་དུ་ཡོད་པའི་ཆོས་རྟེན་འབྱུང་གི་སྣང་བ་བསླུ་མེད་འདི་རྣམས་ལ་ཡིན་གྱི། ཐ་སྙད་དུ་མེད་པ་རི་རྭ་དང་མོ་གཤམ་བུ་སོགས་ནི་ཐ་སྙད་དུ་མེད་པར་གྲུབ་ཟིན་པས། དོན་དཔྱོད་ཀྱིས་མེད་པར་བསྒྲུབ་བྱ་ནམ་ཡང་མིན་ཏེ། དོན་དཔྱོད་མེད་ཀྱང་དེ་གྲུབ་ཟིན་ལ། དོན་དཔྱོད་ཀྱིས་དཔྱད་ན་ལྷག་པོར་སྒྲུབ་རྒྱུ་ཅིའང་མེད་པས་དོན་དཔྱོད་ཀྱིས་དཔྱད་ཡུལ་མིན་ནོ། ། བུམ་སོགས་ཀུན་རྫོབ་ཏུ་ཡོད་པ་འདི་རྣམས་གཅིག་དུ་བྲལ་སོགས་ཀྱིས་དཔྱད་ན་རྡུལ་ཙམ་དམིགས་སུ་མེད་ཅིང་མ་རྙེད་པ་ནི་དངོས་སྟོབས་ཀྱིས་གྲུབ་པས་རང་གཞན་སུས་ཀྱང་དོན་དམ་པར་དམིགས་པར་སྒྲུབ་མི་ནུས་པས་དོན་དམ་པར་མེད་པར་གྲུབ་ལ་དོན་དམ་པར་མེད་བཞིན་ཐ་སྙད་དུ་རྟེན་འབྱུང་གི་སྣང་བ་བསླུ་མེད་ཙམ་སུས་ཀྱང་མི་ཁེགས་པས། ཐ་སྙད་དུ་མེད་པར་གྲུབ་པའི་རིགས་པ་དང་། དོན་དམ་པར་ཡོད་པའི་རིགས་པ་མི་སྲིད་པས་ལྷ་དང་བཅས་པའི་འཇིག་རྟེན་འདིར་སུས་ཀྱང་དེ་ལྟར་ཟློག་སྟེ་སྨྲ་མི་ནུས་པ་ནི། རྒོལ་བའི་ཞེ་འདོད་ཀྱིས་མ་ཡིན་ཏེ། དངོས་པོའི་ཆོས་ཉིད་ཀྱི་སྟོབས་ཀྱིས་གྲུབ་པའི་ཕྱིར་རོ། །དེས་ན་གང་སྣང་སྟོང་། སྟོང་བཞིན་སྣང་། སྣང་སྟོང་འགལ་མེད་དོན་གཅིག་ཏུ་ཤར་བ་ཞེས་བྱ་ཡི། ཆོས་རང་ངོས་ནས་མ་སྟོང་པ་ཆོས་གཞན་གྱིས་སྟོང་པ་ནི་འཇིག་རྟེན་པའི་སྟོང་ཚུལ་ཡིན་གྱི་དོན་དམ་རྣལ་འབྱོར་པའི་སྤྱོད་ཡུལ་ག་ལ་ཡིན་ཏེ། བུམ་པ་ཡོད་པ་དང་། དེ་ལ་སྣམ་བུ་མེད་པ། གནག་གི་རྭ་ཡོད་དང་། དེ་སྟེང་རི་བོང་རྭ་མེད་པ་ལྟ་བུས། ཀུན་རྫོབ་ཏུ་ཡོད་པའི་ཆོས་རྣམས་སྟོང་པའི་གོ་ག་ལ་ཆོད། བུམ་ཡོད་དང་། དེ་ལ་སྣམ་མེད་དང་། གནག་རྭ་ཡོད་རི་རྭ་མེད་པ་གཉིས་ཀ་ཀུན་རྫོབ་དཔྱོད་པའི་ཚད་མས་གྲུབ་པ་ཁོ་ན་ཡིན་གྱི་དོན་དཔྱོད་ཀྱིས་སྣམ་མེད་སོགས་སྒྲུབ་པ་ག་ལ་ཡིན། བུམ་པ་ཡང་དག་པར་དམིགས་སུ་མེད་པ་དོན་དཔྱོད་ཀྱིས་ཡིན། བུམ་པ་དམིགས་སུ་མེད་པ་བདེན་མེད་ཅེས་མིང་བཏགས་པ་ལས། བུམ་པ་དམིགས་ན་བདེན་མེད་མི་འགྲུབ། བདེན་མེད་གྲུབ་ན་བུམ་པ་དོན་དམ་པར་མེད་པ་གོ་དགོས་ཀྱི། དེ་གཉིས་ལ་དོན་དམ་པར་ཡོད་མེད་ཀྱི་ཁྱད་ག་ལ་ཡོད། གལ་ཏེ་བདེན་གྲུབ་ཐ་སྙད་དུ་ཡང་མེད་ན། འདི་ཐ་སྙད་དུ་མེད་པར་སྒྲུབ་བྱེད་ཀུན་རྫོབ་ཀྱི་ཚད་མ་ཡིན་ན། དོན་དཔྱོད་མི་དགོས་པར་ཐ་དཔྱོད་ཀྱིས་གྲུབ་ཟིན་པ་ལ་དོན་དཔྱོད་ཀྱིས་ཅི་ཞིག་བྱ། དོན་དཔྱོད་མེད་པར་མི་འགྲུབ་ན། དོན་དཔྱོད་ཀྱིས་བུམ་པ་མེད་པར་མ་འགྲུབ་ན། བདེན་གྲུབ་ཇི་ལྟར་ཁེགས། མེད་པར་གྲུབ་ན་དེ་ཉིད་དོན་དམ་པར་སྟོང་པ་ཡིན་གྱི། དེ་ལས་གཞན་པའི་བདེན་གྲུབ་ཡན་གར་བ་འགོགས་པའི་རིགས་པ་ཅི། དོན་དཔྱོད་ཀྱིས་བུམ་པ་མ་དམིགས་ཏེ། དེས་ཐ་སྙད་དུ་དམིགས་པའང་མི་སྲིད་དོ། །དོན་དཔྱོད་ཀྱིས་དཔྱད་ན་ཐ་སྙད་དཔྱོད་པ་རི་རྭ་མེད་པར་གྲུབ་པ་ལྟར། ཆོས་ཐམས་ཅད་གདོད་ནས་སྐྱེ་མ་མྱོང་། དེའི་ཕྱིར་འགག་མ་མྱོང་སྟེ། ཇི་ལྟར་ཡེ་ནས་མ་སྐྱེས་པར་རྟོགས་ཀྱི། ཐ་སྙད་དུ་སྐྱེ་ཞེས་པའང་མི་དམིགས་ཏེ། དམིགས་ན་སྐྱེ་མེད་མ་ཡིན་པར་འགྱུར་རོ། །འདི་ཀུན་ལ་དབུ་འཇུག་ལུང་དྲངས། དེས་ན་རྗེས་ཐོབ་སྣང་སྟོང་ཟུང་འཇུག་སྒྱུ་མ་ལྟ་བུ་དང་། དོན་དམ་པར་ཡོད་མེད་ལས་འདས་ནམ་མཁའ་ལྟ་བུའོ། ། ༈ ཐ་སྙད་དུ་ཡོད་པའི་ཕུང་སོགས་ལ་བདག་དང་བདག་གིར་འཛིན་པ་དང་། དེ་དང་དེའི་ངོ་བོར་བཟུང་ནས་ཉོན་མོངས་པ་དང་འཁོར་གསུམ་དུ་རྟོག་པ་སྐྱེ་བ་ཡིན་ན། ཐ་སྙད་དུ་ཡོད་པའི་ཆོས་རྣམས་རང་གི་ངོ་བོས་མི་སྟོང་ན། དེ་དང་དེ་ལ་དངོས་འཛིན་འཇིག་ཐབས་མེད་ལ། དེ་དང་དེ་མི་སྟོང་བཞིན་དུ་ཆོས་གཞན་བདེན་གྲུབ་ཀྱི་མིང་ཅན་ཐ་སྙད་དུ་མེད་པ་དེ་འདྲས་སྟོང་དུ་ཆུག་ཀྱང་དེས་བུམ་པ་རང་ངོས་ནས་མི་སྟོང་པའི་ཆོས་རྣམས་ལ་དངོས་འཛིན་འཇིག་པར་ཅི་ཞིག་ཕན་ཏེ། རི་བོང་རྭ་མེད་པར་བཟུང་ཡང་ཕྱུགས་ཀྱི་རྭ་མེད་པར་མི་འཛིན་པ་བཞིན་ནོ། །ཆོས་ཐམས་ཅད་བདེན་མེད་དུ་བཟུང་བས་དངོས་འཛིན་ཅིས་མི་འཇིག་སྙམ་ན་ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་ཡང་། རང་ངོས་ནས་མི་སྟོང་པར་ཁས་བླངས་པ་དང་། བདེན་གྲུབ་ཐ་སྙད་དུ་མེད་པར་ཁས་བླངས་ལ། བུམ་སོགས་ཐ་སྙད་དུ་ཡོད་པར་ཁས་བླངས་པས། ཐ་སྙད་དུ་མེད་པའི་དགག་བྱ་བཀག་པའི་གཏན་མེད་དེ། ཐ་སྙད་དུ་ཡོད་པའི་ཆོས་རྣམས་ཀྱི་ཆོས་ཉིད་དུ་མི་རིགས་ཏེ། རི་རྭ་མེད་པ་ཕྱུགས་ཀྱི་རྭའི་ཆོས་ཉིད་དམ་གནས་ལུགས་སྟོང་པ་ཉིད་མ་ཡིན་ཞིང་། བུམ་པ་ལ་སྣམ་བུ་མེད་ཀྱང་། སྣམ་མེད་བུམ་པའི་སྟོང་ཉིད་མ་ཡིན་པ་བཞིན་ནོ། །དེས་ན་དོན་དམ་དཔྱོད་པའི་བུམ་པ་དམིགས་སུ་མེད་པའི་ཕྱིར། དེའི་ངོར་ཐ་སྙད་དུ་ཡོད་པ་ཡང་ཁེགས་མོད། དེས་ཐ་སྙད་དཔྱོད་པའི་ངོར་མེད་པ་བསྒྲུབ་པ་མ་ཡིན་ཏེ། ཐ་སྙད་དཔྱོད་པའི་ངོར་བུམ་པ་དམིགས་ཀྱང་། དེས་དོན་དམ་དཔྱོད་ངོར་དམིགས་པའམ་ཡོད་པ་མི་འགྲུབ་པ་བཞིན་ནོ། ། ༈ སྤྱིར་སྟོང་ཉིད་རིགས་པས་གཏན་ལ་འབེབ་ཚེ། ཐ་སྙད་དཔྱོད་བྱེད་ཀྱིས་ཐ་སྙད་དུ་མེད་པར་གྲུབ་ཟིན་ལ་དོན་དམ་དཔྱོད་པས་བཀག་པ་མིན་ཏེ། དེ་དག་ལ་སོ་སྐྱེ་སུས་ཀྱང་བདག་གཉིས་སུ་མི་འཛིན་ལ་དོན་དམ་པར་མེད་པ་དང་བདེན་པ་མེད་པར་དོན་དཔྱོད་ཀྱིས་བསྒྲུབ་མི་དགོས། གཙོ་བོ་རྟག་པ་སོགས་མུ་སྟེགས་པས་གསར་དུ་སྒྲོ་བཏགས་པ་རྣམས་ཐ་སྙད་དུ་མེད་པར་དགག་བྱ་ཡིན་ཀྱང་། གཅིག་དུ་བྲལ་སོགས་ཀྱི་རིགས་པའི་སྒོ་ནས་བཀག་པ་འདི་ཡང་ཐ་སྙད་དཔྱོད་བྱེད་ཀྱི་སྒོ་ནས་ཡིན་ནོ། ། དེས་ན་ཐ་སྙད་དུ་བསླུ་མེད་སྙོན་མེད་དུ་ཡོད་པའི་དངོས་པོ་འདི་རྣམས་ཇི་ལྟར་སྣང་བ་ལྟར་གནས་ལུགས་སུའམ་ཡང་དག་པར་གྲུབ་པར་སོ་སྐྱེ་རྣམས་ཀྱིས་འཛིན་པ་ལ། ཇི་ལྟར་སྒྱུ་མའི་གླང་པོ་ཆེ་གླང་པོ་ཆེ་ལྟར་སྣང་ཡང་། གླང་པོ་ཆེ་དེ་ཉིད་དུ་མ་གྲུབ་པ་སོགས་འཇིག་རྟེན་རང་ལ་འགྲུབ་ཟིན་གྱིས་དཔེས་རྟེན་འབྱུང་གི་དབང་གིས་གླང་པོ་ཆེ་དངོས་སུ་སྣང་བ་འདི་ཡང་། སྣང་ཡང་དེ་ལྟར་གྲུབ་པ་མེད་པར་དོན་དམ་དཔྱོད་བྱེད་ཀྱི་ཚད་མས་བསྒྲུབ་པས་འགྲུབ་ལ། དེའི་ཚེ་དོན་དམ་དཔྱོད་བྱེད་ཀྱིས་དཔྱད་བཟོད་དུ་མ་གྲུབ་པའམ། མ་རྙེད་པའམ། མ་དམིགས་པ་དེ་ལ། ཐ་སྙད་དུ་ཡོད་པའི་ཆོས་ཐམས་ཅད་དོན་དམ་དཔྱོད་བྱེད་ཀྱིས་དཔྱད་བཟོད་དུ་མ་གྲུབ་པ་དང་། རང་གི་ངོ་བོ་རང་བཞིན་གྱིས་སྟོང་པ་དང་། དོན་དམ་པར་མེད་པ་དང་། བདེན་པར་གྲུབ་པ་མེད་པའི་ཐ་སྙད་བྱས་པ་འདི་དག་ཚིག་གི་བརྗོད་ཚུལ་ཙམ་ལ་ཁྱད་ཡོད་ཀྱང་། དོན་ལ་ཁྱད་མེད་པར་གནད་གཅིག་ཏུ་འབབ་བོ། །དེས་ན་བུམ་སོགས་འདི་དག་དོན་དམ་པར་རམ་དེ་ཁོ་ན་ཉིད་དུ་མེད་ཀྱང་། འཇིག་རྟེན་ཐ་སྙད་དུ་ཡོད་ཅེས་བྱས་པས་མི་ཆོག་པར། བུམ་པ་བུམ་པས་མི་སྟོང་། བུམ་པ་བདེན་གྲུབ་ཀྱིས་སྟོང་། དེས་ན་བུམ་པ་རང་ངོས་མི་སྟོང་། གཞན་བདེན་གྲུབ་ཀྱིས་སྟོང་ཞེས་སྟོང་ཉིད་བསྒྲུབ་པའི་སྐབས་སུ་ཁས་བླང་བ་ལ་ཡོན་ཏན་ལྷག་པོ་མེད་ཀྱི་སྟེང་། སྐྱོན་འདི་ལྟར་མཐོང་སྟེ། བུམ་པ་རང་ངོས་ནས་མི་སྟོང་ན་བུམ་པ་དོན་དམ་དཔྱོད་བྱེད་ཀྱིས་དཔྱད་བཟོད་དུ་ཡོད་པར་ཐལ། དོན་དམ་དཔྱོད་པས་དཔྱད་བཟོད་དུ་ཡོད་ན་མི་སྟོང་བ་ཡིན་དགོས་པ་དང་། བདེན་སྟོང་མ་ཡིན་དགོས་ཏེ། སྟོང་མི་སྟོང་གི་ཁྱད་པར་འབྱེད་པའི་རིགས་པ ་འདི་ལས་གཞན་ཅུང་ཟད་མེད་པའི་ཕྱིར། མི་སྟོང་ཞེས་ཁས་བླངས་ན། དོན་དཔྱོད་ཀྱིས་དཔྱད་བཟོད་དུ་གྲུབ་པར་ཁས་ལེན་དགོས་སོ། །དེ་མི་དགོས་ན་བདེན་གྲུབ་ཀྱང་དོན་དམ་དཔྱོད་པས་མིན་ཡང་བདེན་གྲུབ་ཀྱིས་མི་སྟོང་པར་ཁས་ལེན་རུང་བས་བདེན་གྲུབ་རང་སྟོང་མིན་པར་འགྱུར་རོ། །བུམ་སོགས་ཐ་སྙད་དུ་ཡོད་པ་བདེན་གྲུབ་ཐ་སྙད་དུ་མེད་པས་རང་སྟོང་ཡིན་སྙམ་ན། བདེན་གྲུབ་མེད་པའི་སྒྲུབ་བྱེད་ཅི་ཡིན། གཅིག་དུ་བྲལ་སོགས་ཡིན་ན། རིགས་པ་དེས་བུམ་པ་ཆ་དང་ཆར་ཕྱེས་ཏེ་དཔྱད་ན་མི་དམིགས་པ་ཡིན་ན། བུམ་པ་རང་ངོས་ཅི་ལ་མི་སྟོང་། མི་སྟོང་ན། བུམ་པ་ཆ་དང་ཆར་ཕྱེས་ནས་དམིགས་སུ་མེད་པར་སྒྲུབ་པ་ལ་མི་ལྟོས་པའི་བུམ་པའི་བདེན་གྲུབ་འགོག་པའི་རིགས་པ་གཞན་སྟོན་ཅིག །དེ་ལྟར་དོན་དམ་དཔྱོད་བྱེད་ཀྱི་མ་གྲུབ་པ་དེ་ལ་བུམ་པ་བདེན་མེད་ཀྱི་ཐ་སྙད་བྱས་པ་དང་། རང་ངོས་ནས་སྟོང་པ་དང་། དོན་དམ་པར་མེད་པའི་ཐ་སྙད་བྱས་པ་ཡིན་རུང་། ལྟ་བའི་རྩོད་ཡིག་ཕ་ལམ་དུ། དོན་དཔྱོད་ཀྱིས་དཔྱད་བཟོད་དུ་མེད་པ་ལ་བདེན་མེད་ཀྱི་ཐ་སྙད་བྱས་པ་མིན་ཚུལ། དེ་གཉིས་དོན་གཅིག་པའི་སྐྱོན་བརྗོད་རྣམས་དྲངས། དེ་གཉིས་དོན་མི་གཅིག་པ་ལྟར་ན། བདེན་གྲུབ་སྟོང་པའི་རྒྱུ་མཚན་གཅིག་དུ་བྲལ་སོགས་ཀྱི་རིགས་པས་བསྒྲུབ་དགོས་པ་ཡིན་ནམ་མིན། ཡིན་ན་རིགས་པ་འདི་ལ་བུམ་པ་དཔྱད་བཟོད་དུ་གྲུབ་ན། བདེན་གྲུབ་ཡན་གར་བ་དཔྱད་མི་བཟོད་པའི་རིགས་པ་གཞན་སྟོན་རྒྱུ་ཡོད་ན་སྨྲོས་ཤིག བུམ་པ་དཔྱད་བཟོད་དུ་གྲུབ་ན། བུམ་པ་བདེན་གྲུབ་ཏུ་གྲུབ་པ་སུས་ཀྱང་གཞིག་མི་ནུས་ལ། དཔྱད་བཟོད་མེད་ན་བུམ་པ་རང་ངོས་ནས་སྟོང་པ་སུས་ཀྱང་ཟློག་མི་ནུས་སོ། །འཇིག་རྟེན་སོ་སྐྱེ་ཐ་མལ་པ་རྣམས་ཀྱིས་བུམ་པ་ཉིད་བདེན་པར་འཛིན་པ་འཁྲུལ་པ་ཡིན་པས། བདེན་འཛིན་ཟློག་དགོས་ན། བུམ་པ་ཉིད་དོན་དཔྱོད་ཀྱིས་དཔྱད་ནས་མི་དམིགས་པར་མ་གྱུར་བར་དུ། བུམ་པ་བདེན་འཛིན་ཇི་ལྟར་ཁེགས། དེ་མི་ཁེགས་བཞིན་དུ་བུམ་པ་བུམ་པས་མི་སྟོང་པར་བཞག་ནས། བུམ་པ་ལས་གཞན་པའི་བདེན་གྲུབ་ཡན་གར་བ་རིགས་པ་གང་གིས་ཇི་ལྟར་འགོགས། བཀག་ཀྱང་མི་དགོས་ཏེ། སོ་སྐྱེ་ཐ་མལ་པ་རྣམས་ལ་ཡང་། བུམ་པ་ལས་གཞན་པའི་བདེན་གྲུབ་འཛིན་མཁན་སུ་ཡང་མེད་པས། དེ་སུའི་ངོར་འགོག་པ་ཡིན་སྨྲོས་ཤིག ༈ གཞན་ཡང་ཐ་སྙད་དུ་ཡོད་པའི་ཆོས་བུམ་སོགས་འདི་དག་དོན་དམ་དཔྱོད་པས་དཔྱད་པ་འཇུག་པའི་ཡུལ་ལམ་གཞི་ཡིན་ཏེ། རི་རྭ་སོགས་གཏན་མེད་རྣམས་དེའི་དཔྱད་ཡུལ་དུ་མི་བྱེད་མོད། ཁྱོད་ལྟར་ན་ཐ་སྙད་དུ་ཡོད་ཚད་དོན་དམ་དཔྱོད་པས་དཔྱད་ཡུལ་དུ་མ་སོང་ལ། ཐ་སྙད་དུ་མེད་པ་རྣམས་དོན་དཔྱོད་ཀྱིས་དཔྱད་གཞི་ཡིན་པ་སྐད་དུ་སྨྲ་བ། ཐ་སྙད་དུ་ཡོད་ཚད་དོན་དམ་དཔྱོད་པས་དཔྱད་གཞི་དང་དཔྱད་བྱ་མིན་ན། དེ་མ་དཔྱད་མ་བཀག་པར་བདེན་གྲུབ་ཇི་ལྟར་ཁེགས། ཐ་སྙད་དུ་ཡོད་པ་རྣམས་གཅིག་དུ་བྲལ་གྱི་དཔྱད་བྱར་བྱས་ནས་མི་དཔྱད་པར་བདེན་གྲུབ་ཡན་གར་བ་སྤར་ཟིན་དུ་ཇི་ལྟར་འགོགས། ཐ་སྙད་དུ་བུམ་པ་བུམ་པས་མི་སྟོང་ན། བུམ་པ་བདེན་གྲུབ་ཀྱིས་ཀྱང་མི་སྟོང་སྟེ། ཐ་སྙད་དུ་བུམ་པ་རང་ཉིད་བུམ་པར་བདེན་པར་གྲུབ་པ་ཡིན་གྱི། མ་གྲུབ་ན། ཐ་སྙད་དུ་བུམ་སོགས་ཆོས་རྣམས་རང་གི་ངོ་བོར་མི་བདེན་པར་གྲུབ་ན། ཐ་སྙད་བདེན་པ་ཉམས་པ་དང་། ཐ་སྙད་ཐ་སྙད་དཔྱོད་པའི་ཚད་མས་གྲུབ་པ་མིན་པར་འགྱུར་ལ། དེས་ན་བུམ་པ་རང་ངོས་ནས་བདེན་སྟོང་མིན། སྣམ་བུ་སོགས་ཆོས་གཞན་གྱིས་བདེན་སྟོང་དུ་ཁས་ལོངས་ཤིག །ཐ་སྙད་བདེན་པ་མི་བདེན་ན། བདེན་གཉིས་མེད་ལ། བདེན་གཉིས་དབྱེར་མེད་དེ་ཁོ་ན་ཉིད་མེད་པར། ཆོས་གཞན་གྱིས་སྟོང་པའི་སྟོང་པ་མེད་དགག་དེ་ཁོ་ན་ཉིད་དུ་འགྱུར་ཏེ། དེ་འདྲའི་སྟོང་ཉིད་མུ་སྟེགས་ཀྱི་ལུགས་ལའང་ཡོད་དེ། མདོ་ལས། སྲིད་པ་ཐམས་ཅད་ཡོང་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་ཀྱིས། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་དོན་དམ་པར་མེད་པས་མེད་གོ་མི་ཆོད་ན། དོན་དམ་མི་བདེན་ཀུན་རྫོབ་བདེན་པར་འགྱུར་ཏེ་བདེན་གཉིས་ཟུང་འཇུག་མི་སྲིད་དོ། །ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་མི་ཆོད་ན། ཀུན་རྫོབ་མི་བདེན་པའང་དེ་དང་འདྲའོ། །ཟུང་འཇུག་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ལ་སྲིད་ཞི་མཉམ་ཉིད་རྟོགས་ན། དེ་རྟོགས་པའི་ཡུལ་ཅན་ལྟ་བས་ཞི་མཐའ་འགོག་ནུས་ལ། དེ་ལྟར་རྒྱལ་ཚབ་ཆེན་པོ་སོགས་སྲས་བཅས་རྒྱལ་བས་གསུངས་པ་ལྟར་ངེས་མོད། ཁྱེད་ཀྱི་སྟོང་ཉིད་ནི་ཐེག་གསུམ་ཐུན་མོང་པའི་ལམ་དུ་འདོད་ཀྱིས་སྙིང་རྗེ་མེད་ན་དེས་ཞི་མཐའ་མི་འགོག་པར་མ་ཟད། དེ་ཉིད་ངོ་བོ་ཉིད་ཀྱིས་ཞི་མཐའ་ཡིན་པར་བསམ་པ་ནི། ཟུང་འཇུག་སྤྲོས་བྲལ་ལམ་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཅི་འདྲ་ཞིག་ཡིན་པའི་ཕྱོགས་ཀྱང་མ་འཚལ་ན། སྟོང་ཉིད་ཅེས་པ་ཐ་སྙད་དུ་མེད་པའི་ཆོས་ཞིག་ལ་འཁྲུལ་པས་ཡོད་པར་སྒྲོ་བཏགས་པ། ཐག་པ་སྦྲུལ་འཛིན་ལྟ་བུ་ཡིན་ལ། ཐག་པ་ཐག་པས་མི་སྟོང་ཡང་། སྦྲུལ་གྱིས་སྟོང་པ་ལྟ་བུའི་མེད་དགག་ཞིག་དེ་ཁོ་ན་ཉིད་དུ་བཟུང་ནས། སྟོང་ཉིད་མེད་དགག་དེ་ཐེག་པ་གསུམ་གྱི་ལམ་གྱི་ལྟ་བ་དང་། རྡོ་རྗེ་ཐེག་པའི་སྐབས་སུའང་འདི་མེད་ན་རྡོ་རྗེ་ཐེག་པའི་རང་ལམ་ན་སྲིད་རྩ་གཅོད་ནུས་མེད་ཅེས་ཁས་བླངས་བ་དེ་ཤིན་ཏུ་འཁྲུལ་ཚབ་ཆེའོ། ། དེ་འདྲའི་སྲིད་ཞིར་མི་གནས་པའི་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེ་ཐེག་ཆེན་གྱི་རྟོགས་རིགས་ཐུན་མིན་ཡིན་ཏེ། ཉན་རང་གིས་ཕྱོགས་ཙམ་མི་རྟོགས་ཏེ། དེ་དག་གང་ཟག་གི་བདག་མེད་པ་སོགས། མེད་དགག་གི་སྟོང་པ་དངོས་པོ་རྣམས་ཀྱི་མཐོང་ཚུལ་ཁྱོད་དང་འདྲ། ཐེག་ཆེན་པས་དོན་དཔྱོད་ཚད་མའི་རྗེས་དཔག་གིས་གོ་ཡུལ་གཏན་ལ་ཕབ་པ། གྲངས་མེད་གཅིག་གི་ཚོགས་བསགས་དང་འབྲེལ་བས་རྗེས་སུ་མཐོང་ལམ་ན་མངོན་སུམ་དུ་རྟོགས་བྱ་དེ། སྔགས་ཀྱི་མྱུར་ལམ་ལ་བརྟེན་ནས་ཚེ་འདིར་མཐོང་ནུས་པ་དེས་སྔགས་མྱུར་ལམ་ཡིན། དེ་ཡང་དབང་པོ་སྨིན་པའི་གང་ཟག་ལ་བླ་མའི་ངོ་སྤྲོད་ཀྱིས་རང་གི་སེམས་ཉིད་སྐྱེ་མེད་ཟུང་འཇུག་གི་དོན་ཐད་ཀར་གྲོལ་ལམ་གྱིས་རྟོགས་ནུས་པ་རྫོགས་ཆེན་གྱི་དགོངས་པ་ཡིན། བརྩོན་འགྲུས་ཅན་གྲོལ་ལམ་གྱི་རླུང་དབུ་མར་ཞུགས་ནས་ཐིམ་པའི་སྟོབས་ཀྱིས་འོད་གསལ་ཤར་བའི་མངོན་སུམ་རྟོགས་པ་ཡིན། མངོན་སུམ་ཡིན་ཡང་སྔགས་ཀྱི་སྦྱོར་ལམ་གྱི་སྐབས་སུ་དཔེ་ཡི་ཡེ་ཤེས་དང་། སྔགས་ཀྱི་མཐོང་ལམ་དུ་དོན་གྱི་ཡེ་ཤེས་སུ་འབྱེད་དགོས། མདོ་རང་ལམ་གྱི་སྦྱོང་པ་སྔོན་སོང་ཚེ་འདིར་ཆོས་མཆོག་ལ་གནས་པ་དེ་ལྟ་བུས་ཀྱང་། མདོ་རང་ལམ་བསྒོམ་པས་ཚེ་འདིར་ཆོས་ཉིད་བདེན་པ་མངོན་སུམ་བྱ་བ་ཡོད་ཀྱང་། ལས་དང་པོ་པ་ཐམས་ཅད་ཀྱིས་དེ་ལྟར་མི་ནུས་ཏེ། ཟུང་འཇུག་དེ་ཁོ་ན་ཉིད་ཀྱི་གོ་ཡུལ་ཙམ་འཆར་བའང་། ཚོགས་རྒྱ་ཆེན་པོ་བསགས་པའི་ལག་རྗེས་མིན་པར་གོ་མི་ནུས། དེ་འདྲའི་ཟུང་འཇུག་དེ་སེམས་ཀྱི་སྟེང་ནས་ངོ་སྤྲད་ན་མྱུར་དུ་ངེས་ནུས་ཀྱི། ཁ་ཕྱིར་བལྟས་ཀྱི་དཔྱད་པས་གོ་ཡུལ་རབ་རིབ་ཤར་ཀྱང་མྱོང་བས་ཡིད་ཆེས་འདྲེན་དཀའ་བས། སེམས་སྐྱེ་མེད་དུ་གཏན་ལ་ཕབ་པ་འདི། ཚེགས་ཆུང་ངུས་དོན་དམ་མཐར་ཐུག་རྟོགས་པའི་ཐབས་མཁས་ཡིན་པར་རྣམ་སྣང་མངོན་བྱང་ལས་གསུངས་པ་བཞིན་ནོ། ། མངྒ་ལཾ། ། ༈ ཡང་། ཆོས་ཐམས་ཅད་རང་ངོས་ནས་མི་སྟོང་པར་ཁས་བླངས་ན། ཆོས་ཐམས་ཅད་རང་བཞིན་རྣམ་དག་མ་ཡིན་པར་འགྱུར་ཏེ། རང་ངོས་ནས་སྟོང་པ་ལ་རང་བཞིན་རྣམ་དག་ཅེས་བརྗོད་པ་ལས། ཆོས་ཐམས་ཅད་རང་བཞིན་རྣམ་དག་མིན་ལ། བདེན་གྲུབ་རང་བཞིན་རྣམ་དག་ཡིན་ནམ། དེ་སྟོང་པའི་ཕྱིར། བདེན་གྲུབ་མ་དག་འཁྲུལ་སྣང་ཡིན་ལ། དེ་མེད་པ་རང་བཞིན་རྣམ་དག་ཡིན་པས། ཆོས་ཐམས་ཅད་བདེན་གྲུབ་མེད་པའི་རང་བཞིན་རྣམ་དག་ཡིན་ན། ཐོ་ཡོར་མི། ཐག་པ་སྦྲུལ་འཛིན་འཁྲུལ་སྣང་ཡིན་པས། དེ་མེད་པས་ཐོ་ཡོར་དང་ཐག་པ་ཚུལ་དེས་རང་བཞིན་རྣམ་དག་ཅིས་མ་ཡིན། བུམ་སོགས་ཆོས་གཞན་གྱི་སྒོ་ནས་རང་བཞིན་རྣམ་དག་ཡིན་གྱི། རང་གི་ངོ་བོ་རང་བཞིན་རྣམ་དག་མིན་པར་འགྱུར་སོགས་སོ། ། ༈ ཡང་། དོན་དམ་པར་མེད་པས་མེད་གོ་མི་ཆོད། ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད་ཟེར་བ་ལྟར་ན། དངོས་སུ་དེ་ལྟར་ཁས་བླངས་པའི་ཤུགས་ལས། གཉིས་སྣང་འཁྲུལ་པའི་བློ་ངོར་སྣང་བ་ཐམས་ཅད་ཀྱི་ཡོད་གོ་ཆོད་ལ། གཉིས་མེད་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་གཉིས་སྣང་མེད་པས་མེད་གོ་མི་ཆོད་པར་ཁས་བླངས་པས། གཉིས་སྣང་ཅན་གྱི་སེམས་ཅན་རྣམས་ཀྱི་བློ་དང་དེའི་ཡུལ་གཉིས་ཀ་བདེན་ཞིང་མཐར་ཐུག་ཡང་དག་པའི་དོན་ཡིན་ལ། གཉིས་མེད་ཡེ་ཤེས་མངའ་བའི་འཕགས་པའི་མཉམ་བཞག་དང་། དེའི་ཡུལ་དམིགས་པ་ཀུན་དང་བྲལ་བ་གཉིས་ཀ་རྫུན་ཞིང་ལོག་པར་ཁས་བླངས། ལམ་སྟོང་པ་ཉིད་དང་། དེའི་ཡུལ་ཅན་འཕགས་པའི་ཡེ་ཤེས་ཐམས་ཅད་ལ་སྐར་འདེབས་ཀྱི་ཚིག་ཤིན་ཏུ་མི་བཟད་པ་འདི་འདྲ་སྨྲ་བའི་དབུ་མ་པ་དེ་ཇི་འདྲ་ཡིན་པ་བརྟག་པར་གྱིས་ཤིག ཧ་ཧ། འོ་ན་སྔ་རབས་པ་དག་གིས། དེ་ཟློག་ལ་ཁས་ལེན་པ་ལྟར་ན། གཞི་ཕུང་ཁམས་སྐྱེ་མཆེད། ལམ་བྱང་ཕྱོགས། འབྲས་བུ་སྟོབས་བཅུ་ལ་སོགས་པ་ཐམས་ཅད་ཀྱིས་ཡོད་གོ་མི་ཆོད་པར་ཁས་བླངས་པ་དེ་དང་འདྲ་སྙམ་ན། སྔ་རབས་རང་སྟོང་སྨྲ་བ་ལྟར་ན། ཐ་སྙད་དུ་ཡོད་པ་ཙམ་ཞིག་དོན་དཔྱོད་ཀྱིས་དཔྱད་ཀྱང་ཡོད་པ་མིན་པས། དེས་མཐའ་གཅིག་ཏུ་ཡོད་གོ་མི་ཆོད། དོན་དམ་པར་མེད་པ་ནི་རྣམ་པ་ཀུན་ཏུ་གྲུབ་ཀྱི། ཐ་སྙད་དུ་ཡོད་ཀྱང་དོན་དམ་པར་ཡོད་པར་མི་ཟློག་པས། འདི་དང་གཞན་པའི་ཁས་ལེན་མི་འདྲ་སྟེ། འདི་ལ་གོ་བ་ལེན་རྒྱུ་ཡོད་ལ། ཅིག་ཤོས་ལ་མེད་པའི་ཕྱིར། སྔ་རབས་གཞན་སྟོང་པ་ལྟར་ན། །ཁས་བླང་དེ་སྐྱོན་མེད་དུ་གྲུབ་སྟེ། གཉིས་སྣང་འཁྲུལ་པའི་ངོ་ན་སྣང་བའི་ཀུན་རྫོབ་ཐམས་ཅད་ཀྱིས་ཡོད་གོ་མི་ཆོད་དེ། འཕགས་པའི་ཡེ་ཤེས་ཀྱི་ངོར་གོ་མི་ཆོད་ལ། དོན་དམ་དང་གཉིས་སུ་མེད་པའི་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་རང་ངོས་ནས་མི་སྟོང་ཞིང་དེ་དག་དོན་དམ་པ་ཡིན་གྱི། ཀུན་རྫོབ་མིན་པས་དོན་དམ་པར་ཡོད་པས་ཡོད་གོ་ཆོད། དོན་དམ་པར་མེད་པས་མེད་གོ་ཆོད་ཅེས་ཟེར། རང་སྟོང་པའི་ལུགས་ལ་དོན་དམ་པར་མེད་པ་ཤ་སྟག་པས། དོན་དམ་པར་ཡོད་པའི་ཆོས་མི་སྲིད་ལ། གཞན་སྟོང་པའི་ལུགས་ལ། དོན་དམ་པར་མེད་ན་ཀུན་རྫོབ་དང་། དོན་དམ་པར་ཡོད་པ་དོན་དམ་རང་ཉིད་ཡིན་པའི་ཕྱིར་རོ། །རང་ལུགས་རབ་ལན་དུ་གསལ་ཏེ་རང་སྟོང་སྨྲ་བའི་ལུགས་སོ། །ཕྱི་མ་གཞན་སྟོང་གི་དོན་དམ་སྒྲུབ་ཚུལ་དེ་གནས་སྣང་མཐུན་མི་མཐུན་གྱི་དབང་དུ་བྱས་པའི། དོན་དམ་དཔྱོད་པས་དཔྱད་བཟོད་མེད་པ་ལ་དོན་དམ་པར་མེད་པ། ཡོད་པ་ལ་དོན་དམ་པར་གྲུབ་པའི་དོན་ཡིན་ནོ། །འདི་གཉིས་ཀ་ཀུན་རྫོབ་དཔྱོད་བྱེད་ཀྱི་ཚད་མ་ཡིན་གྱི། རང་གི་ངོ་བོ་མི་སྟོང་པར་སྒྲུབ་པ་མིན་ནོ། །དེས་ན་བདག་འཛིན་གཉིས་ཀྱི་གཟུང་ཡུལ་བདག་གཉིས་དང་། དེས་བསྐྱེད་པའི་མ་དག་འཁོར་བའི་སྣང་བ་ཐམས་ཅད་ཀུན་རྫོབ་སྟེ་གནས་སྣང་མི་མཐུན་ཏེ། བདག་མེད་ལ་བདག་ཡོད་པར་སྣང་བ་དང་། རང་བཞིན་གྱིས་དག་ཀྱང་མ་དག་པར་སྣང་བའི་ཕྱིར། བདག་མེད་པས་ཕྱེ་བ་ཟག་མེད་མྱང་འདས་ཀྱི་ཆོས་རྣམས་དོན་དམ་ཞེས་བྱ་སྟེ། མ་འཁྲུལ་ཞིང་གནས་སྣང་མཐུན་པའི་ཕྱིར་ཏེ། བདག་མེད་པ་ལ་བདག་མེད་པར་དམིགས་པ་དང་། རང་བཞིན་དག་པ་ལ་དག་པར་སྣང་བའི་ཕྱིར་རོ། ། ༈ དེ་དེ་ལྟར་ཡིན་ཡང་། རྟེན་འབྱུང་གི་སྣང་བ་བསླུ་མེད་ལ་ཀུན་རྫོབ་དང་། དོན་དམ་པར་དཔྱད་བཟོད་དུ་མེད་པ་ཞེས་སྣང་སྟོང་བདེན་གཉིས་སྒྲུབ་ཚུལ་གྱི་དབང་དུ་བྱས་ན། དག་པའི་སྐ་དང་ཡེ་ཤེས་ཀྱི་སྣང་བ་ཡང་དུ་མར་སྣང་བའི་སྒོ་ནས་སྟོང་པ་ཡིན་གྱི་མི་སྟོང་པ་མ་ཡིན་པས། འདི་གཉིས་འགལ་མེད་དུ་གོ་དགོས་ཀྱི། སྔ་ཕྱིའི་དོན་དམ་འཇོག་ཚུལ་གཅིག་ཏུ་འཁྲུལ་ནས་ཕན་ཚུན་རྩོད་པ་སྨྲ་ན་གཞན་སྟོང་རང་གི་ལུགས་ཀྱང་མི་འགྲུབ་སྟེ། ཀུན་རྫོབ་ཏུ་འཇོག་བྱེད་དོན་དམ་དཔྱོད་རིགས་ཡིན་ན། རིགས་པ་དེས་སྐ་དང་ཡེ་ཤེས་ཀྱང་དམིགས་མཚན་ཀུན་བྲལ་གྱི་སྟོང་པར་ཁས་ལེན་དགོས་ཀྱི། མི་སྟོང་ན། བདག་གཉིས་ཀ་ཡོད་པའང་མི་ལྡོག་ཏེ། སྐ་དང་ཡེ་ཤེས་ཅན་གྱི་གང་ཟག་ལ་གང་ཟག་གི་བདག་ཡོད་པ་དང་། སྐ་དང་ཡེ་ཤེས་བདེན་གྲུབ་དེ་ཆོས་བདག་ཡིན་པར་ཟློག་ཏུ་མེད་ལ། དེ་ལྟར་ན་རིགས་པའི་འཇུག་པ་ཁྱད་མེད་པས་འཁྲུལ་པའི་བདག་གཉིས་ཀྱང་ཡོད་པའམ། ཡང་ན་མ་འཁྲུལ་པའི་སྣང་བ་ལའང་བདག་གཉིས་ཀྱིས་སྟོང་པར་འགྲུབ་བོ། །བདེན་གཉིས་སྨྲ་བ་དེ་དག་གིས་ཀྱང་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་དུ་བསྒྲུབ་པ་ནམ་ཡང་མི་ཟློག་པར་འགྲུབ་ཀྱང་། གནས་སྣང་མཐུན་མི་མཐུན་གྱི་དབང་དུ་བྱས་པའི་བདེན་གཉིས་འདི་ཡང་ཁས་ལེན་ངེས་པར་དགོས་ཏེ། སྣང་བ་ཀུན་རྫོབ་ཀྱི་ཕྱོགས་སུ་གཏོགས་པའི་ཆོས་ལའང་། འཁྲུལ་མ་འཁྲུལ་བསླུ་མི་བསླུའི་ཁྱད་ཕྱེད་དགོས་ཀྱི། ཀུན་རྫོབ་ཡིན་ཚད་འཁྲུལ་སྣང་ཡིན་མི་དགོས་སོ། །དོན་དམ་པའི་མིང་བཏགས་ཚད་སྟོང་རྐྱང་ཡིན་མི་དགོས་ཏེ། ཀུན་རྫོབ་དང་དོན་དམ་ལ་གཞལ་ལུགས་ཀྱི་མིང་སོ་སོར་འོང་བའི་ཚུལ་གཉིས་འདི་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ལ་ཡོངས་སུ་གྲགས་པ་ཡིན་ནོ། །དགེའོ། ། ༈ རྒྱུད་བླའི་དོགས་བཤད། སྤྲིན་དང་རྨི་ལམ་བཞིན་ཆོས་ཐམས་ཅད་སྟོང་པར་གསུངས་ནས། དེའི་རྗེས་སུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་ཀྱི་དབྱིངས་དེ་བདེ་གཤེགས་སྙིང་པོ་ཡོན་ཏན་ཡེ་ལྡན་གྱི་ཁམས་སུ་གསུངས་པའི་དགོས་པ་ཅི་ཞེས་དྲིས་པ་ལ། སེམས་ཞུམས་སོགས་ཉེས་པ་ལྔ་སྤངས་པའི་དོན་དུ་གསུངས། དེ་ལྟར་གསུངས་པ་དེ་འདྲའི་ཁམས་ཡོན་ཏན་མེད་ཀྱང་ཡོད་པའི་རྫུས་ཚིག་དྲང་དོན་ནམ། ངེས་དོན་གང་ཡིན་ན། དྲང་དོན་ཡིན་ན་རྒྱུད་བླའི་རང་ཚིག་དང་དངོས་སུ་འགལ། ངེས་དོན་ཡིན་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིར་མི་ལྡོག་པ་འཇིག་མེད་རྟག་པའི་ལམ། ཐེག་ཆེན་རྟོགས་རིགས་ཐུན་མིན་ཡིན་ནོ། །དེ་ཡིན་པར་ཡང་། ཡང་དག་མཐའ་ནི་འདུས་བྱས་ཀྱི། །སོགས་ཀྱིས་བཤད་དེ། ལས་ཉོན་རྣམ་སྨིན་གྱི་བསྡུས་པའི་འཁོར་བའི་ཆོས་རྣམས་དབྱིངས་ལ་ཡེ་ནས་མི་ལྡན། རང་བཞིན་རྣམ་དག་ཡིན་པས་འབྲལ་རུང་དང་། ཟག་མེད་མི་གནས་པའི་མྱང་འདས་ཀྱི་ཡོན་ཏན་ཐམས་ཅད་མཁའ་གོ་འབྱེད་དང་། ཉི་མ་ལ་འོད་བཞིན་འབྲལ་མི་རུང་བར་རང་གི་ཆོས་ཉིད་ལ་ལྡན་ཏེ། གཤེགས་སྙིང་ནི་སྟོང་རྐྱང་ཙམ་མིན་ཏེ། སྟོང་ཉིད་འོད་གསལ་ཡིན། དེ་ཆོས་ཐམས་ཅད་ཀྱི་ཡེ་ཐོག་གཞི་ཡི་གནས་ལུགས་ཡིན། ཟུང་འཇུག་བདེན་པ་དབྱེར་མེད་ཀྱི་གནས་ལུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་ལ། དེ་ངོ་བོ་ཉིད་ཀྱི་སྲིད་ཞིར་མི་གནས་པ་དང་། སངས་རྒྱས་ཀྱི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པ། དེ་རྟོགས་པས་ཐེག་ཆེན་ལམ་གྱི་ཡོན་ཏན་ཐམས་ཅད་འབྱུང་བ་ཡིན་ནོ། །ལས་ཉོན་རྣམ་སྨིན་གྱི་ཕྲ་བ་གང་ཟད་ཕན་ཆད་སྤང་བྱ་གཏན་མེད་པ་ནི། མ་རིག་བག་ཆགས་ཀྱི་ས་སོགས་བཞི་ཡིན། དེ་སྤང་བ་ནི་སངས་རྒྱས་ཁོ་ནའི་ས་ཡིན་ལ། དེ་བཞི་སྤང་ན་མཐར་ཐུག་གི་ཡོན་ཏན་སྟོབས་སོགས་སངས་རྒྱས་ཀྱི་ཆོས་རྒྱ་མཚོ་མངོན་དུ་འགྱུར་བ་ནི་དབྱིངས་ཀྱི་ཡོན་ཏན་ཉིད་མངོན་དུ་གྱུར་པ་ཡིན་པས། འདི་སངས་རྒྱས་ཀྱི་རིགས་ཁོ་ན་ཡིན་གྱི་ཉན་རང་སོགས་ཀྱི་མ་ཡིན་ཏེ། སངས་རྒྱས་པའི་ཡོན་ཏན་དང་དབྱེར་མེད་པའི་ཕྱིར་རོ། ། འོ་ན་ཁྱི་ཕག་སོགས་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་སྟོབས་བཅུའི་ཡེ་ཤེས་ཡོད་དམ་ཟེར་ན། སྟོབས་བཅུའི་ཡེ་ཤེས་ཀྱི་ཡོན་ཏན་དེའི་རྒྱུད་ཀྱི་གཤེགས་སྙིང་ལ་ཡེ་ནས་ཡོད་དེ། ཁོ་རང་གི་ཆོས་ཉིད་ཀྱི་ཡོན་ཏན་ཡིན་པས་ཁམས་ཡོད་ན་ཡོན་ཏན་ཡོད་མོད་ཀྱི་མངོན་དུ་མི་འགྱུར་ཏེ། རལ་གྲི་ལ་གཅོད་པའི་བྱ་བ་ཡོད་ཀྱང་། ཤུབ་ཏུ་ཆུད་པ་ལ་གཅོད་པའི་བྱ་བ་མངོན་གྱུར་དུ་མེད་པ་དང་། མེ་ལོང་ལ་གཟུགས་བརྙན་འཆར་རུང་གི་ཡོན་ཏན་ཡོད་ཀྱང་སྒྲོམ་དུ་བཅུག་པ་ལ་མངོན་གྱུར་ཏུ་མི་འཆར་བ་དང་འདྲ་སྟེ། རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ལ་ཡོད་པའི་སྒྲིབ་པས་ཁམས་ཀྱི་ཡོན་ཏན་མངོན་དུ་མི་སྣང་སྟེ། དེར་མ་ཟད་དེའི་རང་སེམས་ཀྱི་ཆོས་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡོད་ཀྱང་མངོན་དུ་མི་འགྱུར་ན་ཡོན་ཏན་ཅི་ལ་མངོན། དེའི་ཕྱིར་མངོན་གྱུར་དུ་མེད་པ་འདི་ལ་བསམ་ནས། སྟོབས་བཅུ་སྐྱེ་རུང་གི་རྒྱུ་ཙམ་ཡོད་ཀྱི་དངོས་སུ་མེད་ཟེར་བ་ཡོད་པའང་དཔྱད་ཚུལ་དེའི་དབང་དུ་དེ་ལྟར་རུང་མོད། སྐྱེ་རུང་གི་རྒྱུ་དེ་འདུས་བྱས་སེམས་ཀྱི་ཡིན་ན་སེམས་ཡིན་ཚད་སྟོབས་བཅུ་སྐྱེད་རུང་དུ་སྒྲུབ་དཀའ་ལ། སྒྲིབ་གཉིས་བག་ཆགས་བཅས་སྦྱང་སྟོབས་ཀྱིས་སེམས་ཉིད་རང་གིས་བྱེད་པ་ཡིན་ན། འདི་འདུས་མ་བྱས་ཀྱི་དབྱིངས་ཀྱི་ཡོན་ཏན་ཡིན་པས། སྨིན་པའི་རྒྱུ་རུ་མི་རུང་ངོ་། །འདི་ལྟ་བུའི་ཁམས་དེ་སེམས་ཀྱི་རང་བཞིན་འོད་གསལ་གཉུག་སེམས་གསུངས་པ་དེ་ཡིན། དེ་ནམ་ཡང་རྒྱུན་ཆད་པ་མེད་ལ་ངོ་བོ་སྟོང་པས་དམིགས་མཚན་གང་ཡང་མེད་ཀྱང་། སྟོང་རྐྱང་མིན་ཏེ་མཚན་མ་མེད་པའི་རང་འོད་གསལ་བ་ཡིན། སྒྲིབ་པ་མ་ཟད་པའི་སེམས་རྒྱུད་ཀྱི་གཤེགས་སྙིང་ལ་སྟོབས་བཅུའི་ཡེ་ཤེས་མངོན་གྱུར་དུ་མེད་པ་ནི་བདག་ཅག་ཀྱང་འདོད་མོད། བླ་མེད་ཆོས་ཀྱི་ཡོན་ཏན་དབྱིངས་དེ་ལ་མེད་པ་མིན་ཀྱང་། མངོན་དུ་མི་འགྱུར་བའི་སྒྲིབ་པ་ཡོད་པའི་ཕྱིར་རོ། ། ཁམས་རང་གི་ངོ་བོ་སངས་རྒྱས་ཀྱི་ཡོན་ཏན་ཡེ་ལྡན་མིན་ན། དེ་འདྲའི་ཁམས་དེ་ཡོད་ཀྱང་སངས་རྒྱས་ཀྱི་རིགས་སུ་མི་འགྲུབ་སྟེ། སྟོང་རྐྱང་བཞིན་ནོ། །དེས་ན་ཆོས་དབྱིངས་འོད་གསལ་ལམ། རང་བྱུང་ཡེ་ཤེས་སམ། གཉུག་སེམས་འོད་གསལ་ལམ། བདེ་གཤེགས་སྙིང་པོ་ཞེས་པ་རྣམས་དོན་གཅིག་ཏེ། འདི་སངས་རྒྱས་ཀྱི་རིགས་ཡིན་ཏེ། སྒྲིབ་བཅས་ཀྱི་རྒྱུད་ལ་ཡོད་ཚེ་སངས་རྒྱ་རུང་གི་རིགས་དང་། སངས་རྒྱས་ཚེ་མངོན་གྱུར་ཡིན། སངས་རྒྱ་རུང་ཡིན་ཡང་འདུས་མ་བྱས་པའི་ཆོས་ཉིད་ལ་སྔ་ཕྱིའི་ཁྱད་པར་གནས་ཚུལ་ལ་མེད་དེ་ངོ་བོ་འགྱུར་མེད་ཡིན་པས་སོ། །སྣང་ཚུལ་ལ་གནས་གྱུར་པའི་ཐ་སྙད་བརྗོད་རུང་ངོ་། །དེ་འདྲའི་སངས་རྒྱས་ཀྱི་རིགས་ཡོད་པར་བསྟན་པས་ཉེས་པ་ལྔ་སྤང་ནས་བླ་མེད་བྱང་ཆུབ་ལ་ཕྱིར་མི་ལྡོག་པར་འགྱུར་རོ། །ཉེས་པ་ལྔ་པོ་གཤེགས་སྙིང་སེམས་ཅན་ཐམས་ཅད་ལ་ཡོད་པར་མ་ཐོས་པ་ལས་འབྱུང་། མཐར་ཐུག་ཐེག་གཅིག་འགྲུབ་པའི་གནད་འདི་ཡིན་ལ། རྡོ་རྗེ་ཐེག་པར་སེམས་ཉིད་ཡེ་སངས་རྒྱས་པའི་གནད་ཀྱང་འདི་ཡིན་ནོ། །མངྒ་ལཾ། ། ༈ མཚར་བརྗོད། གཞན་སྟོང་པས་ཅིག་ཤོས་ལ་སྨྲས་པ། སྟོང་ཉིད་ཆོས་ཅན། བདེན་གྲུབ་ཡིན་པར་ཐལ། དོན་དམ་དཔྱོད་བྱེད་ཀྱི་ཚད་མས་གྲུབ་པ་དང་། དམིགས་པ་དང་། དཔྱད་བཟོད་དང་། རྙེད་དོན་ཡིན་པའི་ཕྱིར། རྟགས་གཞན་ཁས་བླངས། དཔྱད་བཟོད་ཡིན་ཏེ། དཔྱད་མི་བཟོད་པ་མ་ཡིན་བའི་ཕྱིར། རྟགས་མ་གྲུབ་ན་དོན་དཔྱོད་ཚད་མས་སྟོང་ཉིད་བསྒྲུབ་པ་མ་ཡིན་པར་ཐལ། བཀག་པའི་ཕྱིར། ཁྱབ་སྟེ་དོན་དཔྱོད་ཚད་མས་དཔྱད་བཟོད་དུ་མ་དམིགས་ན་དེ་དོན་དམ་པ་མ་ཡིན་པའི་ཕྱིར། དེས་དམིགས་ཤིང་མ་གྲུབ་ན་སྟོང་ཉིད་སྒྲུབ་བྱེད་ཀྱི་ཚད་མ་མེད་པས་སྟོང་པ་ཉིད་ནམ་ཡང་མི་འགྲུབ་བོ། །དེ་ལྟར་བཀོད་པའི་རིགས་པའི་འགྲོས་འཐད་དེ། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་གྲུབ་པ་དང་། དམིགས་པ་དང་། དཔྱད་བཟོད་དང་། རྙེད་དོན་དེ་ཐ་སྙད་དུ་ཡོད་པ་དང་། དེས་གྲུབ་པ་སོགས་བཞི་པོ་བཟློག་པ་དེ་ཐ་སྙད་དུ་མེད་པར་ཁས་ལེན་དགོས་པ་བཞིན་ནོ། །གཞན་ཡང་། སྟོང་ཉིད་ཆོས་ཅན། དོན་དམ་པར་ཡོད་པར་ཐལ། དོན་དམ་ཕྱིན་ཅི་མ་ལོག་པར་རྟོགས་པའི་བློའི་ཡུལ་དུ་ཡོད་པའི་ཕྱིར། དེར་ཐལ། འཕགས་པའི་མཉམ་བཞག་གི་ཡུལ་ཡིན་པའི་ཕྱིར། ཡུལ་དུ་མེད་ན་ཡུལ་མ་ཡིན་པར་འགྱུར་རོ། །དེ་ལྟར་ཡང་། བུམ་པ་ཆོས་ཅན། ཐ་སྙད་དུ་ཡོད་པར་ཐལ། ཀུན་རྫོབ་ཕྱིན་ཅི་མ་ལོག་པར་རྟོགས་པའི་བློའི་ཡུལ་དུ་དམིགས་པའམ་ཡོད་པའི་ཕྱིར། མིག་ཤེས་མ་འཁྲུལ་པས་བུམ་པ་དམིགས་པ་བཞིན་ནོ། །དེས་ན་སྟོང་ཉིད་དོན་དམ་པར་ཡོད་པ་དང་། དོན་དམ་དཔྱོད་བྱེད་ཀྱི་ཚད་མས་གྲུབ་པའི་ཕྱིར་བདེན་གྲུབ་ཏུ་འགྱུར་རོ། །མི་འགྱུར་ན་དོན་དམ་དོན་དམ་མ་ཡིན་པར་ཀུན་རྫོབ་ཏུ་ཐལ་བ་དང་། སྟོང་ཉིད་བདེན་གྲུབ་མ་ཡིན་པར་མི་བདེན་པར་གྲུབ་པར་འགྱུར་རོ། །འདི་སྐབས་བདེན་མི་བདེན་ཐ་སྙད་དུ་བསླུ་མི་བསླུའི་དོན་དུ་བཀོད་ལ། བདེན་གྲུབ་ནི་མི་སྟོང་པའི་དོན་ཡིན་ནོ་སྙམ་ན། སྟོང་ཉིད་ལ་ཡང་སྟོང་ཀུན་མེད་བསྣན་ཡང་མི་སྟོང་པར་མི་འགྱུར་ཏེ། སྟོང་པ་ཉིད་ལས་མི་འདའ་སྟེ། བདེན་མེད་ལ་བདེན་མེད་བརྩེགས་ཀྱང་བདེན་མེད་ཀྱི་ངང་ཚུལ་ལས་མི་འདའ་བ་བཞིན་ནོ། །གཞན་ཡང་། བདེན་མེད་ཟློག་ན་བདེན་གྲུབ་ཏུ་འགྱུར་བར་འདོད་པ་ལྟར་ན། སྟོང་ཉིད་ཆོས་ཅན། བདེན་པར་གྲུབ་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མི་བདེན་པར་གྲུབ་པར་ཐལ། འདོད་དགོས་སོ། །མི་འདོད་ན་བདེན་གྲུབ་ཏུ་ཐལ་ཏེ། བདེན་མེད་ཟློག་ཚུལ་བཞིན་ནོ། །གཞན་ཡང་། སྟོང་ཉིད་ཀུན་དོན་གང་ཡིན། ཀུན་རྫོབ་ཡིན་ན་དོན་དམ་པ་གང་ཡིན་མེད་པར་ཁས་ལེན་དགོས་སོ། །ཀུན་རྫོབ་ཡོད་ཀྱི་དོན་དམ་མེད་པར་ཁས་བླང་ན། བདེན་གཉིས་མེད་པ་དང་། དེ་རྟོགས་སུ་མེད་པ་དང་། ཟུང་འཇུག་མེད་པར་འགྱུར་རོ་སོགས་སྐྱོན་མཐའ་ཡས་སོ། ། ༈ ཟུང་འཇུག་སྤྲོས་བྲལ་རང་གི་ངོ་བོ་དགག་སྒྲུབ་ལས་འདས་པ་ཡིན་ཡང་། དེ་ཐ་སྙད་དུ་ཡོད་པ་དང་། དོན་དམ་ཡིན་པ་དང་། དོན་དམ་མངོན་སུམ་རྟོགས་པའི་བློས་རྟོགས་བྱའམ་ཡུལ་ཡིན་པར་ཁས་མི་ལེན་ཐབས་མེད་པས། དེ་ལའང་དེ་ལྟར་སྒྲུབ་པ་འཇུག་གོ ༧ །གཞན་ཡང་། སྟོང་ཉིད་ཡོད་མེད་གཉིས་ཀྱི་ནང་ནས་གང་ཡིན། མེད་ན་དོན་དམ་མེད་པ་དང་། རྟོགས་བྱའི་ཡུལ་མིན་པ་སོགས་སུ་འགྱུར་ལ། ཡོད་ན་ལུང་དང་རིགས་པས་དཔྱད་བཟོད་པའམ་གནོད་མེད་དུ་ཡོད་པར་འགྲུབ་པ་དང་། འཕགས་པའི་མཉམ་བཞག་གི་ཡུལ་ཡིན་པའི་ཕྱིར། དོན་དམ་པར་ཡོད་པ་དང་བདེན་གྲུབ་ཏུ་འགྱུར་རོ། །དེ་ཟློག་ན་དོན་དམ་དང་སྟོང་ཉིད་མེད་པ་ཁས་ལེན་དགོས་ཏེ། ཁྱོད་ཀྱི་ལུགས་ལ་དོན་དམ་དཔྱོད་རིགས་ཀྱིས་དགག་བྱ་ཐ་སྙད་དུ་མེད་དགོས་པ་བདེན་གྲུབ་བཞིན་ནོ། །ས་སྐྱའི་རྗེ་བཙུན་སོགས་དོན་དམ་མེད་ཅེས་ཞལ་བཞེས་མཛད་དོ། ། དེའི་ཕྱིར་དོན་དམ་མེད་ན་རྣམ་ཀུན་མི་འཐད། ཡོད་ན་ཀུན་རྫོབ་ཏུ་ཡོད་ཀྱང་དོན་དམ་པར་མི་འགྱུར་ཏེ་བུམ་པ་བཞིན་ནོ། །དོན་དམ་པར་མེད་ན་དོན་དམ་པར་ཡོད་པའི་ཆོས་མེད་པས། དོན་དམ་མེད་པར་ཁས་ལེན་སོགས་མཐའ་ཡས་སོ། །སྟོང་ཉིད་དོན་དཔྱོད་ཀྱིས་དཔྱད་མི་བཟོད་དེ། དགག་པ་ཐམས་ཅད་དགག་བྱ་ལ་ལྟོས་ནས་བཏགས་པ་ཡིན་པས་སོ་ཞེ་ན། དེ་ཡིན་དུ་ཆུག་ཀྱང་། སྟོང་པ་ནི་སྟོང་པར་གྲུབ་སྟེ། ཀླུ་སྒྲུབ་ཀྱིས། སྟོང་ཞེས་བྱ་བ་དེ་ཡང་སྟོངས། །འདི་ལྟར་མི་སྟོང་ཡོད་མ་ཡིན། །གསུངས་པ་ལྟར་སྟོང་ཉིད་སྟོང་ཉིད་སོགས་བསྐལ་པའི་བར་དུ་བརྩེགས་ཀྱང་། སྟོང་པ་ཉིད་ཡིན་པ་ལས་མི་འདའ་བས་སྤྱིར་སྟོང་ཉིད་དོན་དམ་དུ་གྲུབ་དགོས་ཏེ། མ་གྲུབ་ན་ཀུན་རྫོབ་ཏུ་ཐལ་ཞིང་། སྟོང་ཉིད་དོན་དམ་ཡིན་པའང་ནམ་ཡང་མི་སྲིད་དེ། དེས་ན་སྟོང་ཉིད་དོན་དམ་ཡིན་པ་དང་དོན་དམ་པར་གྲུབ་པ་ཟློག་མི་རུང་སྟེ། ཟློག་ན་བདེན་མེད་ལོག་པས་བདེན་གྲུབ་ཏུ་འགྱུར་བ་བཞིན། སྟོང་པ་ཉིད་དོན་དམ་མིན་ན་ཀུན་རྫོབ་ཏུ་ཐལ་ཏེ། བདེན་པ་གསུམ་པ་ནམ་ཡང་མ་མཆིས་སོ། །ཞེས་དང་། དོན་དམ་ཡིན་ན་དོན་དམ་པར་གྲུབ་པ་ཡིན་སོགས་གོང་བཞིན་ནོ། །སྟོང་ཉིད་དོན་དམ་ཡིན་ཡང་། དོན་དམ་པར་མ་གྲུབ་ན། བདེན་མེད་བདེན་མེད་ཡིན་ཡང་། དེ་བདེན་མེད་དུ་མ་གྲུབ་པས། ཡིན་པར་གྲུབ་པའི་གཟུང་བྱ་གང་ཡང་མེད་པར་འགྱུར་ཕྱིར། བདེན་མེད་འབའ་ཞིག་ཏུ་འཛིན་མི་དགོས་པར་འགྱུར་རོ། །ཆོས་ཐམས་ཅད་རང་རང་རང་ཡིན་ཡང་། རང་རང་རང་དུ་མ་གྲུབ་ཅེས་སྨྱོན་པའི་ཚིག་ལྟ་བུ་ཇི་ལྟར་སྨྲ། བུམ་པ་བུམ་པ་ཡིན་ན། བུམ་པ་བུམ་པར་གྲུབ་དགོས་ལ། དེར་གྲུབ་པའི་ཚད་མའང་ཡོད་དགོས་པ་བཞིན་སྟོང་ཉིད་ལའང་མཚུངས་སོ། །སྟོང་ཉིད་བདེན་པ་དང་མི་བསླུ་བ་དང་། དོན་དམ་པ་དང་གནས་ལུགས་ཡིན་ན། དེ་དང་དེར་གྲུབ་དགོས་ཏེ། ཀུན་རྫོབ་མི་བདེན་རྫུན་པ་དང་བསླུ་བ་དང་ཀུན་རྫོབ་དང་སྣང་ཚུལ་ལས་གནས་ཚུལ་མ་ཡིན་པར་འདོད་དགོས་པ་བཞིན་ནོ། ། གཞན་ཡང་ཁྱོད་ཀྱི་ལུགས་ལ། དོན་དམ་དཔྱོད་པའི་རིགས་པས་དགག་བྱ་བདེན་གྲུབ་འབའ་ཞིག་ཡིན་ལ། དེ་ཐ་སྙད་དུ་མེད་པར་དོན་དམ་དཔྱོད་པས་ཁེགས་ཟིན་ལ། བདེན་གྲུབ་རྣམ་བཅད་ལ་ཁེགས་པས་བདེན་མེད་ཡོངས་གཅོད་དུ་གྲུབ་པའི་སྟོང་ཉིད་དེ་ནི་བདེན་གྲུབ་ཏུ་མེད་པར་འགོགས་པའི་རིགས་པ་མེད་དེ། དོན་དམ་རིགས་པས་གྲུབ་ཟིན་ཡིན་ལ། དེ་སླར་ཡང་དོན་དཔྱོད་ཀྱིས་དཔྱད་ཡུལ་མིན་ཏེ། ཁྱོད་ཀྱི་དོན་དཔྱོད་ཀྱིས་བདེན་གྲུབ་འགོག་གི་ཐ་སྙད་ཀྱི་བུམ་པ་མི་ཁེགས་ཅེས་ཁས་ལེན་པ་དང་འདྲ། བདེན་གྲུབ་ཁེགས་པ་ལས་ལྷག་པར་བུམ་པ་ཁེགས་ན་བུམ་པ་ཐ་སྙད་དུ་མེད་དགོས་ལ་དེ་མི་སྲིད་པས་ཐ་སྙད་དུ་ཡོད་པ་རྣམས་དོན་དཔྱོད་ཀྱིས་དགག་ཡུལ་མིན་པར་མི་འདོད་དམ། དེ་བཞིན་དུ་སྟོང་ཉིད་ནི། སླར་དོན་དཔྱོད་ཀྱིས་དཔྱད་བྱ་མ་ཡིན་ཏེ། ངོ་བོ་ཆ་མེད་ལ་གཅིག་དུ་བྲལ་གྱི་རིགས་པ་མི་འཇུག རྟག་པ་ལ་རྒྱུ་མེད་པས་མུ་བཞི་སྐྱེ་འགོག་གི་རིགས་པ་མི་འཇུག རྟེན་ནས་འབྱུང་བ་མིན་པའི་ཕྱིར་རྟེན་འབྱུང་གི་རིགས་པ་མི་འཇུག་པས། དེ་བདེན་མེད་དུ་མི་འགྲུབ་ལ། མི་སྟོང་བར་ཡང་མི་འགྲུབ་སྟེ། དེའི་ངོ་བོ་ནམ་ཡང་སྟོང་པ་ལས་མི་འདའ་ལ། མི་སྟོང་པར་ཟློག་པ་མི་སྲིད་དོ། །ཞེས་མཚར་གཏམ་དུ་ཟློས་ཤིག་དང་། དེང་སང་དོན་ལ་རྟོན་པ་དང་བྲལ་ཏེ་ཚིག་ལ་རྟོན་ཅིང་འཆེལ་བས་ཟབ་དོན་དབུ་མའི་གྲུབ་མཐའ་འཚོལ་ཞིང་སྨྲ་བ་ལ་དགའ་བ་མང་པོས་བདེན་མེད་ལ་གཅེས་སུ་བཟུང་ནས་གཞན་སྟོང་ལུགས་ཀྱི་ཁས་ལེན་ཤིན་ཏུ་རགས་པས་ཚིག་གཅིག་གིས་སྨ་བབ་པར་རུང་སྙམ་དུ་ཁ་ལྕེ་བརྡར་འདོད་མང་བས་ཚིག་ལ་འཆེལ་ནས་སྒྲུབ་ན་སྟོང་ཉིད་བདེན་གྲུབ་འདི་ལྟར་བསྒྲུབ་ན། ཚིག་རྗེས་འབྲང་བ་དེ་དག་གིས་ལན་ཇི་ལྟར་འདེབས་པ་མཚར་ལྟས་གྱིས་ཤིག འོ་ན་དངོས་མེད་ཐམས་ཅད་རྟག་པ་ཆ་མེད་ཡིན་པས་བདེན་གྲུབ་ཏུ་འགྱུར་རམ་ཟེར་ན་མི་འགྱུར་ཏེ་ནམ་མཁའ་སོགས་དོན་དམ་དཔྱོད་བྱེད་ཀྱིས་གྲུབ་པ་མིན་པས་དོན་དམ་པར་མི་འགྱུར་ལ། གཅིག་དུ་བྲལ་སོགས་མི་འཇུག་ཀྱང་དེ་ལ་ངོ་བོ་ཉིད་དུ་གྲུབ་པ་ཅུང་ཟད་མེད་པར་མངོན་རྗེས་ཀྱི་ཐ་སྙད་དཔྱོད་པས་གྲུབ་པས་དོན་ལ་མོ་གཤམ་གྱི་བུ་བཞིན་ངོ་བོ་མེད་དོ། །དེ་བཞིན་ཉིད་སྟོང་པ་ནི་དེ་དང་མི་འདྲ་སྟེ། དེ་མོ་གཤམ་བུ་དང་འདྲ་ན་དོན་དམ་དང་སྟོང་ཉིད་མེད་པར་ཐལ་བ་དང་། འཕགས་པའི་མཉམ་བཞག་གི་དམིགས་ཡུལ་མིན་པར་འགྱུར་ན། འདི་དོན་དཔྱོད་ཀྱི་གྲུབ་འབྲས་ཡིན་པས་ཁྱད་ཡོད་དོ་ཞེས་སྨྲའོ། ། ཀྱེ་མ་འདི་འདྲའི་ཚིག་རྗེས་འབྲང་བ་ན། །ཡང་དག་དོན་དམ་དོན་ནི་སུ་ཡིས་རྟོགས། ། སྙིགས་དུས་ཚིག་ལ་འཆེལ་ནས་ཕྱོགས་འཛིན་གྱི། །གྲུབ་མཐའི་སྨྲ་བ་དེང་སང་དུས་ན་མང་། །དེ་དག་ཚིག་ལ་འཆེལ་ཞིང་སྨྲ་ལ་དགའ། །རང་ཆེ་འབྱིན་ཅིང་གཞན་དག་ཁྱད་དུ་གསོད། །གྲུབ་མཐའི་ཁ་འཛིན་ཆགས་སྡང་མེ་ལྟར་འབར། །དེ་འདྲས་རྩོམ་པ་པོད་གྲངས་མང་པོ་བསོགས། །ནང་དུ་ཡང་དག་འཇོག་ལས་གཡེལ་གྱུར་པས། ། ཟབ་དོན་མི་ཤེས་ཟབ་དོན་སྨྲ་བར་རློམ། །དེ་དང་དེ་འདྲ་རྣམས་ལ་མཚར་གཏམ་དུ། ། འདི་ལྟར་སྨྲས་ཀྱི་འཆལ་གཏམ་མང་པོ་ཡི། །ཁ་ཤག་བཀྱེ་ལ་ཕམ་རྒྱལ་དགོས་པ་ཆུང་། ། མང་དུ་བསྐལ་པ་རྒྱ་མཚོར་སྨྲས་ན་ཡང་། །ཟབ་མོའི་དོན་ལ་གོ་སྐྱེད་ཤིན་ཏུ་ཉུང་། །དེ་འདྲའི་འཆད་རྩོད་དེ་ཡང་དགོས་པ་ཆུང་། །དེ་བས་བདག་དོན་ཤེས་པ་འགའ་སྲིད་ན། ། དོན་ཆུང་ཚིག་གི་བརྗོད་སྒྲོས་བཟང་ངན་ཙམ། །ཚེ་གཅིག་ཉམས་ལེན་སྙིང་པོར་མ་བྱེད་པར། །རྒྱལ་གསུང་ཚིགས་སུ་བཅད་པ་གཅིག་གི་དོན། །རང་གི་རྒྱུད་ལ་སྦྱར་ཏེ་དོན་བསམ་ན། །བློ་གྲོས་འཕེལ་ཞིང་ཕན་ཡོན་རྒྱ་ཆེར་འབྱུང་། །དལ་འབྱོར་དོན་ཡོད་འགྱུར་བར་ཤེས་བྱས་ནས། །རྟག་ཏུ་ཚིག་གི་རྒྱལ་ཕམ་ཅུང་ཟད་ལ། །རེ་བས་ཁ་ཤག་རྩོད་པས་མི་ཡི་ཚེ། །སྟོང་ཟད་ཐོས་པ་ཁ་ཁྱེར་མ་བྱེད་ཅིག །ཤེས་བྱའི་ཆོས་རྣམས་གང་དང་གང་ལ་ཡང་། །དེ་དང་དེ་ཡི་རང་བཞིན་སྟོང་ཤེས་ན། །སྟོང་དང་སྣང་བ་འགལ་མེད་རང་གིས་གོ །སྟོང་ཉིད་གཏན་ཕབ་དོན་པོ་དེ་མིན་ནམ། །བདེན་མེད་འབའ་ཞིག་གཅེས་པར་འཛིན་པ་དང་། །སྟོང་ཉིད་བདེན་པར་གྲུབ་ཀྱང་ཅི་ཞིག་ཕན། །སྣང་སྟོང་ཟུང་དུ་འཇུག་པའི་དོན་ལས་ནི། །ལྷག་པའི་ཡོན་ཏན་དེ་གཉིས་ལ་མ་མཐོང་། །དེ་ལྟ་ན་ཡང་ཐ་སྙད་ཚིག་གི་ལམ། །སྨྲ་ལ་དགའ་རྣམས་སྣ་ཚོགས་ཚིག་གི་ལམ། །རྣམ་པར་བཞག་ནས་དོན་ལ་གཡེལ་བའི་རྒྱུ། །འདི་དང་འདི་འདྲ་རྣམས་ལ་རྩིས་ཆེན་པོའི། ། ཞེན་པ་འགོག་ཕྱིར་མཚར་གཏམ་ཙམ་ལས་ནི། །འདི་ལ་དགོས་པ་ཆེ་བ་མ་མཐོང་ངོ་། ། ལྕགས་ཁྱི་ཟླ་བཅུ་པའི་ཚེས་བཅོ་ལྔ་ལ་མི་ཕམ་པས་ཕྲལ་བྲིས་དགེ ༈ ཡང་གནས་སྣང་གི་དབང་གིས་བདེན་གཉིས་འཇོག་ཚུལ། གནས་ཚུལ་སྟོང་པ་ཉིད་དམ། བདེན་གཉིས་དབྱེར་མེད་སྤྲོས་བྲལ་གཏན་ལ་འབེབ་པ་སྔོན་དུ་བཏང་ནས། དེ་ལྟ་བུའི་གནས་ཚུལ་དང་སྣང་ཚུལ་མཐུན་པར་གྱུར་བའི་ཡུལ་ཡུལ་ཅན་གཉིས་ཀ་དོན་དམ། གནས་སྣང་མི་མཐུན་པའི་ཡུལ་ཡུལ་ཅན་གཉིས་ཀ་ཀུན་རྫོབ་ཏུ་བཞག་པ་ནི། ཐ་སྙད་དུ་བསླུ་མི་བསླུའི་དབང་གིས་དེ་ལྟར་འཇོག་དགོས་ཏེ། དེ་ནི་འདིར་མ་ཟད་གྲུབ་མཐའ་འོག་མ་དང་འཇིག་རྟེན་པ་ལའང་དེའི་ཚུལ་གྱིས་ཡང་དག་དང་ལོག་པའམ། དོན་དམ་ཀུན་རྫོབ་ཀྱི་ཁྱད་འདོད་དེ། འཇིག་རྟེན་རང་ག་བའི་བློའི་དབང་དུ་བྱས་ན། ཟླ་གཉིས་ཀྱི་སྣང་བ་དང་། དེ་འཛིན་དབང་ཤེས་གཉིས་ཀ་འཁྲུལ་པའི་ཕྱིར་ལོག་པའམ་ཀུན་རྫོབ། ཟླ་གཅིག་དང་། དེ་འཛིན་ཤེས་པ་གཉིས་ཀ་ཡང་དག་གམ་དོན་དམ་དུ་འདོད་དགོས་སོ། །བྱེ་མདོས་བཅོམ་གཞིག་རུང་བ་རགས་སྣང་ཀུན་རྫོབ། མི་རུང་བ་རྡུལ་ཕྲན་དོན་དམ་སྟེ། དེ་ཡང་གཉེན་པོའམ་རིགས་པས་གནོད་ནུས་པ་ཀུན་རྫོབ། ཅིག་ཤོས་དོན་དམ་དུ་བཞག་གོ དེ་བཞིན་དོན་བྱེད་ནུས་པ་རང་མཚན་དོན་དམ། མི་ནུས་པ་སྤྱི་མཚན་ཀུན་རྫོབ་སྟེ། ཐ་སྙད་ཀྱི་འཇུག་ཡུལ་དངོས་ཡིན་མིན་གྱིས་སོ། །སེམས་ཙམ་གྱིས་ཡང་དག་ལམ་གྱི་དམིགས་པ་མཐར་ཐུག་དོན་དམ། གཉིས་སྣང་ངམ་ཀུན་བཏགས་ཀུན་རྫོབ། ཡོངས་གྲུབ་དོན་དམ་དུ་འདོད། དེས་ན་གནས་སྣང་མཐུན་པའི་སྟོབས་ཀྱིས་ཐོབ་པའི་མྱང་འདས་ཀྱི་ཆོས་ཐམས་ཅད་དོན་དམ་ཡིན་ལ། མི་མཐུན་པའི་སྟོབས་ཀྱིས་བྱུང་བའི་འཁོར་བའི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་བཞག་རུང་སྟེ། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་དཔྱད་ན། སྐ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ལས་ཉོན་འཁྲུལ་པས་བསྐྱེད་པ་མིན་ཞིང་། ཡང་དག་པའི་ཡེ་ཤེས་ཀྱི་དབང་ལས་བྱུང་བ་དང་། སྒྲིབ་པས་བསླད་པ་མ་ཞུགས་པའི་ཕྱིར་བདེན་ཞིང་མི་བསླུ་བར་གྲུབ་པའོ། །འཁོར་བའི་ཆོས་རྣམས་ནི་དེ་ལས་ལྡོག་པས་བདེན་པར་མ་གྲུབ་ཅེས་བྱའོ། །འདིའི་བདེན་མི་བདེན་ནི་མི་བསླུ་བ་དང་བསླུ་བར་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་གྲུབ་པ་ཡིན་ནོ། །དེ་ལྟར་ན་གནས་སྣང་མཐུན་པར་གྱུར་པའི་ཡུལ་ཅན་ལ་ཡེ་ཤེས་ཞེས་བྱ་སྟེ་གཟུང་འཛིན་མེད་པའོ། །མི་མཐུན་པར་འཛིན་པ་ལ་རྣམ་ཤེས་ཞེས་བྱ་སྟེ་གཟུང་འཛིན་ཅན་ནོ། །གནས་སྣང་མཐུན་པའི་ཡེ་ཤེས་ཀྱི་ཡུལ་ལ་ཚད་མའི་གནོད་པ་བསྟན་པས་ནམ་ཡང་ལྡོག་བྱེད་མེད་པས་བརྟན་པ་འཇིག་རྟེན་པའི་དཔེར་བྱས་ན་ཐག་པར་འཛིན་པའི་བློ་བཞིན་ནོ། །གནས་སྣང་མི་མཐུན་པའི་ཡུལ་ལ་ཚད་མས་གནོད་པ་སྟོན་དུ་ཡོད་པས་གནོད་པ་མཐོང་ན་ལྡོག་ཏེ་སྦྲུལ་འཛིན་གྱི་བློ་བཞིན་མི་བརྟན་ནོ། ། དེའི་ཕྱིར་བློ་གྲོས་མི་བཟད་པའི་མདོར། ཡེ་ཤེས་ནི་རྟག རྣམ་ཤེས་མི་རྟག་གསུངས་པ་རྒྱུན་གྱི་དབང་དུ་བྱས་ཏེ་བཤད་ན་བློ་ཆུང་རྣམས་ཀྱི་བློར་ཤོང་། ངོ་བོའི་དབང་དུ་བྱས་ཏེ་སྐད་ཅིག་མ་མིན་པར་བཤད་ན། དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་འདི་ཆོས་ཉིད་དང་ཐ་དད་དུ་མེད་པས་རྟག་པར་འགྲུབ་བོ། །གྲུབ་ཀྱང་དེའི་ཕྲིན་ལས་དང་གདུལ་བྱ་ལ་ལམ་སྟོན་པའི་མཁྱེན་བརྩེ་ནུས་གསུམ་གདུལ་བྱ་རང་ངོར་རིམ་ཅན་དུ་བྱུང་ཞིང་མི་རྟག་པར་སྣང་གི་རྟག་པར་སྣང་མི་ཤེས་ཏེ། གནས་མ་གྱུར་པའི་རྣམ་ཤེས་ལ་དེ་ལས་སྣང་ཐབས་མེད་དོ། ། འབྲས་བུ་རིམ་སྐྱེས་པ་རྣམས་ལ་དེ་དང་དེའི་དུས་ཀྱི་ནམ་མཁས་གོ་འབྱེད་པར་སྣང་གིས། འབྲས་བུ་རང་རང་སྐྱེ་བའི་དུས་མིན་པར་ནམ་མཁས་གོ་འབྱེད་དུ་མེད་པས། འབྲས་བུ་སྐྱེ་བའི་དབང་དུ་བྱས་ན། ན་ནིང་གི་ལོའི་གོ་འབྱེད་པའི་ནམ་མཁའ་ད་ལོའི་གོ་འབྱེད་མིན་ཏེ། ཡིན་ན་ཅིག་ཅར་གོ་འབྱེད་དགོས་པས་ནམ་མཁས་ཀྱང་འབྲས་བུའི་གོ་འབྱེད་པའི་དོན་རིམ་ཅན་དུ་བྱེད་པར་སྣང་མོད། ནམ་མཁའ་འདུས་མ་བྱས་པ་ལ་མི་རྟག་པའི་དོན་བཞག་ཏུ་མེད་པ་དང་འདྲ་བར་ཤེས་པར་བྱའོ། །འདིས་དབང་ཕྱུག་རྟག་པས་སྣོད་བཅུད་སྐྱེད་པའི་དོན་བྱེད་པའང་འགྲུབ་པར་འགྱུར་རོ་ཞེ་ན། མི་འདྲ་སྟེ་དབང་ཕྱུག་དངོས་པོར་ཁས་ལེན་པས་སངས་རྒྱས་འདུས་མ་བྱས་ཆེན་པོ་དང་མི་འདྲ་ལ། དབྱིངས་ཡེ་ཟུང་འཇུག་ནི་མཐར་ཐུག་དཔྱོད་རིགས་ཀྱིས་བསྒྲུབ་ཏུ་ཡོད་ལ། དབང་ཕྱུག་རྟག་གཅིག་སྒྲུབ་པའི་རིགས་པ་མེད་དོ། །གཞན་ཡང་དབང་ཕྱུག་ནི་སྣོད་བཅུད་བསྐྱེད་པའི་བྱེད་རྒྱུ་ཡིན་ལ། སངས་རྒྱས་ཀྱིས་སེམས་ཅན་སུ་ཡང་བསྐྱེད་པ་མ་ཡིན་ཏེ། ལས་ཉོན་གྱིས་བསྐྱེད་ཟིན་པའི་སེམས་ཅན་ལ་ཕན་བདེའི་རྐྱེན་བྱེད་དེ། རྒྱུད་བླ་མ་ལས། འབྱུང་མེད་གཟུགས་དོན་སོགས་གསུངས་པ་ལྟར་ཏེ། ཞིབ་མོར་བསམ་ན། ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །ཞེས་གསུངས་པའི་དོན་ཏོ། །ཆོས་དབྱིངས་ནམ་ཡང་འཕོ་འགྱུར་མེད་བཞིན། ལས་སྣང་སྒྱུ་མ་དང་། ཡེ་ཤེས་སྒྱུ་མའི་སྣང་བ་འབྱུང་བའང་དེའི་ངང་ལས་མ་འདས་ལ། དོན་ལ་ཆོས་ཀྱི་དབྱིངས་ཀྱིས་ཆོས་གང་ཡང་སྐྱེད་པའི་རྒྱུ་བྱས་པ་མེད་མོད། སྲིད་ཞིའི་རང་སྣང་གི་སྣང་བ་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བ་ལ། ཆོས་དབྱིངས་ནམ་མཁའ་བཞིན་དུ་གོ་འབྱེད་པ་ཡིན་ནོ། །དེའི་ཕྱིར་གདོད་མའི་ཆོས་དབྱིངས་ངང་ལས་གྲོལ་འཁྲུལ་བྱུང་ཞིང་། དེར་གནས། དེར་ཐིམ་པས། དུས་འཁོར་ལས། གང་ལས་སྲིད་པ་གསུམ་པོ་མཐའ་དག་སོགས་གསུངས་པ་བཞིན་ནོ། །ཐོག་མ་མེད་པའི་དུས་ཀྱི་ཁམས་ཞེས་པ་དང་བདེ་གཤེགས་སྙིང་པོའང་རྣམ་ཀུན་མཆོག་ལྡན་གྱི་ཆོས་ཀྱི་དབྱིངས་དེ་ཡིན་ནོ། །ཆོས་ཀྱི་དབྱིངས་སམ་སྟོང་པ་ཉིད་གནས་ལུགས་ཡིན་པའམ། ཡོད་པའི་དབང་གིས་དེ་ལ་དམིགས་པས་གནས་གྱུར་ཐོབ་པ་ཡིན་པས་ཟག་མེད་ཀྱི་དབང་པོ་དང་། དེའི་ཡུལ་ཐམས་ཅད་ཆོས་དབྱིངས་མེད་ན་འབྱུང་མི་ཤེས་ཀྱང་ཆོས་དབྱིངས་ལ་རྟོག་པ་དང་སྐྱེད་པའི་བྱེད་པ་མེད་མོད། མེད་ན་མི་འབྱུང་གི་རྒྱུར་ཁས་ལེན་པར་རིགས་པ་ཡིན། སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་གྱི་མཐུ་ནི་རྒྱུས་རྟེན་འབྲེལ་དངོས་ཡིན་ཀྱང་། ད་ལྟ་སངས་རྒྱས་ལ་དེ་དེའི་རྣམ་རྟོག་མི་མངའ་བར་ཆོས་སྐའི་ཕྲིན་ལས་ལྷུན་གྲུབ་ཀྱི་ཚུལ་དུ་འབྱུང་ངོ་། །དགེ ༈ ཡང་། བདེན་གཉིས་ཀྱི་ཆ་སོ་སོར་བློ་ལ་སྣང་བའི་རྣམ་གྲངས་པའི་དོན་དམ་བསྒྲུབ་པའི་སྐབས་སུ་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་པ་དེ་ཉིད་དོན་དམ་དཔྱོད་པས་དཔྱད་ན་མ་གྲུབ་པས། རང་ངོས་ནས་སྟོང་པ་ཡིན་པས། སྣང་སྟོང་ཟུང་འཇུག་ཡིན། ཡོད་རྐྱང་མེད་རྐྱང་ལྟ་བུ་མིན་པས་སྣང་སྟོང་ཡ་བྲལ་རེ་རེ་ནས་མིན། སྣང་ན་སྟོང་མི་ཤེས་ན་སྣང་བ་འདི་དཔྱད་བཟོད་དགོས་ཀྱང་དེ་མི་སྲིད་པ་དང་། སྟོང་ན་སྣང་མི་སྲིད་ན་དོན་དམ་དཔྱོད་པས་མི་རྙེད་པའི་ཆོས་ཐམས་ཅད་འཇིག་རྟེན་ཐ་སྙད་དུ་སྣང་མི་སྲིད་པ་ཡིན་དགོས་ཀྱང་། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་ཀྱིས་སོགས་གསུངས་པ་ལྟར་དེ་ལྟ་བུ་མི་སྲིད་དོ། །དེས་ན་ཕྱོགས་གང་རུང་དུ་ལྷུང་བའི་མཐའ་ཁེགས་པས་དབུ་མར་གྲུབ། རང་ངོས་མི་སྟོང་གཞན་བདེན་གྲུབ་ཀྱིས་སྟོང་ཞེས་ཟེར་བ་རྣམས་ཀྱིས་སྟོང་ན་སྣང་མི་སྲིད་དོ་བསམ་ནས། རང་སྟོང་མི་འདོད་པ་འདི་ལྟར་ན་ཡང་། ཐ་སྙད་དུ་ཡོད་པ་དེ་དོན་དམ་པར་མེད་པ་ལས་ལྷག་པའི་སྟོང་ཚུལ་དོན་ལ་མི་སྲིད་དེ། ཚིག་གི་ཐ་སྙད་ཙམ་མོ། །དེ་ལྟར་བདེན་གཉིས་སོ་སོར་སྣང་བའི་ཚེ། སྣང་བས་མེད་མཐའ་ཁེགས་པ་ཐ་སྙད་དུ་ཡོད་པ་ལས་གཞན་དུ་མེད་ལ། སྟོང་པས་ཡོད་མཐའ་ཁེགས་པའང་དོན་དམ་པར་མེད་པའམ། བདེན་གྲུབ་མེད་པ་ལས་གཞན་དུ་མེད་པས། དེ་གཉིས་དོན་འདྲ་ཡང་། རང་ངོས་ནས་སྟོང་ན་ཐ་སྙད་དུ་མེད་མི་དགོས་པ་དངོས་པོའི་ཆོས་ཉིད་ཀྱིས་འོང་བར་གྱུར་པ་ལ། འགལ་སྤོང་དུ་གཞན་གྱིས་སྟོང་ཚུལ་ལྟ་བུའི་ཁས་ལེན་གྱིས་འགལ་སྤོང་མི་ནུས་ཏེ། བུམ་པ་རང་ངོས་ནས་མ་སྟོང་ན། བུམ་པ་རང་ཉིད་མི་སྟོང་པར་འགྱུར་ལ། རང་མ་སྟོང་ན་ཆོས་གཞན་གྱིས་སྟོང་ཀྱང་སྣང་སྟོང་དོན་གཅིག་ཏུ་མི་འཆར་ཏེ། དོན་ཐ་དད་པར་འགྱུར་ཏེ། ཐ་སྙད་དུ་བུམ་པ་རང་གིས་མི་སྟོང་པར་སྣམ་བུས་སྟོང་བའི་སྟོང་ཉིད་དང་དོན་མི་གཅིག་པ་ལྟར་འགྱུར་རོ། །བུམ་པ་རང་ཉིད་མ་སྟོང་ན། བུམ་པ་རང་ཉིད་བདེན་གྲུབ་ཀྱིས་མི་སྟོང་སྟེ། བུམ་པ་རང་ཉིད་བདེན་གྲུབ་ཏུ་འགྱུར་རོ། ། དེས་ན་བདེན་གྲུབ་མེད་པ་འགལ་ལོ། །འོ་ན་དེ་གཉིས་དོན་གཅིག་ལས་མེད་ན། སྣང་སྟོང་དང་བདེན་པ་གཉིས་ཆར་མེད་པས་བདེན་གཉིས་གཅིག་པའི་སྐྱོན་བཞིས་གནོད་དོ་ཞེ་ན། བདེན་གཉིས་དབྱེར་མེད་ཀྱི་ངོ་བོའི་དབང་དུ་བྱས་ན། བདེན་གཉིས་ཕྱེ་མི་དགོས་ཏེ། དེ་ཉིད་སྤྲོས་པ་ཀུན་བྲལ་ཡིན་པས། སྣང་སྟོང་དབྱེར་མེད་ཀྱི་གནས་ལུགས་དེ་ཆོས་ཅན། མཐའ་བཞི་དང་བྲལ་བར་ཐལ། ཡོད་པ་མཐའ་གཅིག་དང་། མེད་པ་མཐའ་གཅིག་པ་གང་རུང་མིན་ལ། དེ་གཉིས་ཀ་མ་ཡིན་ཏེ། གཉིས་ཀ་ཐ་དད་དུ་མེད་པའི་དབྱེར་མེད་ཡིན་ལ། དབྱེར་མེད་ཡིན་ཡང་གཉིས་ཀ་མ་ཡིན་པ་སྟེ་ཕུང་གསུམ་དུ་དམིགས་པར་བྱ་བའི་གཞི་མེད་པས་སོ། ། གཉིས་ཆོས་མེད་པའི་དབྱེར་མེད་ཡིན་རུང་སྟེ། རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ཞེས། མ་ནིང་དེ་ཕོ་མིན་ལ་མོ་ཡང་མིན་པ་དཔེར་བཀོད་ནས། ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ཞེས་དུས་འཁོར་ལས་གསུངས་པ་དང་། ཀུན་རྫོབ་དང་ནི་དོན་དམ་དག་སོགས་གང་དུ་འདྲེས་པ་དེ་ཟུང་འཇུག་གི་དབྱེར་མེད་སྒྲུབ་པའི་དབང་དུ་དེ་ལྟར་ཕུང་གསུམ་པ་ལྟ་བུར་ཁས་བླང་། དེ་ཐ་སྙད་དུ་སྒྲུབ་ཚུལ་ཡིན་ལ་སྐྱོན་མེད་སྐབས་ཡོད་ཀྱང་། དེས་ལྗང་གུ་དེ་སྔོ་སེར་གཉིས་ཀ་དང་། སྔོ་རྐྱང་སེར་རྐྱང་མིན་ཀྱང་། སྔོ་སེར་འདྲེས་པ་ལས་སྔོ་སེར་གཉིས་ཀ་མིན་པའི་ལྗང་ཀུ་གསར་དུ་འབྱུང་བ་ལྟར། དོན་དམ་སོ་སོ་རང་རིག་གི་ཡུལ་དུ་ཀུན་རྫོབ་མིན་ལ་དོན་དམ་ཀྱང་མིན་པའམ། སྣང་བ་མིན་ལ། མི་སྣང་བའང་མིན་པའམ། མི་སྟོང་པ་མིན་ལ་སྟོང་པ་མིན་པའི་ཕུང་གསུམ་རང་རྒྱུད་པ་ཞིག་དམིགས་པ་མིན་ཏེ། དེ་ཡོད་མེད་ཡིན་མིན་གྱི་དགག་སྒྲུབ་ཀྱི་ཐ་སྙད་བཞི་ལས་འདས་ཏེ་མཐའ་གང་དུའང་མི་གནས་པ་ཡིན་པས། སྣང་མི་སྣང་། སྟོང་མི་སྟོང་། བདག་ཡོད་མེད་སོགས་ཀྱི་སྤྲོས་པ་ཀུན་བྲལ་ཡིན་པར། མདོ་དང་དབུ་འཇུག་སོགས་བསྟན་བཅོས་ཀུན་ལས་གསུངས་པའི་ཕྱིར། འདི་ལ་ཀུན་རྫོབ་དང་དོན་དམ་སྦྱར་ཏེ་མཐའ་གཉིས་འགེགས་དགོས་ན། བདག་དོན་དམ་པར་ཡོད་པ་མ་ཡིན། ཐ་སྙད་དུ་མེད་པ་མ་ཡིན་ཟེར་ནས་བདག་ཐ་སྙད་དུ་ཡོད་པར་ཁས་བླངས་ལ། བདག་དོན་དམ་པར་མེད་པ་མ་ཡིན། ཐ་སྙད་དུ་ཡོད་པ་མ་ཡིན་ཞེས་ཤིན་ཏུ་འགལ་བ་ནི་སྨྲ་སུས་ནུས། དེ་བཞིན་ཆོས་ཉིད་ཀྱི་གནས་ལུགས། དོན་དམ་པར་སྣང་བ་མ་ཡིན། ཐ་སྙད་དུ་མི་སྣང་བ་མ་ཡིན་པའམ། ཡང་ན་སྟོང་མི་སྟོང་གི་མཐའ་ལས་འདས་ཚུལ། ཐ་སྙད་དུ་མི་སྟོང་པ་མ་ཡིན། དོན་དམ་པར་སྟོང་པ་མ་ཡིན་ཟེར་རམ། ཀུན་རྫོབ་ཏུ་སྟོང་པ་མ་ཡིན། དོན་དམ་པར་མི་སྟོང་པ་མ་ཡིན་སོགས་ཅི་སྨྲས་ཀྱང་རེས་འགྲིག་རེས་མི་འགྲིག་པ་ལས་མི་འོངས་ལ། གནས་ལུགས་ནི་དོན་དམ་མཐར་ཐུག་གི་དབང་དུ་བྱས་པ་ཡིན་ན། དེ་ལ་ཀུན་རྫོབ་ཀྱི་དབང་དུ་བྱས་པའི་ཁས་ལེན་དང་། དོན་དམ་གྱི་དབང་བྱས་ཀྱི་ཁས་ལེན་གཉིས་ཀྱི་སྤྲོས་པ་ཡོད་ན། མཐའ་བཞི་ཅིག་ཆར་ཁེགས་ཚུལ་ག་ལ་ཡོད། གཞན་ཡང་ཀུན་དོན་གྱི་ཚད་མ་རེ་རེ་སོ་སོར་ཕྱེ་ནས། ཀུན་རྫོབ་ཏུ་ཡོད་པ་མ་ཡིན་སོགས་མཐའ་བཞི་མེད་པར་ཁས་བླང་མི་རུང་སྟེ། ཀུན་རྫོབ་ཏུ་མེད་པ་མ་ཡིན་ཁོ་ནར་འདོད་དགོས་ལ། མུ་གཞན་གསུམ་སྦྱར་དོན་མེད་དོ། །དོན་དམ་གྱི་དབང་དུ་བྱས་ན། དོན་དམ་པར་མེད་པ་ཁོ་ན་ཁས་བླང་བ་ལས། ཡོད་པ་དང་། གཉིས་ཡིན། གཉིས་མིན་གསུམ་ཁས་བླངས་མི་རུང་ངོ་། །ཀུན་དོན་གཉིས་ཀ་སྤེལ་བའི་དབང་དུ་བྱས་ན། ཀུན་རྫོབ་ཏུ་ཡོད། དོན་དམ་པར་མེད་ཅེས་སམ། ཀུན་རྫོབ་ཏུ་ཡོད། བདེན་གྲུབ་ཀྱིས་མེད་ཅེས་པ་ལྟ་བུའི་སྒོ་ནས་མཐའ་གཉིས་བསལ་བ་ལས་འོས་མེད་ལ། དེ་ལྟར་ཚད་མ་གཉིས་པོའི་དབང་བྱས་ཁས་ལེན་གཉིས་སོ། །དེ་གཉིས་ཀ་ཡིན་པར་ཁས་ལེན་དགོས་ལ། གཉིས་ཀ་ཡིན་ན། མུ་བཞི་པ་ཁས་ལེན་མི་རུངས་ལ། གཉིས་ཀ་མིན་ན། དེ་གཉིས་ཀ་མི་འཐད་པ་སོགས་ཇི་ལྟར་ཁས་བླངས་ཀྱང་སྐྱོན་ཡོད་པས་ཁས་ལེན་ཡོད་པ་སྲིད་དུ་སྐྱོན་ཡོད་དེ། བདེན་པ་དབྱེར་མེད་ཁས་ལེན་ཀུན་བྲལ་འདི་ཞེས་ཁས་བླང་བའི་སྐྱོན་མེད་དོ། །ང་ལ་ཁས་ལེན་སོགས་གསུངས་པ་བཞིན་ནོ། །བདེན་གཉིས་ངོ་བོ་གཅིག་ཡིན་པ་སྟེ། གནས་ལུགས་ལ་བདེན་གཉིས་དབྱེར་མེད་ཡིན་ཅེས་པའི་དོན་ཡིན། དེའི་དབང་དུ་བྱས་ཏེ་གོང་གི་ཁས་ལེན་ལྟར་ན། གཉིས་མིན་དུ་ཁས་བླང་དགོས་ལ། སོ་སོའི་ཁས་ལེན་ལྟར་རོ། །ཀུན་རྫོབ་ཏུ་ཡོད་པ་དང་། བདེན་གྲུབ་ཀྱིས་མེད་པ་གཉིས་ཀ་མིན་ན་སྔ་མའི་གཉིས་ཡིན་དང་འགལ་བར་འགྱུར་རོ། །གཉིས་ཀ་ཕུང་གསུམ་པ་མིན་པར་གོ་སྙམ་ན། མུ་ཕྱི་མ་གཉིས་ཀ་ཕུང་གསུམ་པར་གོ་དགོས་ལ། དེ་ལྟར་ན་སྔ་མ་གཉིས་ལས་ལྷག་པར་མུ་ཕྱི་མ་གཉིས་ལ་སྔ་མའི་དོན་ལྟར་བདེན་གཉིས་སོ་སོའི་ངོར་ཁས་བླངས་དེ་ལས་ལྷག་པོ་མེད་པར། བདེན་གཉིས་ངོ་བོ་མི་གཅིག་པའི་འགལ་འདུ་ནན་གྱིས་སྨྲ་བ་ལས་དགོས་པ་ཅི་ཡང་མེད་དོ། ། ༈ ཇི་སྲིད་ཡོད་པ་དང་མེད་པ་གཉིས་ཡིན་གཉིས་མིན་གྱི་མཐའ་གང་རུང་དུ་ཁས་ལེན་པ། དེ་ལྟར་ནི། རིགས་པ་སྤྲོས་པ་ལས་མ་འདས་པས། བདེན་གཉིས་ཕྱེས་ཏེ་མ་སྨྲས་པར་མཐའ་བཞི་གང་ཡང་མིན་པར་ཁས་ལེན་མི་བཏུབ་པས་ཁས་ལེན་དང་བཅས་པ་ཡིན་ལ། ནམ་ཞིག་ཡོད་མེད་ལ་སོགས་པའི་མཐའ་བཞི་གང་གི་ཁས་ལེན་མེད་པ་སྤྲོས་བྲལ་དུ་སོན་ཚེ། བདེན་གཉིས་དབྱེར་མེད་ཀྱི་དོན་ཡིན་པས་བདེན་གཉིས་ཕྱེ་མི་དགོས་ལ། གཅིག་དགག་པས་ཅིག་ཤོས་སྒྲུབ་པ། གཅིག་སྒྲུབ་པས་ཅིག་ཤོས་དགག་པ་ལྟ་བུའི་ཁས་ལེན་དུ་མི་འགྲོ་སྟེ། སྤྲོས་པ་གང་ཡང་མེད་པའི་ཆ་ནས་སྤྱིར་མུ་བཞིའི་འཛིན་སྟངས་མེད་པར་སྒྲུབ་པས་གོ་ཆོད་འདྲ། དེ་ལྟར་མིན་ན་ཁས་ལེན་ཀུན་བྲལ་ཀླུ་སྒྲུབ་ཀྱི་གསུང་སྒྲ་ཇི་བཞིན་ཁས་ལེན་མི་རུང་བར། བདེན་གྲུབ་ཀྱི་ཁས་ལེན་ཀུན་བྲལ་ཁོ་ནར་འཆད་དགོས་ལ། བདེན་གྲུབ་ཀྱི་ཁས་ལེན་ཀུན་བྲལ་གྱིས་གནས་ལུགས་སྐྱོན་མེད་ཁོ་ནར་གྲུབ་ན། བདེན་གྲུབ་མེད་པས་མུ་བཞིའི་སྤྲོས་པ་ཁེགས་དགོས་ཀྱང་། བདེན་གྲུབ་མེད་པ་དང་ཡོད་པ་གཉིས་ཡིན། གཉིས་མིན་བཞི་ཁས་ལེན་མི་ནུས་ཏེ། བདེན་གྲུབ་མེད་པ་ཁོ་ནར་ཁས་བླང་དགོས་ཀྱི། མུ་གསུམ་ཁས་བླང་མི་རུང་ངོ་། །བུམ་པ་བདེན་གྲུབ་ཀྱིས་ཡོད་པ་མ་ཡིན། བདེན་གྲུབ་ཀྱིས་མེད་པ་མ་ཡིན་ཞེས་ཁས་ལེན་ནུས་སམ། དེས་ན་བདེན་གྲུབ་ཀྱི་ཁས་ལེན་པ་ཁོ་ནས། མཐའ་གཉིས་དང་། བཞི་དང་། བརྒྱད་ཁེགས་ཚུལ་ཁྱོད་ཀྱིས་འཆད་ཐུབ་ན་དེ་གྲུབ་པར་འགྱུར་ནའང་། བདེན་མེད་དང་། ཐ་སྙད་དུ་ཡོད་པ་ཟུང་དུ་མ་སྦྱར་བར། བདེན་མེད་དུ་ཁས་བླང་བ་ཁོ་ནས་དེ་དག་མེད་མཐའ་འགོག་མི་ནུས་པ་དངོས་སྟོབས་ཀྱིས་གྲུབ་པ། ཁྱོད་ཀྱིས་ཁས་ཀྱང་བླངས་སོ། །མེད་མཐའ་མི་ཁེགས་ན། མུ་ཕྱི་མ་གསུམ་ཇི་འདྲ་ཁེགས་སེམས་ཤིག །ཞིབ་བར་རབ་ལན་དུ་གསལ་ལོ། །བདེན་གྲུབ་ཀྱི་ཁས་ལེན་མེད་པ་དང་། །བདེན་གྲུབ་ཀྱི་སྤྲོས་པ་མེད་པ་དང་། བདེན་གྲུབ་ཀྱི་རྣམ་པར་མི་རྟོག་པ་ཞེས། གཞུང་ཐམས་ཅད་དེ་ལྟར་ཁྱད་པར་མ་སྦྱར་བར། སྤྱིར་ཁས་ལེན་པ་སོགས་སུ་སྨྲ་མི་རུང་བར་འགྱུར་ལ། དེ་ལྟ་ཡིན་ན། བདག་བདག་མེད་སོགས་ཟུང་དུ་སྦྱར་བའི་སྤྲོས་པ་ཐམས་ཅད་འཕགས་པའི་མཉམ་བཞག་གི་ངོས་ན་མེད་པར་གསུངས་པའི་མཉམ་བཞག་སྣང་མེད་དང་གཟུང་འཛིན་གཉིས་མེད་དེ་གཏན་ནས་མི་སྲིད་པར་དགོངས་པ་ཅན་དུ་ཁས་ལེན་དགོས་ལ། བུམ་སོགས་སྣང་བ་ཐམས་ཅད་དང་། དེ་དེའི་སྤྲོས་པ་ཐམས་ཅད་འཕགས་པའི་མཉམ་བཞག་ངོར་ཡོད་བཞིན་བདེན་གྲུབ་ཀྱི་གཉིས་སྣང་མེད་པས་གཉིས་སྣང་མེད་པའི་གོ་ཆོད་ན། བདེན་གྲུབ་ཀྱི་གཉིས་སྣང་ནི་སེམས་ཅན་ཐམས་ཅད་ལའང་སྣང་མ་མྱོང་བས། སེམས་ཅན་ཐམས་ཅད་ཡེ་ནས་གཉིས་སྣང་མེད་པའི་ཆོས་ཉིད་ལ་གཉིས་སྣང་ནུབ་པ་ཅན་དུ་ཐལ་ལོ། །དེ་ལྟ་ན་འབད་མེད་དུ་ཅིས་མི་གྲོལ་ལ། ད་གཉིས་སྣང་མེད་པར་མཉམ་བཞག་གསར་དུ་ཇི་ལྟར་བསྐྱེད། རི་བོང་རྭ་ཡེ་ནས་མེད་པ་ལ། ད་གསར་དུ་མེད་པར་བྱ་མི་དགོས་པ་བཞིན་ནོ། །མངྒ་ལཾ། ། ༈ དབུ་མའི་དཔྱད་པ་ལེགས་པོ་ཡོད། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་ངོ་བོ་གཅིག་པ་དེ། སྣང་སྟོང་དབྱེར་མེད་ངོ་བོ་གཅིག་ཡིན་ཏེ། དེ་ནི་བདེན་གཉིས་དཔྱོད་པའི་ཚད་མས་གྲུབ་སྟེ། གང་སྣང་འདི་སྟོང་། སྟོང་པ་དེ་སྣང་བ་ལས་ཐ་དད་དུ་ཡོད་ན། ཆོས་དེའི་ངོ་བོ་མི་སྟོང་བར་འགྱུར་བས་དེ་གཉིས་ཐ་དད་དུ་མེད་དོ། །ངོ་བོ་དབྱེར་མེད་པར་གྲུབ་པའི་ངོ་བོ་དེ་ནི་རྣམ་གྲངས་མིན་པའི་དོན་དམ་སྟེ། དེ་ལ་གང་དུའང་བརྗོད་མི་ཤེས་ཏེ་སོ་སོ་རང་རིག་གི་ཡུལ་ལོ། །དེ་ནི་ཆོས་དབྱིངས་དང་རིགས་སོགས་ཡིན་ཏེ། ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་ཡིན་གྱི། རྣམ་གྲངས་པ་ནི་མིན་ནོ། །དེ་མིན་རྟགས་རྣམ་གྲངས་པའི་སྟོང་པའི་དབང་དུ་བྱས་ན། མཐའ་བཞི་འགོག་ཚེ། བདེན་མེད་ཀྱི་ཡོད་མཐའ་སེལ། ཐ་སྙད་དུ་ཡོད་པས་ཆད་མཐའ་སེལ་དགོས་ལ། དེ་ལྟ་ན་གནས་ལུགས་རང་གི་ངོས་ནས་མཐའ་བཞི་སེལ་མི་ནུས་ཏེ། གནས་ལུགས་མེད་དགག་ལ་ཡོད་མཐའ་སེལ་བའི་ནུས་པ་ཡོད་ཀྱི། མེད་མཐའ་སེལ་བ་ཀུན་རྫོབ་ལ་ལྟོས་པའི་ཕྱིར། གནས་ལུགས་ཁོ་རང་གི་ངོས་ན་མཐར་ལྷུང་བ་ཅན་དུ་འགྱུར་བས། དེ་འདྲའི་མཐར་ལྷུང་གི་སྟོང་ཉིད་དེ་ཆོས་ཉིད་མ་ཡིན་ནོ། །གཞན་ཡང་བདེན་གཉིས་ཕྱེས་ཏེ་མཐའ་བཞི་འགོགས་པ་ལ་བརྗོད་པ། བདེན་གཉིས་ཀྱི་ལྡོག་པ་དེ་གཉིས་ཟུང་འཇུག་ཡིན་ན། རང་གི་ངོ་བོ་མ་འདྲེས་པར་ཐ་དད་ཟ་འོག་གི་རི་མོ་ལྟར་ཐ་དད་དུ་ཡོད་པ་ཡིན་ནམ། ངོ་བོ་དབྱེར་མེད་ཡིན། དབྱེར་མེད་ཡིན་ན་ཟུང་འཇུག་གནས་ལུགས་སུ་གྲུབ་ལ། ཆོས་དབྱིངས་ལ་སྣང་བའི་རང་བཞིན་ཡོད་ཀྱི། སྣང་མེད་སྟོང་རྐྱང་མིན་པར་གྲུབ། ངོ་བོ་ཐ་དད་ན་ངོ་བོ་གཅིག་པ་ཞེས་པའང་མི་འགྲུབ་ལ། བདེན་གཉིས་ཐ་དད་དོན་འགལ་ཅན་དུ་འགྱུར་རོ། །ཇི་ལྟར་ཤེས་བྱ་ལ་རྟག་མི་རྟག་གི་ཆ་ཡོད་ཀྱང་། དེའི་རང་ལྡོག་རྟག་པར་བརྗོད་དགོས་པ་ལྟར། རྣམ་གྲངས་མིན་པ་དེ་ལ་ལྡོག་ཆ་གཉིས་ཡོད་ཀྱང་། རང་གི་ངོ་བོ་འདུས་མ་བྱས་རྟག་པ་ལ་བརྗོད་དགོས། གང་དུ་ཡང་དག་འདྲེས་སོགས་དོན་བཞིན། བློ་ངོར་དབྱེར་མེད་གྲུབ་པ་ལ་འདྲེས་ཞེས་བརྗོད་ཀྱི། དོན་ལ་ཡེ་ནས་དབྱེར་མེད་ཡིན། དེ་ལ་ཆོས་ཐམས་ཅད་རོ་མཉམ་དུ་གྱུར་པས་སྣང་སྟོང་ཐ་དད་དུ་དབྱེར་མེད་ཀྱི། སྣང་སྟོང་གིས་བསྡུས་པའི་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་དེ་ལ་མ་རྫོགས་པ་མེད་པས། དེ་ནི་འདུས་བྱས་མ་བྱས་ཀྱི་མཐའ་ལ་མི་གནས་པའོ། །དེའི་སྣང་ཆ་དེ་ཡང་འདི་ཞེས་རིས་ཆད་ཅན་དང་། འདུས་བྱས་ཉི་ཚེ་བ་གང་ཡང་མིན་ཏེ། སྣང་བ་ཐམས་ཅད་རོ་མཉམ་པར་གྱུར་པའི་སྟོང་པའོ། །སྟོང་པ་དེ་ཡང་ཉི་ཚེ་བའི་སྟོང་པ་མ་ཡིན་ཏེ། ཁས་ལེན་ཀུན་བྲལ་གྱི་སྟོང་པ་སྣང་བ་དང་གཉིས་སུ་མེད་པའི་རྣམ་ཀུན་མཆོག་ལྡན་ནོ། །རྣམ་གྲངས་པ་ལྟར་ན། ཡོད་མེད་མཐའ་གཉིས་དེ་ལྟར་ཁེགས་ཀྱང་། གཉིས་ཡིན་གཉིས་མིན་ཇི་ལྟར་འགོགས། བདེན་གྲུབ་ཀྱི་གཉིས་ཡིན་སྦྱར་མི་དགོས་ཏེ། ངོ་བོ་ལ་གཉིས་ཀའི་ཡིན་པ་ཐ་སྙད་དུ་མེད་པས་སོ། །བདེན་གཉིས་སོ་སོར་མ་འདྲེས་པས་མཐའ་འགོགས་ཚུལ་ལྟར་ན། གཉིས་ཀ་ཡིན་པའི་མུར་འགྱུར་ཏེ། བདེན་གཉིས་ངོ་བོ་གཅིག་པའི་ཟུང་འཇུག་དེ་ཡོད་པའང་ཡིན་མེད་པ་ཡང་ཡིན་ཟེར་དགོས་ལ། མིན་ན་ཟུང་འཇུག་གི་མཐའ་མི་ཁེགས་པས་དོན་གཅིག་ཏུ་འདུ་བར་མི་འགྱུར་རོ། །ཇི་ལྟར་ཀ་བ་ཡོད་པ་དེ་ལ་སྣམ་བུ་མེད་པས་ཀ་བའི་ཡོད་མཐའ་མི་སེལ་བ་བཞིན་ནོ། །ཀ་བ་དེ་ཀ་བར་ཡོད་པ་དང་སྣམ་བུ་མེད་པ་གཉིས་ཀ་ཡིན་དགོས་པ་བཞིན་ནོ། །ཡོད་མེད་ངོ་བོ་གཅིག་པ་འགལ་ཏེ་ཡིན་པ་མི་སྲིད་པའི་ཤེས་བྱར་འདོད་པ་ལྟར་ན། བདེན་གཉིས་ཀྱང་ངོ་བོ་མི་གཅིག་ཏེ་འགལ་བར་འགྱུར་རོ། །སྣང་སྟོང་ཡང་ངོ་བོ་མི་གཅིག་འགལ་བར་འགྱུར་ན། དེ་ལྟ་ན་སྟོང་རྟེན་འབྱུང་གི་སྣང་བ་མེ་ཆུ་ལྟར་འགྱུར་རོ། ། གཉིས་ཡིན་མིན་གཉིས་མིན་མིན་ཞེས་ཁས་ལེན་མི་རུང་སྟེ། དངོས་པོ་གཞི་གང་ལ་ལྟོས་ནས་ཆོས་གང་ལ་ཡང་། གཉིས་ཡིན་མིན་ན་གཉིས་མིན་ཡིན་དགོས་ལ། གཉིས་མིན་མིན་ན་གཉིས་ཡིན་ཡིན་དགོས་ཏེ། དེ་གཉིས་མ་ཡིན་པ་ཤེས་བྱ་ལ་མེད་དེ། ཡོད་པ་མིན་མེད་པ་མིན་ཞེས་ཁས་ལེན་པ་མི་འཐད་པར་འཛིན་པ་ཅན་རང་གི་ཁས་ལེན་ནོ། །བཞི་ཀར་བདེན་གྲུབ་སྦྱར་ན། མཐའ་བཞི་བསལ་ཅི་དགོས། བདེན་གྲུབ་ཁོ་ན་བཀག་པས་ཆོག་གི དེ་ལྟ་ན་བདེན་གྲུབ་ཁོ་ནས་མཐའ་བཞི་བསལ་གྱི། སྟོང་རྟེན་འབྱུང་སོ་སོས་ཅི་བྱེད་ལ། བདེན་གྲུབ་མེད་པའི་མཐའ་བཞིའི་འཛིན་སྟངས་དང་དོན་གཉིས་ཀ་གནས་ལུགས་ལ་ཡོད་ཅེས་ཁས་ལེན་དུ་འགྱུར་རོ། ། རྣམ་གྲངས་མིན་པའི་ཆོས་དབྱིངས་ཀྱིས་ནི་མཐའ་བཞི་ཅར་ཁེགས་ཏེ་ཁྱད་པར་སྦྱར་མི་དགོས་ཏེ། སྤྲོས་པའི་དྲྭ་བ་ཀུན་ལས་འདས་པའི་ཕྱིར་རོ། །བུམ་པ་དང་བུམ་པའི་ཆོས་ཉིད་རྟག་དངོས་གཉིས་ངོ་བོ་ཇི་ལྟར་གཅིག །བདེན་གཉིས་ངོ་བོ་གཅིག་པ་འདིའི་སྟེང་ན་ཕ་རོལ་ཁས་ལེན་ཐམས་ཅད་འཇོམས་པའི་གནད་ཐམས་ཅད་ཡོད། རྣམ་གྲངས་མིན་པ་ཁོ་ན་དོན་དམ་དང་། ཐ་སྙད་ཤེས་བརྗོད་འཇུག་གསུམ་གྱི་ཡུལ་གྱུར་ཐམས་ཅད་ཀུན་རྫོབ་བྱས་ན། བདེན་གཉིས་གཅིག་བཀག་པའི་ཐ་དད་ཡིན་ནམ་སྙམས། ཐ་སྙད་ཐམས་ཅད་ནི་དོན་དུ་མི་གནས་པའི་ཕྱིར་རོ། །རྣམ་གྲངས་པའི་དོན་དམ་གྱི་དབང་དུ་བྱས་ན། བདེན་གཉིས་ངོ་བོ་གཅིག་ལྡོག་པ་ཐ་དད་དོ། །ཆོས་དབྱིངས་ཉག་གཅིག་ལ་ཆོས་དབྱིངས་དུ་མ་མེད། དུས་གསུམ་ཁྱད་པར་སྦྱར་མེད། ཆོས་ཐམས་ཅད་དེའི་ངོ་བོར་རོ་གཅིག་སོགས་ཐེག་ཆེན་ཀུན་གྱི་དགོངས་པ་ཐམས་ཅད་རྣམ་གྲངས་མིན་པ་ལ་འོང་གི རྣམ་གྲངས་པ་ལ་ཇི་ལྟར་འོངས་ཏེ། དེ་ནི་ཐ་དད་དུས་གསུམ་རེས་འགའ་བ། ཆོས་ཉི་ཚེ་བ་སོ་སོའི་ཆོས་ཉིད་ཡིན་པ་སོགས་སོ། །གཅིག་གི་སྟོང་ཉིད་གང་ཡིན་སོགས་དྲངས། རྣམ་གྲངས་པ་ལྟར་ན། གཅིག་གི་མི་རྟག་ཀུན་གྱི་མི་རྟག་ཡིན། །གཅིག་གི་དངོས་པོ་ཀུན་གྱི་དངོས་པོ་སོགས། །འདྲ་བ་ཙམ་གྱིས་དེ་ལྟར་གྱུར་ན་ཤེས་བྱ་ཐམས་ཅད་ཕར་ཡིན་ཚུར་ཡིན་གཅེར་བུ་པའི་ལྟ་བ་ཅན་དུ་འགྱུར་རོ། །དངོས་གཅིག་གི་དེ་བཞིན་ཉིད་མཐོང་ན་དངོས་ཀུན་དེ་ལྟར་མཐོང་གསུངས་པ་རྣམ་གྲངས་མིན་པའི་དབང་དུ་སྟེ། རྣམ་གྲངས་པ་ནི་དེ་བཞིན་ཉིད་མིན་ཏེ་དེ་ལ་འཇུག་པའི་སྒོ་ཙམ་མོ། ། ༈ ཡང་། གཞི་གྲུབ་ན་རྣམ་རྫོགས་སྦྱོར་བའི་བསྒོམ་བྱ་ཡིན་མིན་དཔྱད་ན། ཡིན་པས་མ་ཁྱབ། སངས་རྒྱས་མི་བདེན་སྙམ་པའི་ལོག་ལྟ་ལྟ་བུ། མིན་པས་མ་ཁྱབ། སྟོང་ཉིད་ལ་སོགས་པ་ལྟ་བུའོ། །དེ་བཞིན་སྔགས་ལམ་གྱི་བསྒོམ་བྱ། སྤང་བྱ། ཐོབ་བྱ་སོགས་ཀུན་ལ་འགྲེ། ཤེས་བྱ་ནི་ཐམས་ཅད་དུ་ཁྱབ། བསྒོམ་བྱ་ལ། དགོས་པ་ཡོད་པ ་རྣམས་སྒོམ་གྱི་དགོས་མེད་མི་སྒོམ། ཁྱི་རྒྱ་སོགས་སྤྲུལ་སྐར་འདོད་ཚེ་དགོས་པ་ཡོད་སྙམ་མོ། །སྤང་བྱ་ལ་ནི་དགོས་པ་མི་དཔྱད། ཐོབ་བྱ་ལ་ནི་དགོས་པ་ཅི་འབྱོར་དཔྱོད། མེ་བྱ་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ལའོ། ། ༈ ལོག་ལྟ་སྟོང་པར་སྒོམ་བྱ་ཡིན་པས་སྒོམ་བྱ་ཡིན་ཟེར་ན་མིན་ཏེ། སྟོང་པར་བསྒོམ་བྱ་ཡིན་གྱི། ལོག་ལྟ་བསྒོམ་བྱ་མ་ཡིན་ནོ། །གཞི་གྲུབ་ན་སྟོང་པར་བསྒོམ་བྱ་ཡིན། མི་རྟག་པར་མིན་ཏེ་ནམ་མཁའ་སོགས་གོ་སླ། ༈ བདེན་གཉིས་དོན་དཔྱོད་ཀྱིས་དཔྱད་པའི་ཚེ་བུམ་པའི་སྟེང་ན་དགག་བྱ་གཞན་མི་བཙལ་ཏེ་བུམ་པ་ཉིད་འགོག་སྟེ། དོན་དམ་དཔྱོད་པས་ཁེགས་ཞེས་པ་དཔྱད་བཟོད་མིན་པའམ། དོན་དཔྱོད་ཀྱིས་མ་རྙེད་པའི་དོན་ལ་བརྗོད་ཅིང་། བདེན་པ་དང་ངོ་བོ་ཉིད་ཀྱིས་གྲུབ་ཅེས་པ་དོན་དཔྱོད་ཀྱིས་དཔྱད་བཟོད་དུ་གྲུབ་པ་ལ་བྱེད་པ་ཁོ་ན་ལས་གཞན་མེད་དོ། །དེས་ན་བུམ་པ་དཔྱད་ནས་མ་རྙེད་པ་དེ་ལ་སྟོང་ཞེས་དང་དམིགས་སུ་མེད་ཅེས་དང་། དོན་དམ་པར་མེད་ཅེས་དང་། ངོ་བོ་ཉིད་མེད་ཅེས་བརྗོད་པ་ཡིན་གྱི་གཞན་དུ་ཅུང་ཟད་མེད་དོ། །དེ་ལྟར་དོན་དཔྱོད་ཀྱིས་དཔྱད་ན་དམིགས་པར་བྱར་མེད་པ་སྟོང་པ་ཡིན་བཞིན་དུ། ཐ་སྙད་དུ་སྣང་ཤེས་པ་ནི་ཆོས་ཉིད་ཀྱིས་བདེན་གཉིས་འགལ་མེད་དུ་ཤར་བ་ལ། རིགས་པའི་རྗེས་ཀྱི་ངེས་པས་བུམ་པ་བདེན་པ་མེད་ཅེས་བརྗོད་དེ། ཚིག་དེས་བུམ་པ་དཔྱད་ན་མ་གྲུབ་པ་སྟོན་གྱི། དེ་ལས་དོན་གཞན་ཅུང་མི་སྟོན་ཏེ། གཞན་དུ་གོ་ན་བུམ་པ་དགག་བྱའི་ཆོས་གཞན་གྱིས་སྟོང་པའི་མ་ཡིན་དགག་གི་སྟོང་ཉིད་དུ་འགྱུར་ལ། དེ་ལྟ་ན་སྟོང་ཉིད་བཅོ་བརྒྱད་པོ་ཐམས་ཅད་རང་ངོས་མི་སྟོང་སྟེ་ཆོས་ཅན་གཞན་སྟོང་དུ་འགྱུར་ཏེ། དེའི་སྐབས་རང་མཚན་ནི་ཐ་སྙད་ཀྱི་མཚན་ཉིད། གཟུགས་གཟུགས་སུ་རུང་བ་སོགས་སུ་བཤད་ནས་དེས་སྟོང་པར་བཤད་ཀྱི། དེ་མིན་ན་འདུས་བྱས་འདུས་བྱས་ཀྱི་སྟོང་། འདུས་མ་བྱས་འདུས་མ་བྱས་ཀྱིས་སྟོང་། མཚན་ཉིད་མཚན་ཉིད་ཀྱིས་སྟོང་སོགས་སྟོང་གཞི་བཅོ་བརྒྱད་དུ་ཕྱེ་བ་དོན་མེད་དོ། །དེ་ཐམས་ཅད་བདེན་གྲུབ་ཞེས་པའི་ཆོས་མཚན་ཉིད་སོགས་ལས་ཐ་དད་པ་དེས་སྟོང་གི་རང་རང་གི་རང་མི་སྟོང་བར་འགྱུར་ལ། དེ་ལྟ་ན་འདུས་བྱས། འདུས་མ་བྱས། ཆེན་པོ། མཐའ་འདས། རང་མཚན་སོགས་སུ་འཛིན་པ་ཟློག་པར་མི་ནུས་པས། དེ་དེའི་འཛིན་པ་ཟློག་ཕྱིར་གསུངས་པ་དོན་མེད་དོ། །དེ་དེར་བདེན་པ་མ་བཟུང་ན། དེར་བཟུང་བས་ཅི་གནོད་སྙམ་ན། གཟུང་འཛིན་ནི་སྟོང་པ་ཉིད་རྟོགས་པས་ནམ་ཡང་མི་ཁེགས་ལ། དེ་ལྟ་ན་གཟུང་འཛིན་མེད་པའི་མཉམ་བཞག་ནི་སྟོང་པ་ཉིད་བསྒོམ་པས་མི་འཐོབ། བདེན་གྲུབ་ཀྱི་གཟུང་འཛིན་མེད་པ་ཞེས་ཁྱད་པར་སྦྱར་དགོས་ལ། མཉམ་བཞག་སྣང་མེད་ཀྱང་དོན་མེད་དོ། །བདེན་གྲུབ་ཏུ་མ་སྣང་ན། ཐ་སྙད་ཀྱི་ཆོས་སྣང་བས་ཅི་ཡང་མི་གནོད་པས། དེ་སྟོང་ཉིད་བསྒོམ་པས་མི་སྣང་བར་བྱ་དོན་མེད་ལ། ཐ་སྙད་དུ་ཡོད་ཀྱང་མཉམ་བཞག་གི་སྟོང་ཉིད་ཀྱིས་མི་སྣང་བར་བྱས་ན་སྟོང་ཉིད་དངོས་པོ་འཇིག་རྒྱུར་འགྱུར་རོ། །དེའི་ཕྱིར་དོན་དམ་དཔྱོད་རྟོགས་གཉིས་ཀྱི་ངོར་བུམ་སོགས་ཡེ་ནས་མེད་དོ་གསུངས། ༈ དོན་དཔྱོད་ཀྱི་ཁེགས་པས་ཐ་སྙད་དཔྱོད་བྱེད་ཀྱི་ངོར་ཁེགས་པར་མི་འགྱུར་ལ། ཐ་སྙད་དཔྱོད་བྱེད་ཀྱི་ངོར་ཡོད་པས་དོན་དམ་པར་ཡོད་པར་མི་འགྱུར་རོ། །ཆོས་ཅན་ཐམས་ཅད་ཐ་སྙད་དུ་སྣང་བ་བསླུ་མེད་ཀྱི་སྣང་ཚུལ་ཡིན་ལ། དེའི་གནས་ཚུལ་དམིགས་སུ་མེད་པ་དོན་དམ། དེ་གཉིས་འགལ་མེད་དོན་གཅིག་ཏུ་འདུ་བ་སྟོང་རྟེན་འབྱུང་ཟུང་འཇུག་གམ། དོན་གཅིག་པ་ཞེས་བྱ་སྟེ། དེའི་ཕྱིར་དབུ་མའི་རིགས་པས་བཀག་ཚད་མེད་དགག་ཏུ་འཛིན་དགོས་ཏེ། མ་ཡིན་དགག་ཏུ་བྱས་ན་རང་ངོས་ནས་མི་སྟོང་། མ་སྟོང་ན་སྟོང་རྟེན་འབྱུང་དོན་གཅིག་ཏུ་མི་འཆར་ཏེ། སོ་སོའི་ངོ་བོས་འགལ་བར་འགྱུར་ཏེ། ཉི་ཚེའི་སྟོང་པ་རྟ་ལ་བ་གླང་གིས་སྟོང་པ་ལྟ་བུ་ཆོས་ཐམས་ཅད་ལ་ཡོད་ཀྱང་། དེ་ཉི་ཚེའི་སྟོང་པ་སྟེ། ཆོས་ཐམས་ཅད་སྟོང་པ་དང་། སྟོང་རྟེན་འབྱུང་དོན་གཅིག་པའི་སྟོང་ཉིད་ཀྱི་དྲི་ཙམ་ཡང་མི་བྲོའོ། །དེས་ན་བུམ་པ་བུམ་པས་མི་སྟོང་ཞེས་དགག་བྱ་གཞན་གྱིས་སྟོང་ན། དེའི་གྲུབ་དོན། ཆོས་ཅན་བུམ་པ་རང་གི་ངོ་ནས་མི་སྟོང་བར། སྒྲོ་བཏགས་པའི་བདེན་གྲུབ་ངོ་བོ་ཉིད་སོགས་ཆོས་གཞན་གྱིས་སྟོང་པའི་མ་ཡིན་དགག་ཏུ་འགྱུར་ལ། དེ་ལྟ་ན་སྟོང་རྟེན་འབྱུང་དོན་གཅིག་ཏུ་མི་རུང་སྟེ། རྟེན་འབྱུང་གི་སྣང་བ་ནི་མི་སྟོང་ལ་ཆོས་གཞན་གྱིས་སྟོང་པ་རྟེན་འབྱུང་དེ་ལ་ཡོད་པ་ཙམ་སྟོང་ཉིད་ཀྱི་དོན་དུ་འཆད་དགོས་པའི་ཕྱིར་རོ། །དེས་ན་རང་རྒྱུད་པའི་ལུགས་ལྟར་བདེན་གྲུབ་སོགས་ཀྱི་ཁྱད་པར་འདི་དོན་དམ་དཔྱོད་པས་དཔྱད་ཚད་ལ་སྦྱར་དགོས་པ་འདི་ཐལ་འགྱུར་བའི་ལུགས་ལ་དོན་མེད་དེ། དེ་སྦྱར་མི་དགོས་ཏེ། ཅིས་ཀྱང་མ་སྦྱར་མི་རུང་ན་གོང་དུ་བཤད་པ་ལྟར་འགྱུར་རོ། །འདི་བུམ་པ་བུམ་པས་མི་སྟོང་པའི་དོན་དུ་མ་བཟུང་ན་སྦྱར་ཀྱང་འགལ་བ་མེད་དེ། བདེན་པར་མེད་ཅེས་དོན་དཔྱོད་ཀྱིས་དཔྱད་ན་མ་གྲུབ་པའི་དོན་ཡིན་པར་བཟུང་ནའོ། །དོན་དམ་དཔྱོད་པ་གཞིར་བཞག་གི་སྟེང་ནས་སྦྱར་མི་ཉན་ཏེ། དོན་དཔྱོད་ཀྱིས་གང་ལ་དཔྱད་པ་དེ་དཔྱད་བཟོད་དུ་མི་འགྲུབ་པས་དམིགས་སུ་མེད་པར་གྲུབ་དགོས་ཀྱི། ཅུང་ཟད་ཅིག་དམིགས་སུ་ཡོད་ཀྱང་དེ་དོན་དམ་པར་ཡོད་པར་འགྱུར་རོ། །སྐྱེ་བ་དོན་དམ་དཔྱོད་པས་དཔྱད་ཚེ་མཐའ་བཞི་གང་གི་སྐྱེ་ཚུལ་མི་རྙེད་པར་ཁས་བླང་གི མཐའ་གང་རུང་རེ་མི་འགོགས་པ་མིན་ནོ། །མཐའ་བཞིར་མ་རྙེད་པ་དེ་ལ་ཐ་སྙད་ཀྱི་སྐྱེ་བ་ཇི་ལྟར་བཞག ཐ་སྙད་ཀྱི་སྐྱེ་བ་ཞེས་དོན་དཔྱོད་ཀྱིས་མི་འགོག་པར་ཡོད་ན། སྐྱེ་བ་དོན་དམ་པར་ཡོད་པ་མི་ཁེགས་སོ། །དེ་ལྟར་ན་སྐྱེ་མེད་དུ་ཁས་ལེན་པའང་། སྐྱེ་བ་བདེན་པར་མེད་ཅེས་ཁྱད་པར་སྦྱར་དགོས་ལ། ངོ་བོ་ཉིད་དང་རང་བཞིན་སོགས་ལའང་བདེན་མེད་ཀྱི་ཁྱད་པར་སྦྱར་དགོས་ཤིང་། དེ་ལྟར་སྦྱར་ན། བདེན་མེད་ལའང་། བུམ་པ་བདེན་པ་བདེན་པར་མེད་སོགས་ཁྱད་པར་ཐུག་མེད་སྦྱར་དགོས་པས་གང་དུ་ངོས་མི་ཟིན་པར་འགྱུར་རོ། །སོགས་འཇམ་དཔལ་མཁྱེན་དགོངས། དོན་དཔྱོད་ཀྱིས་དཔྱད་བཟོད་ལ། བདེན་པ་དང་། ངོ་བོ་ཉིད་སོགས་བརྗོད་འདོད་ཀྱིས་བརྗོད་པས་དེ་ཁེགས་པ་ལ་བདེན་མེད་སོགས་བརྗོད་པས། དེ་ལ་ཁྱད་པར་ཐུག་མེད་མི་དགོས་སོ་ཞེ་ན། བུམ་པ་སྐྱེ་བ་སོགས་ཀྱང་དོན་དཔྱོད་ཀྱི་དཔྱད་བཟོད་དུ་མེད་པ་ལ་སྐྱེ་བ་མེད་བུམ་པ་མེད་པ་བུམ་པ་སྟོང་ཞེས་དོན་དཔྱོད་ཀྱིས་སྐབས་སུ་འཇོག་པས་བདེན་གྲུབ་སོགས་ཀྱི་ཁྱད་པར་མ་སྦྱར་ཀྱང་རུང་ངོ་། །དེས་ན་ཚིག་རིས་ཀྱིས་གྲུབ་མཐའ་མི་ཕྱེད། དོན་གྱིས་ཕྱེ་དགོས་སོ། །བདེན་པར་གྲུབ་པའང་ཐ་སྙད་དུ་ཐ་སྙད་ཚད་མའི་ངོར་མི་བསླུ་བར་གྲུབ་པ་ལའང་གོ་རུང་། ངོ་བོ་ཉིད། རང་མཚན། རང་བཞིན་སོགས་ལའང་། ཐ་སྙད་དུ་བུམ་པ་ལྟོ་ལྡིར་བ་སོགས་ཀྱི་རྣམ་པར་སྣང་བའི་ངོ་བོ་སོགས་ལའང་གོ་རུང་། དེ་མ་བཀག་ན་ཐ་སྙད་ཀྱི་བུམ་པ་ཡོད་ལ། དེའི་ངོ་བོ་མེད་པ་ཅི་འདྲ་ཞིག་སྟེ། ཐ་སྙད་དུ་རང་གི་ངོ་བོ་མ་དམིགས་པའི་བུམ་པ་དམིགས་ཚུལ་མེད་དོ། །དེས་ན་དོན་དཔྱོད་ཀྱིས་འགོག་རྒྱུ་ཅི་ཡང་མེད་པར་འགྱུར་རོ། །དོན་དཔྱོད་ཀྱིས་མ་རྙེད་པ་ཙམ་གྱིས་སྟོང་གོ་ཆོད་ཅིང་། དེའི་ཐ་སྙད་རུང་། དོན་དཔྱོད་གཞིར་བཞག་གི་སྟེང་ནས་བུམ་པ་མེད་ཅེའམ། ངོ་བོ་ཉིད་སོགས་ཁྱད་པར་མ་སྦྱར་ཡང་རུང་། སྦྱར་ཀྱང་བརྗོད་འདོད་ཀྱི་དབང་གིས་མི་འགལ་ལོ། །དོན་དམ་དཔྱོད་པས་ཁེགས་པའི་རང་བཞིན་མ་གྲུབ་པའི་སྟོང་པ་ནི། དོན་དམ་པར་མེད་ཀྱང་ཐ་སྙད་དུ་སྣང་རུང་བའི་སྣང་སྟོང་ཟུང་འཇུག་སྟེ། སྣང་སྟོང་གཅིག་གྲོགས་གཅིག་འཆར་ཡིན་ལ། ཐ་སྙད་དུ་མེད་པའམ་གཏན་མེད་ནི་རི་རྭ་སོགས་བཞིན་སྣང་མི་རུང་ཆད་སྟོང་ངོ་། །དེ་ལྟ་ན་རང་བཞིན་མེད་པ་དང་མེད་པའི་ཁྱད་ཕྱེ་བ་ཡོད་མོད་ཀྱི། དོན་དམ་དཔྱོད་པས་ཁེགས་ཚད་ཐ་སྙད་དུ་མེད་པར་འདོད་ན་དེ་གཉིས་ཁྱད་ཕྱེ་བ་དོན་མེད་དེ། དོན་དཔྱོད་ཀྱི་ཁེགས་སམ་དེའི་ངོར་མེད་པ་སྣང་མི་རུང་བར་དེས་ཀྱང་འདོད་པའི་ཕྱིར་རོ། ༈ །དོན་ལ་དོན་དམ་དམིགས་པ་ཅན་དུ་བཟུང་སྐྱོན་ནི། དབེན་པ། མ་སྐྱེས་པ། རང་བཞིན་མེད། ངོ་བོ་མེད། བདེན་པ་མེད། སྟོང་པ་ཉིད་སོགས་རྣམ་གྲངས་ཙམ་དོན་གཅིག་ན། བུམ་པ་སྟོང་པ་ཉིད་ཡིན་ཞེས་དང་། བུམ་པ་རང་ངོ་ནས་སྟོང་། བུམ་པ་བུམ་པས་སྟོང་སོགས་བརྗོད་རུང་ལ། མི་རུང་ན་སྟོང་པ་དང་བདེན་མེད་ཐ་དད་པའི་མཚན་ཉིད་བརྗོད་དགོས་ལ། རང་བཞིན་ནམ་ངོ་བོ་འགྱུར་ཁྱད་ཙམ་སྟེ། དེ་དང་བདེན་པ་སོགས་གྲུབ་ཅེས་མ་སྦྱར་བ་དེ་ཐ་སྙད་དུ་ཡོད་དམ་མེད། ཐ་སྙད་དུ་བུམ་པའི་ངོ་བོ་རང་མཚན་མེད་པའི་བུམ་པ་ཇི་ལྟར་འཇོག དེས་ན་བརྗོད་འདོད་ཀྱི་ངོ་བོ་ཉིད་སོགས་སྦྱར་ཏེ་བརྗོད་ཀྱང་། དོན་ལ་དོན་དཔྱོད་ཀྱི་ངོར་བུམ་པ་མ་གྲུབ་པའམ་མི་དམིགས་པ་དེ་བརྗོད་ཀྱི། དེ་ལས་ཐ་དད་པའི་དོན་ཅི་ཡང་མེད་དོ། །རང་བཞིན་མེད་པ་མི་ཟློག་ན། དེའི་ཡོངས་གཅོད་ལ་བདེན་གྲུབ་དོན་དམ་ཞེས་བརྗོད་དེ། སྟོང་ཉིད་དོན་དམ་པར་མེད་ན་དོན་དམ་དང་ཆོས་ཉིད་མི་རུང་སོགས་ཅི་སྟེ་མི་འདྲ། དོམ་དམ་པར་བུམ་པ་མེད། བུམ་མེད་ཡོད་ན་སྟོང་ཉིད་བདེན་གྲུབ་དང་། གཉིས་ཀ་བཀག་ན་ཡོད་མིན་མེད་མིན་ཁས་ལེན་སྐྱོན་ཅན་ཡིན། བུམ་མེད་ཀྱང་མེད་ན་དགག་གཉིས་རྣལ་གོ་བུམ་ཡོད་པ་འགྱུར། དོན་དཔྱོད་ཚད་མས་རྙེད་དོན་དང་གྲུབ་དོན་ཡིན་པ་དང་། དོན་དམ་མངོན་སུམ་གཟིགས་པའི་ཡུལ་ཡིན། ཡུལ་དུ་ཡོད་པའི་རྒྱུ་མཚན་དེས་སྟོང་ཉིད་བདེན་གྲུབ་ཡིན། དེ་ལྟར་ཡིན་ཡང་བདེན་གྲུབ་མིན་ན། དོན་དཔྱོད་ཀྱིས་མ་དམིགས། མཉམ་བཞག་གིས་མ་དམིགས་པར་འགྱུར། དེ་ལྟ་ན་དོན་དམ་གཏན་མེད་དུ་ཐལ་ལོ་ཞེས་པའི་ལུགས་ལ་འདྲ། སྟོང་ཉིད་ཚད་མས་དམིགས་སམ་མ་དམིགས། དམིགས་ན་བདེན་གྲུབ་སྟེ་དོན་དམ་པར་ཡོད་པས་སོ། །དོན་དམ་པར་མ་དམིགས་ན་དོན་དམ་ཤེས་བྱ་མ་ཡིན་པར་ཐལ་ལོ། །སྟོང་ཉིད་ཐ་སྙད་དཔྱོད་པས་དམིགས། དོན་དཔྱོད་ཀྱིས་མི་དམིགས་ན། སྟོང་ཉིད་དང་བུམ་པ་ཆོས་ཅན་དུ་འདྲ། ཆོས་ཉིད་ནི་ཤེས་བྱ་མ་ཡིན་པར་འགྲོའོ། །གཞན་ཡང་བུམ་པ་བུམ་པས་མི་སྟོང་བའི་ལུགས་ལ། སྟོང་ཉིད་སྟོང་ཉིད་ཀྱིས་མི་སྟོང་པ་འདྲ། བདེན་གྲུབ་ཀྱིས་སྟོང་ན་སྟོང་ཉིད་ཐུག་མེད། ཐུག་མེད་མི་དགོས་ཏེ། སྤྱིར་རང་བཞིན་མེད་པ་ཁས་བླང་ཚུལ་འདྲ་ན། བུམ་པ་རང་གི་ངོ་བོ་ཉིད་ཀྱིས་སྟོང་ན། ཐ་སྙད་ཀྱི་བུམ་པའི་ངོ་བོ་ཉིད་བཅད་པར་འགྱུར་རོ། ། ༈ རང་རྒྱུད་ཀྱི་ཀུན་རྫོབ་སྐབས་སུ་ཡང་ཆོས་ཅན་དང་། རང་མཚན་ཡོད་པ་ཐ་སྙད་དུ་ཡོད། མཁའ་སོགས་མེད་པར་འདོད། སྤྱིར་འཇིག་རྟེན་ན་ཡོད་མེད་འདི་ལྟར་བྱེད་དེ། ཕྱོགས་འདིར་བུམ་ཡོད་བུམ་མེད་ལུགས་དེ་ལྟར་འཇོག་དགོས་སོ། །ཐལ་འགྱུར་བ་ལྟར་ན་མ་བརྟག་པའི་སྣང་བ་འདི་ལ་ཀུན་རྫོབ་འཇོག་སྟེ། ནམ་མཁའ་སོགས་འདུས་མ་བྱས་རྣམས་ཀྱང་དངོས་མེད་ཀྱི་ངོ་བོས་འཇིག་རྟེན་ཐ་སྙད་དུ་ཡོད་དེ། ནམ་མཁའ་གྲུབ་བོ། །འདུས་བྱས་བུམ་སོགས་ཀྱི་སྣང་ལུགས་དང་དོན་བྱེད་ལུགས་ལྟ་བུ་འདུས་མ་བྱས་ནམ་མཁའ་སོགས་ལ་མེད། འདུས་མ་བྱས་ནམ་མཁའ་སོགས་ཀྱི་སྣང་ལུགས་དོན་བྱེད་ལུགས་འདུས་བྱས་བུམ་སོགས་ལ་མེད། དེ་བཞིན་ཆུ་ཟླ་གནམ་ཟླ་ཡང་འདྲ་སྟེ། འཇིག་རྟེན་ཐ་སྙད་དུ་དོན་མཐུན་གྱིས་བཏགས་ཚད་ཀྱིས་ཐ་སྙད་གོ་ཆོད་དེ། ཐ་སྙད་དུ་ཡོད་མེད་དང་གོ་ཆོད་མི་ཆོད་ཀྱི་ཁྱད་པར་སྤུ་ཙམ་མེད་དོ། །དེ་ལ་ནམ་མཁའ་སྤྱི་ཚན་གྱིས་ཡོད་པ་དང་། བཏགས་ཡོད་ཙམ་ལས་དོན་རང་གི་ངོ་བོ་མེད་པས་ཐ་སྙད་གོ་མི་ཆོད་ན། བུམ་སོགས་ཀྱང་རང་གི་ངོ་བོ་དཔྱད་ན་མི་རྙེད་པས་བཏགས་ཡོད་ཙམ་དུ་གྲུབ་པ་ལ་ཁྱད་མེད་དོ། །དེས་ན་འདུས་མ་བྱས་རྣམས་ཀྱང་ཐ་སྙད་དུ་དོན་དམ་ཐ་སྙད་གཉིས་ཡོད། དེ་མིག་ཤེས་སོགས་ཀྱིས་མངོན་སུམ་གྱིས་གྲུབ་སྟེ། ཐོག་རེག་མ་དམིགས་པ་མིག་ཤེས་ཀྱིས་གྲུབ་དགོས་ཏེ། མ་གྲུབ་ན་སྣང་རུང་མ་དམིགས་པའི་དོན་མངོན་སུམ་གྱིས་མི་གྲུབ་ལ། མ་གྲུབ་ན་དེའི་ཐ་སྙད་ཀྱང་ནམ་ཡང་མི་གྲུབ། བུམ་པ་ལ་སྣམ་བུས་དབེན་པ་བུམ་པ་དམིགས་པའི་མངོན་སུམ་གྱི་ཤུགས་ལས་མི་གྲུབ་ན། དེའི་དགག་པ་ནམ་ཡང་བཞག་མི་ཤེས་པས། རྣམ་འགྲེལ་ལས། དངོས་པོ་དམིགས་པའི་མངོན་སུམ་གྱིས་མ་དམིགས་པས་འགྲུབ་པར་གསུངས་ལུང་དྲངས། ནམ་མཁའ་མིག་ཤེས་ཀྱིས་གྲུབ་ནས་གཟུགས་སོགས་ཡོད་པར་ཐལ་ཟེར་ན་དེ་མི་དགོས་ཏེ། ནམ་མཁའ་སྒྲུབ་པ་རང་དབང་པའི་ཚུལ་དུ་གྲུབ་པ་ཡིན་ན་དེ་དགོས་ཀྱང་། ནམ་མཁའ་དགག་པ་རང་དབང་བའི་ཚུལ་དུ་གྲུབ་པས་གཟུགས་སོགས་མི་དགོས། དགག་པ་མིག་ཤེས་ཀྱིས་ཇི་ལྟར་གྲུབ་ཟེར་ན། མ་དམིགས་པས་གྲུབ་སྟེ། ཐོག་རེག་མ་དམིགས་པས་ནམ་མཁའ་རྒྱ་ཆེ་ཆུང་མིག་ཤེས་ཀྱིས་འགྲུབ་པ་དང་། བུམ་པ་ལ་སྣམ་བུ་མེད་སོགས་འགྲུབ་སྟེ། དགག་སྒྲུབ་གཉིས་དོན་འདི་དམིགས་མ་དམིགས་ཀྱི་རྩ་བ་ཅན་ཡིན་ལ། དམིགས་མི་དམིགས་པ་ནི་དབང་ཤེས་ཀྱིས་ཀྱང་འགྲུབ་སྟེ། མ་འགྲུབ་ན་ཕྱོགས་འདིར་བུམ་པ་ཡོད་མེད་མིག་ཤེས་ཀྱིས་མི་འགྲུབ་བོ། །མིག་ནི་གཟུགས་ཀྱི་ཡུལ་ཅན་ཡིན་པས། དེས་དེ་ཡོད་མེད་གཉིས་ཀ་དམིགས་ཤེས་ཀྱི། མ་ཤེས་ན་ཐ་སྙད་ཅི་ཡང་མི་འགྲུབ་པས་དགག་སྒྲུབ་འདི་གཉིས་ཕན་ཚུན་སྦྲེས་ཏེ་ཐ་སྙད་བྱེད་པ་ཁོ་ན་ཡིན་ཏེ། མ་འབྲེལ་བ་མེད་དེ། བུམ་པ་སྒྲུབ་པའི་ཚུལ་གྲུབ་པས་སྣམ་བུ་མེད་པ་སོགས་ཀྱང་དེས་གྲུབ་པའི་ཕྱིར་རོ། །དེས་ན་བརྟག་མིན་བུམ་ལ་སྣམ་མེད་སོགས་ཀྱང་ཐ་སྙད་དུ་ཡོད་ལ། མཁའ་ཡང་ཡོད་བརྟག་འགོག་ཀྱང་ཡོད། སྟོང་ཉིད་ཀྱང་ཡོད་ཀྱི། སྟོང་ཉིད་ཐ་སྙད་དུ་མེད་ན་དེ་བསྒོམ་སོགས་དང་། དེས་ཉོན་མོངས་སྤོང་སོགས་མི་སྲིད་དོ། །དེས་ན་དགག་སྒྲུབ་གཉིས་པོ་ཐ་སྙད་དུ་ཡོད་མཉམ་སྟེ། རང་ངོར་རང་སྣང་གི་དོན་བྱེད་པ་སྟེ་ནམ་མཁས་མི་སྒྲིབ་པར་བྱེད་པ་སོགས་ཡོད་དོ། ། དེ་ཡང་ཐ་སྙད་དོན་མཐུན་ཏེ། གནོད་མེད་དབང་པོ་ལ་སྣང་ནས་འཇིག་རྟེན་ན་སྣང་བ་ཙམ་གྱིས་དོན་བྱེད་པ་ཡོད་ཚད་ཐ་སྙད་དུ་ཡོད། རྟག་བདག་སོགས་ནི་མེད་དེ། ག་བུར་གྱིས་ཚད་ནད་སེལ་ཡོད། དེས་གྲངས་ནད་སེལ་བ་མེད་པ་སོགས་བཞིན་ནོ། ། དགག་སྒྲུབ་གཉིས་པོར་དཔྱད་དོན་ངོ་བོ་ཉིད་མེད་པར་འདྲ། དེའི་ཕྱིར་མ་བརྟག་མ་དཔྱད་པའི་འཇིག་རྟེན་སྣང་ལུགས་ལ་ཆོས་དེ་དང་དེར་བཏགས་པའི་ཐ་སྙད་དེས་ཀུན་རྫོབ་ཀྱི་བྱ་བ་བྱེད་ཀྱི། དེ་བློ་ཡིས་ཕར་དཔྱད་ནས་ཡོད་པ་ཞིག་འཇོག་ན་ཐ་སྙད་མི་འགྲུབ་བོ། ། དེའི་ཕྱིར་ཐལ་འགྱུར་བའི་མ་བརྟག་པའི་སྣང་ལུགས་ཁས་ལེན་པ་དེ་ལ་འཇིག་རྟེན་ན་ཡོད་པ་དེ་ངས་ཀྱང་ཡོད་པར་འདོད་སོགས་ལུང་དང་། འདི་ན་རྟོག་པའི་དབང་གིས་བཞག་པ་ཡིན། སོགས་ལྟར། སྣང་ལུགས་ཀྱི་ངོས་ནས་བཞག་པའི། འདུས་བྱས་མ་བྱས། བདེན་རྫུན། ལམ་འབྲས། གྲུབ་མཐའ་སོགས་ཇི་ལྟར་སྣང་བ་བཞིན་དུ་ཁས་ལེན་ཏེ། རྒྱུ་ལས་འབྲས་བུ་འབྱུང་ངོ་། །དགེ་བས་བདེ་བ་སྐྱེད་དོ། །ལམ་སྒོམ་པས་ཉོན་མོངས་སྤོང་ངོ་སོགས་ཇི་སྙེད་པ་ཐ་སྙད་གནོད་མེད་དུ་ཁས་ལེན་རུང་ངོ་། །དེ་ཕྱིར་ཞིག་དངོས་ཀྱང་དེ་ལ་བསམ་ནས་སྒྲུབ་པར་འདུག་ཀྱང་། ཞིག་པ་འཇིག་རྟེན་ན་ཡོད་པའི་ཐ་སྙད་དོན་མཐུན་ཡིན་པས་སྣང་ལུགས་ཀྱི་དོན་བྱེད་པ་ཡིན་ཀྱང་། དེས་དངོས་པོ་རྒྱུ་འབྲས་ཅན་དུ་མི་འགྱུར་ཏེ། འགྱུར་ན་འདུས་མ་བྱས་ཐམས་ཅད་ཀྱང་དེ་ལྟར་འགྱུར་བས་ཐལ་འགྱུར་པའི་ལུགས་ལ་འདུས་མ་བྱས་གཏན་མེད་དུ་འགྱུར་རོ། ། དེས་ན་མ་བརྟག་འཇིག་རྟེན་ན་ཇི་ལྟར་སྣང་བ་ལ་ཐ་སྙད་འཇོག་པ་འདི། དཔེར་ན་འདུས་བྱས་མ་བྱས། ལམ་འབྲས་ལྟ་བུ་ཁས་ལེན་པའི་ཚེའང་། འདུས་བྱས་ནི་འཇིག་རྟེན་པས་རྒྱུ་རྐྱེན་ལས་སྐྱེ་བར་མཐོང་བ་ལ་དེ་ལྟར་མིང་བཏགས། འདུས་མ་བྱས་རྒྱུ་རྐྱེན་གྱིས་མི་སྐྱེ་བ་དེ་ལྟར་མིང་བཏགས་པ་འཇིག་རྟེན་ན་སྣང་ལུགས་ཀྱིས་ཡིན་ཅིང་། དེ་ཐ་སྙད་དོན་མཐུན་ཡིན་པས་ཐལ་འགྱུར་པས་ཀྱང་དེ་ལྟར་ཁས་ལེན། ལམ་དེས་འབྲས་བུ་འགྲུབ་པའང་། རྟེན་འབྱུང་བསླུ་མེད་ཡིན་ལ། དེ་འཇིག་རྟེན་ན་དེ་ལྟར་སྣང་བ་བསླུ་མེད་ཡིན་པས་དེ་ལྟར་ཁས་ལེན། མཐའ་བཞི་སྐྱེ་བ་དང་། སྔ་ཕྱི་སོགས་ཀྱི་དཔྱད་པ་མི་དགོས་སོ། །འདི་ལ་ད་དུང་ཞིབ་ཏུ་ཕྱེ་རྒྱུ་ཡོད། མདོར་ན་ཐལ་འགྱུར་བའི་ཐ་སྙད་ཐུན་མིན། རྟོག་པས་བཞག་པ་ལ་བྱེད་ཟེར་བ་འདི། མ་བརྟག་མ་དཔྱད་པར་འཇིག་རྟེན་ཇི་ལྟར་སྣང་བ་དེ་ལ་འཇིག་རྟེན་པའི་ཐ་སྙད་ཇི་ལྟར་བྱེད་པ་ལ་དེ་ལྟར་ཁས་ལེན་པ་ནི་ཐལ་འགྱུར་བས་ཐ་སྙད་འཇོག་ཚུལ་དངོས་ཡིན་ལ། དེ་ལྟར་བཞག་པ་ཐ་སྙད་ཁས་ལེན་ཚུལ་སྐྱོན་མེད་ཡིན་གྱི་སྒྲུབ་བྱེད་དུ་རྟོག་པས་བཏགས་པ་ཙམ་གྱི་ཐ་སྙད་ཀྱི་གོ་ཆོད། མི་ཆོད་ན་ཐ་སྙད་ཐམས་ཅད་བརླག་པར་འགྱུར་བའི་རིགས་པ་འདིས་སྒྲུབ་པ་ཡིན་གྱི། རྟོག་པས་བཏགས་པ་ཙམ་གྱིས་ཐ་སྙད་འཇོག་ཅེས་མི་བྱ་བར་མ་བརྟག་པ་ལ་འཇོག བརྟག་ཅིང་དཔྱད་ན་དེ་རྟོག་བརྟག་ཙམ་དུ་གྲུབ་ཀྱང་དེས་ཐ་སྙད་ལ་མི་གནོད། གནོད་ན་རྟོག་པས་མ་བརྟག་པའི་ཐ་སྙད་བུམ་སོགས་ཡོད་དགོས་ལ། དེ་ཡོད་ན་དངོས་སྨྲ་བར་འགྱུར་ངེས་པའི་རིགས་པའི་འཕུལ་འཚམས་བཅས་ཀྱིས། མ་བརྟག་པའི་ཐ་སྙད་ཁས་ལེན་པ་ཤིན་ཏུ་འཐད་པར་གྲུབ་པའོ། །ཟླ་གྲགས་ལུང་དྲངས། མ་བརྟག་པའི་སྣང་བ་རྣམས་དཔྱད་ན་ངོ་བོ་ཉིད་མེད། དེ་གཉིས་ཐ་དད་དུ་མེད་པས་དབྱེར་མེད་བརྗོད་བྲལ་ཁས་ལེན་ཀུན་བྲལ་དུ་བདེན་གཉིས་དབྱེར་མེད་གྲུབ་ཀྱི། རྣམ་གྲངས་པའི་དོན་དམ་ཙམ་སྒྲུབ་བྱ་མིན། དེའི་ཕྱིར་བདེན་གྲུབ་སོགས་ཀྱི་ཁྱད་པར་སྦྱར་མི་དགོས། སྣང་སྟོང་ཐ་དད་དུ་འབྱེད་དུ་མེད་དེ། མེའི་ཚ་བ་ལྟར་རང་གི་ངོ་བོ་ཉིད་མ་གྲུབ་བཞིན་སྣང་བའོ། །མཐའ་སྤྲོས་བྲལ་དུ་མ་གྱུར་ན་རང་རྒྱུད་པའི་སྟེང་དུ་ལྡོག །དཔྱད་ནས་ཐ་སྙད་བཞག་ན་རང་རྒྱུད་པའི་ཐ་སྙད་ལྟར་འགྱུར་བ་སོགས་འཇམ་དཔལ་མཁྱེན་ཤན་ལེགས་པར་ཕྱེད་པར་ཤོག་ཅིག ཀུན་རྫོབ་ནི་དཔྱད་ན་མི་བདེན་པའོ་ཟེར་ན། སྟོང་ཉིད་བདེན་གྲུབ་མིན་ན་དོན་དམ་ཀྱང་དཔྱད་ན་མི་བདེན་པའི་རྫུན་པར་འགྱུར་ལ། མི་རྫུན་པ་དང་བདེན་པ་ནམ་ཡང་མི་རྙེད་དོ། །བཅོམ་ལྡན་འདས་ཀྱིས་ཆོས་གང་ནི་སོགས་རྩ་ཤེས་ལུང་དྲངས། རང་བཞིན་མེད་པ་ནི་བདེན་པ་ཡིན་པས་དེ་གནས་ལུགས་ཡིན། དེ་སྒོམ་དུས་དེའི་འཛིན་སྟངས་མི་འགོག་པ་དེའི་ལུགས་ལྟར་ན། དེའི་ཡོངས་གཅོད་བདེན་སྟོང་ཉིད་བུམ་པ་ལ་ཡོད་ཅེས་སྒྲུབ་པའི་ཚུལ་གྱིས། གང་ན་གང་མེད་པ་དེ་དེས་སྟོང་། ལྷག་མ་ཡོད་ཅེས་པ་ངེས་དོན་དུ་འགྱུར་རོ། །རང་བཞིན་མེད་པ་ལས་ནི་ངོ་བོ་མེད་དེ་ཚིག་ཙམ་དུ་བཏགས་པའོ་ཟེར་ན། དེ་གནས་ལུགས་མཐར་ཐུག་མིན་པའང་གྲུབ་བོ། །སྟོང་པ་ཉིད་ཅེས་བྱ་བ་དམིགས་པ་ཡོད་དམ་མེད། མེད་ན་དེ་སུས་ཀྱང་མི་ཤེས་སོགས་སྐྱོན་བརྗོད་རང་ལ་ལྡོག དམིགས་ན་ཚད་མ་གང་གིས་དམིགས། དོན་དཔྱོད་དང་། དོན་དམ་ལ་མཉམ་བཞག་གིས་དམིགས་ན། དོན་དམ་པར་གྲུབ་པར་འགྱུར་རོ། །དོན་དམ་དཔྱོད་ངོར་ཡོད་ཀྱང་བདེན་གྲུབ་མི་འགྱུར་ན། དོན་དཔྱོད་ཀྱིས་དཔྱད་མི་བཟོད་དུ་ཐལ། འདོད་ན་ཀུན་རྫོབ་ཏུ་འགྱུར་རོ། །དོན་དམ་ནམ་ཡང་མི་རྙེད་དོ། །གཞན་ཡང་སྟོང་ཉིད་འདུས་མ་བྱས་ལ་རྒྱུ་ལ་དཔྱོད་པ་སོགས་མི་འཇུག ངོ་བོ་ཆ་མེད་ལ་གཅིག་དུ་བྲལ་མི་འཇུག་པས་དཔྱད་བཟོད་དུ་གྲུབ་བོ། །སྟོང་ཉིད་ནི་དགག་བྱ་བཅད་སྟོབས་ཀྱིས་བཏགས་ཀྱི་རང་གི་ངོ་བོ་ཅིར་ཡང་མ་གྲུབ་བོ་ཞེ་ན། གྲུབ་སྟེ་རང་བཞིན་མེད་པ་ཙམ་དུ་གྲུབ་པས་སོ། །དེ་ཡང་མ་གྲུབ་ཟེར་ན། རང་བཞིན་མེད་པ་མི་ཟློག་པའི་དམ་བཅའ་དང་། དོན་དམ་གཏན་མེད་ཐལ་བ་འཕེན་པ་གཉིས་བུད། རང་བཞིན་མེད་པ་ཙམ་ཆོས་ཐམས་ཅད་ཀྱི་གནས་ལུགས་སུ་གྲུབ་བོ་ཞེ་ན། དེ་དཔྱད་བཟོད་དུ་གོང་ལྟར་གྲུབ་བོ། །དོན་དམ་དམིགས་པ་ཅན་དུ་འཛིན་པ་ལ། དགག་པའི་རྣམ་པར་དངོས་མེད་དུ་བཟུང་ཡང་། སྒྲུབ་པའི་རྣམ་པ་དངོས་པོ་ཅན་ཤུགས་ཀྱིས་གྲུབ་པས་ཕ་རོལ་ཞེ་འདོད་ཁེགས་ནས་རང་ལུགས་མི་གྲུབ་སྟེ། ཇི་སྲིད་ཁས་ལེན་ཡོད་པ་སྲིད་དུ་དམིགས་པ་དང་མི་འབྲལ་ལ། དམིགས་པ་དང་མ་བྲལ་བ་དེ་སྲིད་དུ་དགག་སྒྲུབ་ཇི་ལྟར་ཁས་བླང་ཀྱང་རིགས་པས་སུན་ཕྱུང་རྒྱུའི་སྐྱོན་ཅན་ཡིན་ནོ། །དེས་ན་གནས་ལུགས་མཐར་ཐུག་དཔྱོད་པའི་ཇི་ལྟ་བའི་དོན་ལ་བརྗོད་བྲལ་སོ་སོ་རང་གིས་རིག་པར་བྱ་བ་ཙམ་ལས་ཁས་ལེན་དང་དམིགས་པ་གང་ཡང་མེད་དེ། འཇམ་དཔལ་གྱིས་ནི་དྲིས་པ་སོགས། ཁས་ལེན་དང་བཅས་པ་ལས་འདའ་མི་རུང་ན། རྒྱལ་བའི་སྲས་པོས་ཀྱང་ཁས་ལེན་རིགས་ཀྱི་མི་གསུང་པར་བཞུགས་མི་རིགས་ལ། རྒྱལ་བས་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་དང་། རྣམ་པ་ཐམས་ཅད་པའི་མཆོག་ལྡན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་སོགས་གསུང་མི་རིགས་ཏེ། དེ་ལྟར་གསུངས་པ་དོན་དམ་གཏན་མེད་དུ་ཐལ་བ་འབབས་སོ། ། དེས་ན་རྟོག་གེའི་སྨྲ་བསམ་གྱི་ཡུལ་ཡོད་མེད་གང་རུང་གི་ཁས་ལེན་ལས་འདས་ན་དོན་དམ་གཏན་མེད་དུ་ཐལ་ལོ་སྙམ་པ་ནི་ངོ་ཚའི་བརྗོད་པ་སྟེ། རྟོག་གེའི་ཡུལ་ལས་འདས་ན་དོན་དམ་གཏན་མེད་དུ་ཐལ་ཏེ། དོན་དམ་རྟོག་གེས་ཤེས་བྱ་ཡིན་དགོས་ཞེས་བསམ་ནས་སྨྲ་བའི་ཕྱིར་ཏེ། མདོ་རྒྱན་ལས། ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན། ཅི་ཕྱིར་བྱ་བ་དེ་ནི་སྐྲག་པའི་གནས་སུ་གསུང་པ་དང་། དེ་ཕྱིར་གཞན་པའི་ཆོས་འདི་ཡི་སོགས་དང་། སེམས་ཅན་རྣམས་ནི་གནས་ལ་དགའ་ཞིང་སོགས། ཟབ་མོ་བྱིས་པའི་སྤྱོད་ཡུལ་མ་ཡིན་པས། །ཞེས་སོགས་གསུངས་པ་རྣམས་ཀྱི་སྤང་བྱའི་དོན་བསམ་བཞིན་རང་གིས་ཁུར་དུ་བླང་པའོ། །ཆོས་དབྱིངས་ཡོད་མེད་ཀྱི་མཐའ་ལས་འདས་པ་ཡིན་ན། རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པར་རུང་གི ཡོད་མེད་གང་རུང་དུ་ཁས་ལེན་ཡོད་པས། བསམ་གྱིས་མི་ཁྱབ་རྒྱུ་དང་། ཤེས་བྱ་མིན་པ་དང་། བློའི་སྤྱོད་ཡུལ་མིན་རྒྱུ་ཅི་ཡོད། དེ་ལ་སྨྲ་བསམ་བརྗོད་མེད་དང་། སྤྲོས་མེད་ཅེས་བརྗོད་དོན་མེད་དེ། བདེན་པར་གྲུབ་པའི་སྨྲ་བ་དང་བསམ་པ་སོགས་སྦྱར་དགོས་ལ། དེ་ལྟར་ན་བདེན་གྲུབ་ཏུ་མ་སྨྲས་ན། བུམ་པ་ཙམ་དུ་སྨྲ་བསམ་བརྗོད་ཀྱང་མི་འགལ་བས། དེ་དག་སྟོང་ཉིད་ཀྱི་ངོས་ན་ཡོད་པར་འགྱུར་རོ། །སྟོང་པ་ཉིད་ཀྱིས་འདུས་བྱས་མ་བྱས་ཀྱི་སྤྲོས་པ་གཅིག་ཀྱང་མི་འགོག་གི བདེན་གྲུབ་ཅེས་པའི་ཆོས་གཅིག་པོ་དེ་འགོག་ལ། དེ་ཡང་རྟོག་བཅས་ཀྱི་སྒོ་ནས་འགོག་གི རྟོག་མེད་ཀྱིས་སྟོང་པ་ཉིད་འཇལ་མི་ཤེས་པར་འགྱུར་ཏེ། དགག་བྱ་བཅད་ལྡོག་འཛིན་པའི་རྟོག་པ་ལས། རྟོག་མེད་ཀྱིས་བདེན་མེད་ཀྱི་རང་བཞིན་ཇི་ལྟར་འཛིན་བརྗོད་དགོས་སོ། །སྟོང་ཉིད་རང་ཡུལ་དེ། འཕགས་པའི་མཉམ་བཞག་གི་བློས་དམིགས་སམ་སྣང་ངོར་ཡོད་ན། དེ་དཔྱད་བཟོད་དུ་འགྱུར་ཏེ། དོན་དཔྱོད་ཀྱི་མ་དམིགས་པའམ། དཔྱད་མི་བཟོད་པ་ནི་དེ་ལ་སྣང་དོན་མེད་དེ། གལ་ཏེ་དཔྱད་མི་བཟོད་པའང་སྣང་ན། དེ་ཀུན་རྫོབ་ཀྱི་ཡུལ་ཅན་དུ་འགྱུར་རོ། །འཕགས་སློབ་མཉམ་བཞག་སྣང་མེད་ལ། བདེན་པ་གཉིས་ཆར་མི་སྣང་ལ། དོན་དམ་འབའ་ཞིག་སྣང་སྟེ། སྟོང་ཉིད་ལ་གཉིས་སྣང་ནུབ་པའི་སྐབས་ཡིན་དགོས་ན། དོན་དཔྱོད་ཀྱིས་མ་དམིགས་པ་ནི་ཇི་ལྟར་སྣང་སྟེ། སྣང་ན་བདེན་གྲུབ་ཀྱང་སྣང་བར་འགྱུར་རོ། །སྟོང་ཉིད་ཀྱང་དོན་དཔྱོད་ཀྱིས་དམིགས་པ་མིན་ན། ཆོས་གཞན་མི་སྣང་ལ་སྟོང་ཉིད་འབའ་ཞིག་སྣང་བ་མི་རིགས་ཏེ། དོན་དཔྱོད་ཀྱིས་གང་དམིགས་པ་དེ་དོན་དམ་མཉམ་བཞག་ལ་སྣང་། མ་དམིགས་པ་དེ་མི་སྣང་བ་ཡིན་དགོས་པའི་ཕྱིར་རོ། །དོན་དཔྱོད་ཀྱིས་ཅི་ཡང་མ་དམིགས་ན། མཉམ་བཞག་སྣང་མེད་ལ་དོན་དམ་དངོས་སུ་མི་སྣང་བར་ཐལ་སོགས་སྔར་ལྟར་རོ། །དེས་ན་བདེན་གཉིས་དབྱེར་མེད་གནས་ལུགས་མཐར་ཐུག་གི་དཔྱོད་པའི་དབང་དུ་མ་བྱས་པར། བདེན་གཉིས་ཕྱེས་ཏེ་ཡོད་མེད་ཀྱི་དམིགས་པའི་ཁས་ལེན་ཅན་ལ་སྐྱོན་འདྲ་བར་གནས་ཤིང་། ཕྱོགས་རེའི་གཞལ་ཚུལ་གྱི་ཆ་ནས་དེ་ལྟར་སྨྲ་དགོས་པའི་འཐད་པ་རེ་ཡང་ཡོད་མོད་ཀྱི། དེ་དག་གནས་སྐབས་ཀྱི་ཁས་ལེན་ཙམ་ཡིན་གྱི། དེ་ལས་ཁས་ལེན་མེད་པའི་མཐར་ཐུག་གི་དོན་ལ་འཇུག་ཚུལ་ཤེས་ན་དེ་དག་གི་ལུགས་ཀྱང་འགལ་བ་མེད་དེ་ལམ་སྟེགས་ཙམ་དང་། བདེན་གཉིས་སོ་སོའི་དཔྱད་ངོར་སྣང་ཚུལ་ཙམ་མོ། །རང་གི་ཁས་ལེན་དེ་ལས་གནས་ལུགས་མེད་པར་བཟུང་ན་དམིགས་པ་ཅན་གྱི་ལྟ་བ་སྟེ། སྟོང་པ་ཉིད་ཀྱི་དོན་སྤང་པའི་རྟོག་གེའི་ས་བའོ་དགེ ཡང་། འཇུག་འགྲེལ་ལ་ཉེར་མཁོ། བུམ་པ་བུམ་པས་མི་སྟོང་། བདེན་པས་སྟོང་ཞེས་པ་འདི། དོན་དཔྱོད་ཀྱིས་བུམ་པ་མ་དམིགས་ན་དོན་དམ་པར་མེད་པ་དང་དོན་ཁྱད་མེད་ན། བུམ་པ་རང་སྟོང་ཡིན་པར་ཁས་ལེན་མི་རུང་བ་ཅི་ཡོད་དེ། བུམ་པ་དོན་དཔྱོད་ཀྱིས་དམིགས་ལ། བདེན་གྲུབ་མ་དམིགས་པའི་ཁྱད་པར་འདི་ཡིན་ཀྱི་རིགས་པ་སྨྲར་མེད་བཞིན། དེ་གཉིས་བརྗོད་ཚུལ་ལ་ཁྱད་ཡོད་པ་ལྟར་དོན་ལ་ཁྱད་ཡོད་པར་སྒྲུབ་མི་ནུས་སོ། །གལ་ཏེ་ཕྱོགས་འདི་ན་ཆོས་ཅན་བུམ་པ་མེད་དེ། ཚད་མས་མ་དམིགས་པའི་ཕྱིར་ཞེས་བརྗོད་པ་ལྟར། དགག་གཞི་བུམ་པའི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་ཡིན་ཏེ་བུམ་པ་ཐ་སྙད་དུ་ཡོད་པ་དང་། བདེན་གྲུབ་ཐ་སྙད་དུ་མེད་པས་ཁྱད་ཡོད་པས། དོན་དཔྱོད་ལ་བུམ་པ་མ་དམིགས་པ་ལས་ལྷག་པའི་བདེན་གྲུབ་མ་དམིགས་པའི་སྒྲུབ་བྱེད་གཞན་མི་དགོས་ཀྱང་། བུམ་པ་མ་དམིགས་པ་དེ་བུམ་པ་བདེན་གྲུབ་མེད་པའི་དོན་དུ་སོང་གི བུམ་པ་མེད་པའི་དོན་དུ་མ་སོང་སྟེ། བཀོད་ཚོད་ལ་བུམ་པ་མེད་པར་འགོག་ཀྱང་། སོང་ཚོད་ལ་བདེན་གྲུབ་བཀག་པ་ཡིན་ནོ་སྙམ་ན། སོང་ཚོད་ལ་བདེན་གྲུབ་བཀག་པར་སོང་ན། བུམ་པ་དོན་དམ་པར་བཀག་པར་ཡང་སོང་བས། བུམ་པ་དོན་དམ་པར་མེད་ཀྱང་། ཐ་སྙད་དུ་ཡོད་པ་དང་། བུམ་པ་ངོ་བོ་ཉིད་གྲུབ་པ་མེད་ཀྱང་། བུམ་པ་ངོ་བོ་ཉིད་མེད་པར་ཡོད་པ་སོགས་ཐམས་ཅད་དེ་ལྟར་ཁས་ལེན་དགོས་པས་ཁྱད་འབྱེད་དཀའོ། །དེ་ལྟ་ན་རང་སྟོང་དུ་ཁས་བླང་བ་ལ་སྐྱོན་མེད་དེ། བུམ་པའི་ངོ་བོ་ཉིད་མེད་པ་ལ་རང་སྟོང་དུ་བརྗོད། ཐ་སྙད་དུ་བུམ་པ་མེད་པ་ལྟར་བཀག་ཀྱང་། ངོ་བོ་ཉིད་གྲུབ་བཀག་པའི་དོན་དུ་སོང་བས། རང་སྟོང་དུ་ཁས་བླངས་ཀྱང་དེ་ལ་བསམ་པའི་བརྗོད་འདོད་ཀྱི་དབྱེ་བ་ཡིན་གྱི། དེའི་དོན་དུ་མ་སོང་ན་བདེན་གྲུབ་བཀག་པའི་སོང་ཚོད་ཀྱི་དབྱེ་བའང་མི་སྲིད་དོ། །གཞན་དོན་དམ་དཔྱོད་པས་གཞལ་བྱ་ཡིན་ན་ཐ་སྙད་དུ་མེད་པའི་ཁྱབ་པ་ཁས་ལེན་ན། ཐག་ཁྲ་སྦྲུལ་གྱིས་སྟོང་པ་ལྟར། ཐག་པ་ཡོད། དེ་ལ་སྦྲུལ་མེད། ས་ཕྱོགས་བུམ་པས་སྟོང་པ་ལྟར་དགག་གཞི་བུམ་པ་ཡོད། བདེན་གྲུབ་མེད་ཅེས་ཁས་ལེན་རྣམ་པ་ཀུན་ཏུ་མཚུངས་པས། དེ་འདྲའི་རང་གིས་མི་སྟོང་གཞན་གྱི་སྟོང་པའི་སྟོང་ཉིད་གཏན་ལ་འབེབས་ཚུལ་འདིས་ཐ་སྙད་དུ་ཡོད་པའི་ཆོས་རྣམས་ལ་དེ་དང་དེར་ཞེན་པ་དང་། དེའི་དབང་གིས་ཆགས་སྡང་སྐྱེ་བ་སོགས་འགོག་མི་ནུས་པས། དེས་གདུལ་བྱ་སུ་ལ་ཕན། དེ་ལྟར་བུམ་པ་བདེན་མེད་ཅེས་པ་ཐ་སྙད་ཀྱི་བུམ་པ་རང་མཚན་པ་མི་བཀག དེ་བཞིན་བུམ་པའི་ཆོས་སྐྱེ་འགག་ལ་ཡང་། བུམ་པ་བདེན་པས་སྐྱེ་བ་མེད། ཐ་སྙད་ཀྱི་སྐྱེ་བ་ཡོད། བདེན་འགག་མེད། ཐ་སྙད་ཀྱི་འགག་པ་ཡོད་པས། ཆོས་ཅན་བུམ་པ་དང་དེའི་ཆོས་སྐྱེ་འགག་དང་མི་རྟག་པ་སོགས་ལ་དེ་ལྟར་སྦྱར་དགོས་ལ། དེ་ལྟར་དགག་བྱ་བདེན་སྐྱེ་སོགས་མེད་དུ་ཆུག་ཀྱང་། ཐ་སྙད་ཀྱི་སྐྱེ་འགག་གནས་གསུམ་མི་རྟག་པ་སོགས་ཆོས་དང་ཆོས་ཅན་བུམ་པ་རྣམས་ཐ་སྙད་རང་མཚན་པར་ཡོད་པར་འགྱུར་ལ། རང་མཚན་པར་ཡོད་ན། དེ་ལ་དེ་ཉིད་དུ་ཞེན་པ་འདི་བདེན་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་སོང་ནས། ཆགས་སྡང་ཉོན་མོངས་སྣེ་གཅིག་མི་ལྡོག་ལ། ཐ་སྙད་ཀྱི་ཆོས་རང་རང་གི་རང་གི་མཚན་ཉིད་མི་འདོར་བར་ངོ་བོ་ཉིད་ཀྱིས་གནས་པས། བདེན་གྲུབ་བཀག་ཅེས་ཐ་སྙད་སྐྱོན་མེད་ལྟར་ཡང་། དོན་རང་མཚན་ཉིད་བདེན་གྲུབ་ཏུ་སོང་བ་མ་ཚོར་བར་ཟད་དེ། རང་རྒྱུད་པའི་རང་མཚན་གྱིས་གྲུབ་པར་ཁས་བླངས་པ་དེ། ཐལ་འགྱུར་པས་བདེན་གྲུབ་ཏུ་འཕུལ་བའི་རིགས་པ་དེ་ཁྱོད་ལའང་མཚུངས་སོ། ། གལ་ཏེ་ཐ་སྙད་ཀྱི་རང་མཚན་བཀག་ན་ཐ་སྙད་མེད་པར་འགྱུར་ཏེ། ཐ་སྙད་དུ་སྐྱེ་བ་དེ་ཐ་སྙད་ཀྱི་སྐྱེ་བའམ། སྐྱེ་བའི་རང་མཚན་ཡིན་ལ། དེ་མེད་ན། ཐ་སྙད་མེད་པར་འགྱུར་སྙམ་ན། དོན་དཔྱོད་ཀྱིས་བདེན་གྲུབ་སྐྱེ་བ་བཀག་གི ཐ་སྙད་ཀྱི་སྐྱེ་བ་རང་མཚན་པ་མ་བཀག་པ་མིན་ཏེ། དེས་དཔྱད་ངོར་དོན་དམ་པར་མི་རྙེད་ཀྱི། ཐ་སྙད་དུ་རྙེད་པ་མི་སྲིད་དེ། ཐ་སྙད་ཀྱི་སྐྱེ་བ་རང་མཚན་པ་འདི་མིན་པའི་དོན་དཔྱོད་ཀྱི་དགག་རྒྱུའི་སྐྱེ་བ་གཞན། འཇིག་རྟེན་སོ་སྐྱེ་རྣམས་ཀྱིས་མི་འཛིན་ན་དེ་བཀག་མི་དགོས་ལ། ཐ་སྙད་ཀྱི་སྐྱེ་བ་རང་མཚན་འདི་འདི་ལྟར་སྣང་བ་ལྟར་ཡོད་དོ་སྙམ་པས་བདག་ཏུ་འཛིན་པ་ཡིན་ལ། དོན་དམ་པར་མི་དམིགས་རྒྱུ་ཡང་དེ་ཡིན་པས། དོན་དཔྱོད་ཀྱིས་དཔྱད་ན་བདེན་པ་གཉིས་ཆར་སྐྱེ་བ་མེད་ཀྱི། ཐ་སྙད་ཀྱི་རང་མཚན་མ་བཀག་ཅེས་མི་རུང་། འཇུག་པ་ལས། རིགས་དེས་ཐ་སྙད་དུ་ཡང་མི་རིགས་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་གསུངས། འོ་ན་ཐ་སྙད་རྒྱུན་ཆད་དམ་སྙམ་ན། ཐ་སྙད་ཀྱི་སྐྱེ་སོགས་དོན་དམ་གྱིས་མ་དམིགས་པས་ཐ་སྙད་རྒྱུན་ག་ལ་འཆད་དེ། དེ་ཉིད་མ་སྐྱེས་འཇིག་རྟེན་སྐྱེས་རིགས་བྱ། །ཞེས་གསུངས་པ་ལྟར། འཇིག་རྟེན་དུ་རྟེན་འབྱུང་གི་དབང་གིས་སྐྱེ་བ་ལྟར་སྣང་བ་ཡོད་པ་སུས་ཀྱང་དགག་མི་ནུས་ཏེ། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་ཀྱིས་དང་། ཞེས་སོགས་བཞིན་ནོ། །དེས་སྐྱེ་བ་འདི་ནི་མ་བརྟག་མ་དཔྱད་པའི་འཇིག་རྟེན་གྱི་ངོར་ཡོད་ཀྱང་། དོན་དཔྱོད་ཀྱིས་དཔྱད་ན་མཐའ་བཞིའི་ཚུལ་དུ་མི་སྐྱེ་བས་ཐ་སྙད་ཀྱི་སྐྱེ་བ་རྙེད་པར་མི་འགྱུར། ཁས་ལེན་དུ། ཐ་སྙད་བདེན་པ་རྣམ་པར་དཔྱད་མི་བྱ། །ཞེས་པ་ལྟར་མ་བརྟག་མ་དཔྱད་ཇི་ལྟར་སྣང་བ་ལྟར་ཁས་ལེན་དགོས་ཀྱི་དཔྱད་ནས་ཐ་སྙད་ཀྱི་སྐྱེ་བ་ཡོད་པར་ཁས་བླང་ནས། དགག་རྒྱུ་གཞན་ཞིག་བཀག་པའི་ཚུལ་དུ་ཁས་བླང་ན། བདེན་སྐྱེ་མེད་པས་སྐྱེ་མེད་ཀྱི་གོ་ག་ལ་ཆོད་ལ། ཐ་སྙད་ཀྱི་སྐྱེ་བ་ཡོད་པས་སྐྱེ་ཡོད་ཀྱི་གོ་ཆོད་ནས་སྐྱེ་བ་ཡོད། འགག་པ་ཡོད་པར་འགྱུར་རོ། །སྐྱེ་འགགས་རང་མཚན་པ་ཡོད་ན་མི་རྟག་པར་འགྱུར་རོ། ། དེ་ལྟར་ན་ཉན་ཐོས་ཀྱི་འདོད་པ་ལས་ལྷག་པའི་སྐྱེ་འགག་མེད་པའི་ཁྱད་པར་དུ་བྱས་པའི་སྟོང་ཉིད་མི་འགྲུབ་བོ། །བདག་ཡོད། གཞན་ཡོད། ཉོན་མོངས་ཡོད། ལས་ཡོད། སྡུག་བསྔལ་ཡོད་སོགས་ཐ་སྙད་དུ་ཡོད་ཚད་སྣ ་གཅིག་མི་ཁེགས་པས། བདེན་མེད་དུ་ཁས་བླང་པའི་ཚིག་ཙམ་ཞིག་གིས་སྤྲོས་པ་སྣ་གཅིག་མི་ལྡོག་པས། ཀུན་རྫོབ་ཐ་སྙད་ཀྱི་གནས་ཚུལ་ཙམ་ཞིག་ལས་ལྷག་པའི་དོན་དམ། དོན་དཔྱོད་ཀྱིས་དཔྱད་པས་དོན་དམ་སྣ་གཅིག་གསར་དུ་གོ་རྒྱུ་མེད་པས། དེ་འདྲའི་སྟོང་ཉིད་བསྟན་པ་ལ་དགོས་པ་ཅི་ཡང་མེད་དེ། ཐ་སྙད་དུ་མེད་པ་ཐ་སྙད་དཔྱོད་བྱེད་ཀྱིས་གྲུབ་ཟིན་པའི་ཕྱིར་རོ། །མདོར་ན་ཆོས་གང་དང་གང་ལའང་བདེན་གྲུབ་མེད་ཅེས་བརྗོད་པ་འདི་དོན་དམ་པར་མེད་པ་གོ་བྱེད་ཡིན་ཀྱང་། དོན་དམ་པར་མེད་པས་ཐ་སྙད་དུ་ཡང་མེད་མི་དགོས་པའི་ཚིག་སྦྱར་ཚུལ་ལེགས་པ་ཡིན། རང་གཞན་སུས་ཀྱང་དེ་ལྟར་བརྗོད་པ་ཙམ་ལ་འགལ་བ་མེད་མོད། དེའི་བརྗོད་ཚུལ་ལ་བསམ་ནས། ཐ་སྙད་ཀྱི་བུམ་སོགས་ལས་གཞན་པའི་དགག་བྱ་གཞན་དུ་གོ་ནས་བུམ་པ་གཞན་སྟོང་དུ་ཁས་ལེན་གྱི། མི་མིས་སྟོང་པའི་ལུང་དོན་དོན་དཔྱོད་ཀྱི་དབང་དུ་བྱས་པའི་ཁས་ལེན་ཡིན་པ་མི་གོ་བར། མི་མིས་སྟོང་ན་མི་ཐ་སྙད་དུ་མེད་པའི་གོ་བ་ཞིག་གསར་དུ་བླང་ནས་གཞན་སྟོང་དུ་ཁས་བླངས་པ་དེ་དེའི་ངོར་ཆེས་ལེགས་ལེགས་འདྲ་ཡང་། བདེན་གཉིས་འགལ་འདུར་གྱུར་ནས། ཐ་སྙད་ཀྱི་རང་མཚན་མི་སྟོང་པའི་དོན་དུ་སོང་ནས་བདེན་གྲུབ་ཀྱང་མི་སྟོང་པའི་གནད་མ་གོ་བར། བདེན་མེད་དུ་ཁས་བླང་བས་བདེན་མེད་དུ་ག་ལ་འགྱུར་སྙམ་དུ་ཚིག་གི་གྲུབ་མཐས་བློ་ཚིམ་པ་ལྟ་བུར་འགྱུར་པའི་སྐྱོན་ཞིག་རང་རྒྱུད་པ་ལ་ཟླ་བས་བརྗོད་པ་འདི་འོང་། བདག་དང་ཆོས་སུ་བཟུང་བས་གཟུང་འཛིན་སྣ་ཚོགས་པའི་དབང་གིས་ཉོན་ཤེས་ཀྱི་སྒྲིབ་པ་བྱུང་བ་ཡིན་ན། དེ་བཟློག་པ་དེའི་ཡུལ་བདག་དང་ཆོས་སུ་གྲུབ་པ་དཔྱད་པས་མེད་པར་ཤེས་ནས་བདག་ཏུ་འཛིན་པ་དང་ཆོས་སུ་འཛིན་པ་བཟློག་དགོས་ན། བཟློག་བྱའི་བདག་དང་ཆོས་དེ་བཟུང་བ་ཙམ་གྱིས་བདག་འཛིན་མ་ཡིན་ཏེ། བདག་དང་ཆོས་སུ་བདེན་པར་བཟུང་བས་སྒྲིབ་པ་འབྱུང་སྟེ། བདེན་པར་གྲུབ་པ་བཟློག་བྱ་ཡིན། །ཞེས་ཞི་ལྷས་གསུངས། བདག་དང་ཆོས་ནི་བཟློག་བྱ་ཡིན། །མ་གསུངས་པའི་ཕྱིར་དང་། བདག་དང་ཆོས་བཟློག་ན་ཆད་ལྟར་འགྱུར་རོ་སྙམ་ན། བདེན་པར་གྲུབ་པ་ཞེས་པ་དེ། བདག་དང་ཆོས་རྣམས་མི་སྟོང་པ་ལ་གསུངས་པ་མིན་ཏེ། སྟོང་པ་དང་བདེན་མེད་གནད་གཅིག་ལ་ཐ་དད་པའི་དོན་མིན་ལ། ཁྱོད་ལྟར་ན་བདག་དང་ཆོས་སྟོང་པ་མ་ཡིན་ཏེ། བདེན་གྲུབ་ཀྱིས་སྟོང་ཞེས་པ་ལྟར་ན། སེམས་ཅན་རྣམས་ཀྱིས་ཀྱང་ཐ་སྙད་དུ་ཡོད་པའི་རང་རྒྱུད་ཀྱི་ཕུང་པོ་ལྔ་ལ་དམིགས་ནས་འདི་ནི་ངའོ་ཞེས་བཟུང་བ་ངར་འཛིན་ལྷན་སྐྱེས་མ་ཡིན་ནམ། བདེ་བའམ་ནི་སོགས་དྲངས། དེ་བཞིན་འདི་ནི་བུམ་པའོ་སྙམ་པའི་བློ་དེ་ཆོས་སུ་འཛིན་པ་ཡིན་ལ། ཡུལ་དེ་ལ་དེར་བཟུང་བ་ཙམ་གྱིས་བདག་གོ་ཆོས་སོ་ཞེས་རྟོག་ན། ཀུན་རྟོག་འདི་ཙམ་གྱིས། ཉོན་མོངས་ཀྱང་སྐྱེད། ལས་ཀྱང་བསགས། སྡུག་བསྔལ་ཡང་མྱོང་ཆོག་པས། འདི་མ་བཀག་ན། འདི་ལས་ཐ་དད་པའི་བདེན་གྲུབ་གཞན་དེས་ནི། ཉོན་མོངས་མི་སྐྱེད། ལས་མི་བསགས་པས་རི་བོང་གི་རྭ་ལྟ་བུ་ཐ་སྙད་དུ་མེད་པ་དེ་དགག་ཅི་དགོས། དེ་བཞིན་དུ་སྟོང་ཉིད་ཉི་ཤུའི་སྐབས་སུ། མིག་སོགས་ནང་གི་སྐྱེ་མཆེད་དྲུག་ལ་ནང་། ཕྱི་ཡི་དྲུག་ལ་ཕྱི་དེ་བཞིན་གཞན་ཀུན་ལ་དེ་དང་དེར་འདུ་ཤེས་པ་ཙམ་གྱིས། དེ་དང་དེའི་ངོ་བོར་ཞེན་པ་སྐྱེ་ལ། དེ་ལྟར་ཆོས་ཐམས་ཅད་ལ་དེ་དང་དེར་འཛིན་ཞེན་འབྱུང་བས། དེའི་ཡུལ་སྟོང་པ་ཉིད་དུ་མ་སྒྲུབ་པར་མི་སྟོང་པར་སྒྲུབ་ན། ཕྱི་བདེན་གྲུབ། ནང་བདེན་གྲུབ་སོགས་ཀྱིས་སྟོང་པའི་སྟོང་ཉིད་ཉི་ཤུ་ཤེས་ཀྱང་། དེ་ནང་ལ་ནང་གི་ཆོས་སུ་འཛིན་པ་སོགས། དེ་དེའི་ཞེན་པ་མི་ཁེགས་པས། ནང་དང་ཕྱི་དང་ཕྱི་ནང་གཉིས་ཀ ཆེན་པོ་དང་། སྟོང་པ་ཉིད་སོགས་ལ་དེ་དང་དེར་འཛིན་བཟློག་པའི་དོན་དུ་གསུངས་པ་དགོས་མེད་དུ་ཐལ་ཏེ། དེ་འདྲའི་སྟོང་ཉིད་དེས་དེར་འཛིན་སྣ་གཅིག་བཟློག་མི་ནུས་པའི་ཕྱིར་རོ། ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །གསུངས་པ་ལྟར། འཇིག་རྟེན་ཐ་སྙད་ཀྱི་ཕུང་ལྔ་རང་གིས་མ་སྟོང་པར་ཡོད་ན། ཕུང་འཛིན་མི་ལྡོག་པར་མངོན་སུམ་གྱིས་གྲུབ་ལ། རང་རྒྱུད་ཀྱི་ཕུང་པོར་བཟུང་བ་ཙམ་ནས་ངར་འཛིན་སྐྱེ་བར་ཡང་མངོན་སུམ་གྱིས་གྲུབ་ན། ངར་འཛིན་ཇི་ལྟར་བཟློག་ཕུང་ལྔ་བདེན་གྲུབ་གཞན་གྱིས་སྟོང་པའི་ཕྱིར་སྐྱོན་མེད་སྙམ་ན། ཕུང་པོ་ལྔ་རང་གི་ངོ་བོས་མི་སྟོང་པར་ཡོད་པ་དེ་ལ་དམིགས་ནས་ངར་འཛིན་གྱི། དེ་ལས་གཞན་པའི་ཆོས་ཀྱིས་སྟོང་ཡང་རུང་། ཕུང་པོར་འཛིན་པ་ལ་ཅུང་ཟད་གནོད་མི་ནུས་ཏེ། བུམ་པ་སྣམ་བུས་སྟོང་ཡང་བུམ་པ་རང་གི་ངོ་བོ་སྟོང་པ་ལ་ཅུང་ཟད་མི་ཕན་པ་བཞིན་ནོ། །དེས་ན་ཕུང་ལྔ་རང་གི་ངོ་བོ་སྟོང་ཞེས་པ་དང་། བདེན་མེད་དོན་ལ་ཁྱད་མེད་དུ་བཟུང་ན་བདེན་གྲུབ་མེད་པར་བརྗོད་ཀྱང་མི་འགལ་མོད། ཁྱད་ཡོད་དེ་ཕུང་ལྔ་རང་ངོས་ནས་མི་སྟོང་ཞིང་། གཞན་བདེན་གྲུབ་ཀྱིས་སྟོང་པར་བཟུང་ན་དེ་འདྲའི་སྟོང་ཚུལ་དེ་ལ་ཇི་ཙམ་གོམས་ཀྱང་ཕུང་པོར་འཛིན་པ་མི་ལྡོག་གོ ། དེས་ན་བུམ་པ་ཆོས་ཅན། བདེན་པར་གྲུབ་པས་སྟོང་སྟེ། བདེན་པའི་གཅིག་དང་། བདེན་པའི་དུ་མ་དང་བྲལ་བའི་ཕྱིར། ཞེས་པའི་རྟགས་ཆོས་དོན་གསུམ་གྱི་ལྡོག་པའི་སྒོ་ནས་སྒྲུབ་པའི་ཚིག་གི་རྗེས་སུ་འབྲང་བའི་ཤན་དེས། བུམ་པ་དོན་གཞན་གྱི་སྟོང་པ་སྟོང་ཉིད་ཀྱི་དོན་དུ་བཤད་དགོས་བྱུང་བ་འདི་བཞིན། བུམ་པ་ཆོས་ཅན། སྟོང་པ་ཡིན་ཏེ། དོན་དམ་དཔྱོད་པས་མི་དམིགས་པའི་ཕྱིར། ཞེས་པའི་དོན་དུ་མི་འཛིན་པར། བུམ་པ་ཆོས་ཅན། བདེན་གྲུབ་ཀྱིས་སྟོང་པ་ཉིད་ཡིན་ཏེ། ཞེས་པའི་ཁྱད་ཆོས་ཡོད་པར་བཟུང་བ་འདིས། བུམ་པ་དང་བུམ་པའི་སྟོང་པ་དོན་ལ་ཐ་དད་དུ་སོང་བས། བུམ་འཛིན་གྱི་ཞེན་ཡུལ་མི་ཁེགས་སོ། །དེས་ན་བུམ་པའི་རང་བཞིན་སྟོང་པ་ཡིན་སོགས་སྦྱར་བ་ལ། བུམ་པ་ལས་བུམ་པའི་རང་བཞིན་ཐ་དད་དུ་དོན་ལ་ཡོད་པ་གོ་ན། མེ་ཡི་རང་བཞིན་ཚ་བ་དང་མེ་དོན་ལ་ཐ་དད་པར་ཐལ་སོགས་སུ་འགྱུར་རོ། །དེས་ན་ཚིག་གི་རྗེས་སུ་འབྲང་ནས་དོན་ལ་མི་རྟོན་པའི་ལམ་གྱིས་སྟོང་ཉིད་འཚོལ་བ་འདིས། སྐབས་འགའ་ཞིག་ཏུ་ཚིག་དེ་ལྟར་བརྗོད་པ་ལ། དོན་གྱི་རྟོགས་བྱ་སྟོང་པ་ཉིད་ཀྱི་གོ་བ་མི་སྐྱེ་བའི་གེགས་སུ་འགྱུར་བ་མང་བས། ཚིག་གི་གྲུབ་མཐའ་ཙམ་གནས་སྐབས་སུ་ཟིན་པ་ལས། སྟོང་པ་ཉིད་ཀྱི་གོ་བ་གནད་ཆེ་འདྲ་སྟེ། བློ་ནང་དུ་ཕྱོགས་ནས་བསམ་ན་དངོས་འཛིན་མི་ལྡོག་པའི་ཚིག་གི་གྲུབ་མཐའ་དེ་འདྲས་རྣམ་གྲོལ་མི་ཐོབ་ལ། སྟོང་པ་ཉིད་ཀྱི་དོན་མཐོང་ན་རྣམ་གྲོལ་ཐོབ་པས། སྟོང་པ་ཉིད་ནི་རྣམ་གྲོལ་ཐོབ་པའི་ཕྱིར་བསྟན་གྱི། ཚིག་གི་འཐེན་ཁྱེར་རྩོད་པའི་དོན་དུ་བསྟན་པ་མ་ཡིན་ནོ། །དེ་ལྟར་ཕུང་པོ་ལྔར་སྣང་བ་བསླུ་མེད་འདི་ལ་རགས་པ་རྣམས་རྡུལ་ཕྲ་རབ་ཀྱི་བར་དུ་གཞིག་ཚེ། ཕུང་པོ་ལྔ་རིལ་བོ་དང་རགས་པ་མེད་པར་རིགས་པ་དེས་རྟོགས་ནུས་ཀྱི། དེའི་ཕྱིར་ཕུང་པོ་དུ་མ་དང་མི་རྟག་པའི་རང་བཞིན་དུ་མཐོང་ངོ་། །རྡུལ་ཕྲ་ཆ་མེད་རང་བཞིན་མེད་པར་མ་ངེས་ཀྱང་ཕུང་པོ་ལྔ་གཅིག་ཏུ་འཛིན་པ་དང་། ཕུང་ལྔའི་བྱེ་བྲག་རེ་རེའང་གཅིག་པུར་འཛིན་པ་མེད་པར་མཐོང་ཚེ། དེ་འདྲའི་དུ་མ་དང་མི་རྟག་པའི་ཆོས་ལ་འདི་ང་ཞེས་མི་འཛིན་ཏེ། བདག་དུ་མར་ཐལ་བ་དང་། མི་རྟག་པར་ཐལ་བའི་སྐྱོན་རང་གི་བློས་རྟོགས་ནས་བདག་ཞེས་པ་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་ལས། རང་གི་ངོ་བོ་ཉིད་མེད་པར་ཤེས་པ་དེས་བདག་འཛིན་བཟློག་ནུས་ཏེ། འདི་ལྟ་བུ་ཉན་ཐོས་པ་ལའང་ཡོད་དགོས་སོ། །དེའི་སྐབས་སུ་ཕུང་པོ་རགས་པ་མི་སྟོང་གི རགས་པ་བདེན་གྲུབ་ཀྱིས་སྟོང་། དུ་མ་མི་སྟོང་གི དུ་མ་བདེན་གྲུབ་ཀྱིས་སྟོང་། མི་རྟག་པ་རང་ངོས་ནས་མི་སྟོང་གི བདེན་གྲུབ་ཀྱིས་སྟོང་ཞེས་སྦྱར་བའི་གཞན་སྟོང་འདི་མ་སྦྱར་ཀྱང་བདག་མེད་རྟོགས་ནུས་ལ། སྦྱར་ན་ཕུང་པོ་རགས་པར་བདེན་པ་དེ། ལྔ་ཀ་གཅིག་ཏུ་ཚོགས་པའི་རགས་པ་དེའམ། རྣམ་ཤེས་དྲུག་ཚོགས་པའི་རགས་པའམ། ཐ་ན་ཡིད་རགས་པ་མི་སྟོང་བ་དེ་བདག་གི་གདགས་གཞིར་བྱས། བདག་འཛིན་གྱི་ཡུལ་བདག་ཡོད་པ་ལ་རིགས་པས་གནོད་པ་བསྟན་དུ་མེད་དེ། རགས་པ་དེ་རིལ་པོ་དང་། གཅིག་པུ་དང་། རྟག་པ་ཡིན་རུང་སྟེ། རིལ་པོ་མི་སྟོང་པར་ཁས་བླངས་པས། དེ་འདྲའི་རིལ་པོ་གཅིག་པུ་དང་། སྐད་ཅིག་མ་ཡིན་པའི་རྟག་པར་འགྱུར་ཏེ། ད་དུང་དེ་དུ་མ་དང་སྐད་ཅིག་མར་དབྱེ་བའི་ཆར་གསིལ་རྒྱུ་ཡོད་ན། རྟག་གཅིག་ཏུ་བཏགས་པའང་། དུ་མའི་ཆོས་ལ་རྟག་གཅིག་ཏུ་བཏགས་ཀྱི། རྟག་གཅིག་གི་ངོ་བོ་མི་སྟོང་པ་མ་ཡིན་པར་འགྱུར་རོ། །རྟག་གཅིག་གི་ངོ་བོས་སྟོང་པ་དེ་བདེན་གྲུབ་ཀྱིས་སྟོང་པར་བརྡ་སྦྱར་བ་ཡིན་ན། དེ་ལྟར་ཁོ་བོས་ཀྱང་འདོད་མོད། རྟག་གཅིག་ངོ་བོས་མི་སྟོང་ལ་བདེན་གྲུབ་ཀྱིས་སྟོང་པ། དེ་གཉིས་མི་གཅིག་པར་འདོད་པ་ཁྱོད་ལྟར་ན། རང་ངོས་མི་སྟོང་པར་ཁས་བླང་ཕན་ཆོད། གཞན་གྱིས་སྟོང་ཡང་མི་ཕན་ཏེ། དུ་མ་ཡིན་པས་གཅིག་པུའི་ངོ་བོ་སྟོང་པ་དང་། སྐད་ཅིག་མ་ཡིན་པས་རྟག་པའི་ངོ་བོ་སྟོང་པ་མིན་པའི། གཅིག་པུ་བདེན་གྲུབ་ཞེས་པ་དང་། རྟག་པ་བདེན་གྲུབ་དང་། རིལ་པོ་བདེན་གྲུབ་ཞེས་པ་འཇིག་རྟེན་ན་ཐ་སྙད་དུ་མི་སྲིད་པས། དེས་སུ་ལའང་ཕུང་པོར་འཛིན་པ་དང་། བདག་འཛིན་མི་སྐྱེད་པས་དེ་དགག་མི་དགོས་སོ། །ཆོས་ཀུན་རང་སྟོང་མིན་གཞན་སྟོང་ཡིན་པའི་འཆད་ཚུལ་འདིས། དོན་དམ་སྟོང་ཉིད་རྟོགས་ཚུལ་ལ་ནི་གོ་རྒྱུ་ཡར་ལྷག་ཡོད་པས་ཕན་པ་ཅུང་ཟད་མེད་པར་མ་ཟད་གནོད་བྱེད་དེ། རང་གི་ངོ་བོ་མི་སྟོང་པར་གྲུབ་ཕན་ཆོད། ཆོས་གཞན་གྱིས་སྟོང་པར་སྨྲས་ཀྱང་དེར་འཛིན་ཟློག་མི་ནུས་པའི་ཕྱིར་རོ། །ཁས་བླངས་དེ་ལ། ཀུན་རྫོབ་ཀྱི་སྣང་ཚུལ་ལ་རང་སྟོང་ལས་ལྷག་པའི་གོ་བ་སྐྱེད་རྒྱུ་ཅུང་ཟད་མེད་པར་མ་ཟད་གནོད་དེ། ཐ་སྙད་སྣང་ཚུལ་ལ་ཕུང་ལྔ་སྙོན་མེད་དུ་སྣང་། སྣང་བ་དེ་དུ་མར་སྣང་བ་དང་འགྱུར་བ་ཅན་དུ་སྣང་གི དེ་ལས་ཟློག་པ་གཅིག་པུ་དང་། རྟག་པར་མི་སྣང་བས། ཐ་སྙད་སྣང་ཚུལ་རང་ལ་བརྟེན་ནས། རང་གི་ངོ་བོར་སྟོང་པར་དཔྱད་པས་གྲུབ་པ་ཡིན་གྱི། ཐ་སྙད་ལ་མ་བརྟེན་པར་དོན་དམ་རང་རྐྱ་བར་རྟོགས་ཚུལ་མེད་པས། ཐ་སྙད་རང་གི་སྣང་ཚུལ་གྱིས་ཡེ་ནས་རང་གི་ངོ་བོ་མ་གྲུབ་བཞིན་དུ་སྣང་བ་ཡིན་པ་རང་སྟོང་དུ་བརྗོད་པ་དེ་དངོས་སྟོབས་ཀྱིས་གྲུབ་པས་དེ་ཙམ་ལ་སྟོང་ཉིད་བརྗོད་པས་མི་ཆོག་པར། སྟོང་པ་ཉིད་ནི་བདེན་གྲུབ་ཀྱིས་སྟོང་པ་ཡིན་གྱི། ཀུན་རྫོབ་རང་སྟོང་མིན་ཞེས། སྔ་མ་ལས་ལྷག་པའི་གོ་སྐྱེད་མེད་པར་མ་ཟད། གོང་བཤད་དེ་ལས་ལྷག་པའི་བདེན་གྲུབ་ཡན་གར་བ་འཇིག་རྟེན་སུ་ལའང་སྣང་བ་དང་དེར་ཞེན་མེད་བཞིན། རང་བློས་བརྟག་པའི་དོན་བཞིན་ཀུན་བརྟག་དེ་འདྲས་སྟོང་པར་བསྒྲུབ་པ་དོན་མེད་དེ། འཇིག་རྟེན་གྱི་བུམ་པ་ཉིད་འཛིན་གྱི། བུམ་པ་ལས་གཞན་པའི་བདེན་གྲུབ་འཛིན་པ་མི་སྲིད། བུམ་པ་རང་ངོས་ནས་མ་སྟོང་ན། བུམ་པ་མ་ཡིན་པའི་དེར་འཛིན་གྱི་གཞི་དེ་འདྲས་སྟོང་ཡང་ཐ་སྙད་སྒྱུ་མ་ལྟ་བུར་མི་འགྲུབ་སྟེ། སྦྲུལ་མེད་པས་ཐག་པ་སྒྱུ་མར་མི་རྟོགས་པ་བཞིན་ནོ། །དེས་ན་ཀུན་རྫོབ་དོན་དམ་གཉིས་ཀ་འགལ་མེད་ཡིན་པ་ནི་ཐ་སྙད་ཀྱི་ཆོས་རྣམས་ཀྱི་རང་གི་རང་བཞིན་གྱིས་དེ་ལྟར་སྣང་བ་ཡིན་པར་ཤེས་པར་བྱའོ། ། ༈མདོར་ན་སེམས་ཅན་ཐམས་ཅད་ཀྱི་ཕུང་སོགས་ཐ་སྙད་དུ་ཡོད་པའི་ཆོས་འདི་རྣམས་ལ་དམིགས་ནས། ངོ་བོ་ཉིད་དམ་རང་བཞིན་གྱིས་ཡོད་པའམ། སྣང་བ་ལྟར་དོན་དམ་པར་གྲུབ་པའི་བདེན་གྲུབ་ཏུ་བཟུང་བའི་དབང་གིས། བདག་དང་ཆོས་དང་ཕྱི་ནང་ལ་སོགས་པའི་གཟུང་འཛིན་ཀུན་རྟོག་སྣ་ཚོགས་ལུ་གུ་རྒྱུད་དུ་སྐྱེ་ཞིང་། འཁོར་བར་འཁྱམས་པ་ཡིན་ལ། ཐེག་པ་གསུམ་གྱི་མྱང་འདས་ནི། གང་ཟག་གི་བདག་མེད་རྟོགས་པས་ཉོན་སྒྲིབ་སྤངས་ཏེ། འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཉན་ཐོས་ཀྱི་འབྲས་བུ་མངོན་དུ་བྱེད་པ་དང་། གང་ཟག་གི་བདག་དང་གཟུང་བ་གཟུགས་ཀྱི་ཕྱོགས་བདེན་མེད་དུ་རྟོགས་པས་རང་རྒྱལ་གྱི་འབྲས་བུ་དང་། བདག་མེད་གཉིས་རྟོགས་ཀྱི་མཁྱེན་པས་སྒྲིབ་གཉིས་སྤང་བ་བྱང་ཆུབ་སེམས་དཔའི་ཐེག་པའི་མི་གནས་པའི་མྱང་འདས་འཐོབ་པ་ཡིན་པ་སྤྱིར་བསྟན་ནས། དེ་ཡང་ཆོས་གང་དང་གང་དུ་འཛིན་པ་དེའི་གཟུང་ཡུལ་གྱི་ངོ་བོ་མེད་པར་རྟོགས་ན་དེར་འཛིན་ལྡོག་གི གཞན་དུ་འཛིན་པ་དེ་ནམ་ཡང་མི་ལྡོག་ཏེ། འཕགས་པ་ལྷས། ཡུལ་ལ་བདེན་མེད་མཐོང་སོགས་གསུང་བ་བཞིན་ནོ། །དེ་ལ་བདག་མེད་མཐོང་ཚུལ་ཡང་བཤད་མ་ཐག་པ་ལྟར། དོན་དམ་དཔྱོད་པའི་དཔྱད་ཡུལ་དང་སྟོང་པར་གཏན་ལ་དབབ་པར་བྱ་བ་ཐ་སྙད་དུ་ཡོད་པའི་ཆོས་འདི་རྣམས་ཡིན་གྱི། ཐ་སྙད་དུ་མེད་པའི་རི་བོང་གི་རྭ་ལ་སོགས་པ་ནི་དོན་དཔྱོད་ཀྱིས་དགག་མི་དགོས་ཏེ། འཇིག་རྟེན་པ་སུ་ལ་ཡང་དེས་དམིགས་རྐྱེན་བྱས་ནས་བདག་འཛིན་སོགས་མི་སྐྱེད་པའི་ཕྱིར་རོ། །དེས་ན་བུམ་པ་ལྟ་བུ་ལ་དེའི་རང་མཚན་གྲུབ་མ་གྲུབ་གཅིག་དུ་བྲལ་གྱི་རིགས་པས་དཔྱད་པའི་ཚེ་ཐ་སྙད་ཀྱི་བུམ་པ་ཉིད་དཔྱད་བཟོད་དུ་མེད་པའི་ཕྱིར། བུམ་པ་ཉིད་རང་གི་ངོ་བོས་སྟོང་པར་དཔྱད་དགོས་ཏེ། རིགས་པ་དེས་སྟོང་པར་བསྒྲུབ་བྱ་བུམ་པ་ཉིད་ཡིན་ལ་བུམ་པ་ཉིད་མ་དམིགས་པར་སྒྲུབ་དགོས་ཀྱི། དེ་མ་གྲུབ་བར་དུ་བུམ་པ་བདེན་མེད་མི་འགྲུབ་བོ། ། དེས་ན་སོ་སྐྱེ་རྣམས་ཀྱིས་དང་པོར་བདེན་གྲུབ་ཏུ་སྒྲོ་འདོགས་པའི་གཞི་བུམ་པ་དམིགས་ནས་དེ་ལ་བདེན་པར་འཛིན་གྱི། བུམ་པའི་སྟེང་གི་བདེན་གྲུབ་དམིགས་ནས་དེ་ལ་བདེན་པར་འཛིན་པ་མ་ཡིན་ཏེ། བདེན་གྲུབ་མིག་ཤེས་ལ་སོགས་པས་མངོན་སུམ་དམིགས་མི་སྲིད་དེ། དེ་འཁྲུལ་པས་སྒྲོ་བཏགས་པའམ། ཀུན་བཏགས་ཡིན་པའི་ཕྱིར་རོ། །དེས་ན་དོན་དམ་དཔྱོད་པས་དགག་རྒྱུ་ཐ་སྙད་དུ་ཡོད་པའི་ཆོས་འདི་རྣམས་ཡིན་ཏེ། བུམ་སོགས་ཐ་སྙད་ཀྱི་ཆོས་འདི་རྣམས་རྟེན་འབྱུང་གི་དབང་གིས་འདི་ལྟར་སྣང་བ་ནི་བསླུ་མེད་སྙོན་མེད་དུ་ཡོད་མོད་ཀྱི། འདི་སྣང་བ་ལྟར་རང་གི་ངོ་བོ་ཉིད་དུ་གྲུབ་པ་ཞིག་གམ་མ་གྲུབ་པ་ཞིག་ཡིན་སྙམ་དུ། དོན་དམ་དཔྱོད་པའི་དབུ་མའི་གཏན་ཚིགས་བཞིས་དཔྱད་ན། བུམ་སོགས་འདི་སྣང་བཞིན་དུ་དེ་དང་དེའི་ཆོས་སུ་རྡུལ་ཕྲ་རབ་ཙམ་དཔྱད་བཟོད་དུ་མ་དམིགས་པ་ནི། བུམ་སོགས་ཆོས་རྣམས་རྐྱེན་གཞན་གྱིས་སྟོང་པར་བྱས་པའི་གཞན་སྟོང་མིན་གྱི། རང་གི་གཤིས་སམ་བབ་ཀྱིས་གདོད་ནས་སྐྱེ་བ་མེད་པའམ་དམིགས་སུ་མེད་པའི་སྟོང་པ་ཉིད་དུ་གནས་པར་གཏན་ལ་འབེབ་དགོས། དེ་ལྟར་རང་ངོས་ནས་སྟོང་པ་དེ་ལ། ཆོས་རྣམས་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། དོན་དམ་དཔྱོད་པའི་རིགས་པས་དཔྱད་ན་དེའི་ངོ་བོ་དམིགས་སུ་མེད་པའི་ཕྱིར་དེ་སྐད་བཏགས་སོ། ། རང་བཞིན་མེད་པ་ཞེས་བྱ་སྟེ། དེ་དང་དེའི་རང་བཞིན་འདི་ཞེས་དམིགས་སུ་མེད་པའི་ཕྱིར། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དེ་བཞིན་མཚན་ཉིད་མེད་པ་དང་། སྟོང་པ་ཉིད་དང་། བདག་མེད་པ་དང་། ཡང་དག་མཐའ་དང་། དབྱིངས་ལ་སོགས་པའི་མིང་གིས་བསྟན་ཏེ། ཡང་དེའི་མིང་གི་རྣམ་གྲངས་གཞན་བདེན་གྲུབ་མེད་པ་ཞེས་བྱ་སྟེ། བུམ་སོགས་འདི་དོན་དམ་དཔྱོད་རིགས་ཀྱིས་དཔྱད་པའི་ཚེ་དཔྱད་བཟོད་དུ་གྲུབ་ན་བདེན་གྲུབ་ཡིན་དགོས་ཀྱང་། འདུས་བྱས་འདུས་མ་བྱས་ཀྱི་ཆོས་གང་ལ་དོན་དམ་དཔྱོད་པས་དཔྱད་བཟོད་དུ་རྙེད་པ་མི་སྲིད་པའི་ཆ་ནས་བདེན་གྲུབ་མེད་པ་ཞེས་བཏགས་སོ། །དེས་ན་བུམ་སོགས་རང་ངོས་ནས་མི་སྟོང་ལ། གཞན་བདེན་གྲུབ་ཀྱིས་སྟོང་པའི་གཞན་སྟོང་ཡིན་ཞེས་དེང་སང་གི་ཆོས་གྲྭ་པ་རྣམས་ཀྱི་གྲུབ་མཐའ་བཟུང་བ་ལྟར་ན། བུམ་སོགས་རང་ངོས་ནས་མི་སྟོང་པའི་ཕྱིར་ཐ་སྙད་དུ་ཡོད་པའི་ཆོས་གཅིག་ཀྱང་སྟོང་པར་བསྒྲུབ་བྱ་མ་ཡིན་ལ། ངོ་བོ་ཉིད་མེད་པར་བསྒྲུབ་མི་རུང་པས། དེ་ཐམས་ཅད་དོན་དཔྱོད་ཀྱིས་མ་བཀག་པར། ཐ་སྙད་དུ་མེད་པའི་བདེན་གྲུབ་དགག་པར་བྱས་ནས། དོན་དམ་དཔྱོད་པས་དགག་པ་བརྗོད་ཚད་ལ། བདེན་གྲུབ་ཀྱི་ཁྱད་པར་སྦྱར་ཏེ་འགོག་པར་སྣང་ངོ་། །སྤྱིར་བདེན་གྲུབ་ཀྱི་ཁྱད་པར་སྦྱར་བ་ཙམ་ལ་འགལ་བ་མེད་ཅིང་གོ་བདེ་བའི་སྐབས་ཡོད་དེ། ཆོས་རྣམས་ཀྱི་ངོ་བོ་རང་སྟོང་ལ་བདེན་གྲུབ་མེད་པའི་ཐ་སྙད་སྦྱར་བའི་དབང་དུ་བྱས་ན་དེ་ལྟར་ཡིན་མོད་ཀྱི། ཆོས་རྣམས་ཀྱི་ངོ་བོ་རང་སྟོང་པ་བདེན་མེད་ཀྱི་དོན་དུ་མི་འཛིན་པར། བདེན་གྲུབ་ཡན་གར་བ་འགོག་པའི་ཚུལ་དུ་གོ་ན། དེ་འདྲའི་སྟོང་ཉིད་དེས་ཆོས་རྣམས་ལ་དེ་དེའི་དངོས་འཛིན་སྣ་གཅིག་མི་ཁེགས་པས་སྟོང་ཉིད་གཏན་ལ་དབབ་པའི་དགོས་པ་སྟོར་བ་དང་། ཆོས་རྣམས་ཀྱི་གནས་ལུགས་ཆོས་རང་ལས་གཞན་པའི་བདེན་གྲུབ་ཡན་གར་བ་བཀག་པའི་མེད་དགག་རྐྱང་པ་ཙམ་དུ་འགྱུར་བས། སྟོང་རྟེན་འབྱུང་གི་སྣང་བ་ཟུང་འཇུག་མཉམ་པ་ཉིད་ཀྱི་དོན་མི་རྟོགས་པ་དང་། སྤྲོས་པ་ཀུན་བྲལ་ལ་སྐར་པ་འདེབས་ཅིང་། མེད་དགག་གི་སྤྲོས་པ་མདོར་བ། གཟུང་འཛིན་མེད་པའི་མཉམ་བཞག་སྣང་མེད་ཡིན་པར་ཁས་ལེན་ཀྱང་། བདེན་གྲུབ་ཡན་གར་བ་ཁེགས་པའི་སྟོང་ཉིད་དེ་ལ་བསྐལ་པ་བརྒྱར་གོམས་ཀྱང་དེས་གཉིས་སྣང་སེལ་མི་ནུས་པ་དང་། དབུ་མའི་གཞུང་གི་དོན་དམ་དཔྱོད་པའི་རིགས་པས་དངོས་ཞེན་འགོག་ནུས་པ་དེ། འདིས་འགོག་མི་ནུས་པར་བདེན་གྲུབ་ཞེས་དགག་བྱ་སྣ་གཅིག་པོ་དེ་ཡི་སྟེང་དུ་བསྒྱུར་ནས་དེ་འཛིན་པའི་བློ་ལ་སྤྲོས་པ་ཀུན་བྲལ་གྱི་སྟོང་ཉིད་རྟོགས་པའི་སྐལ་པ་རིང་དུ་བྱས་ཤིང་། གཞུང་ལུགས་རྣམ་དག་རྣམས་ཀྱི་དོན་དང་འགལ་བའི་འགལ་བ་བརྒྱ་ཕྲག་མང་པོའི་གནས་སུ་གྱུར་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དམ་གནས་ལུགས་སྐྱེ་བ་མེད་པ་དེ། ཤེས་བྱེད་ཀྱི་གཏན་ཚིགས་གཅིག་དུ་བྲལ་སོགས་ཡིན་ལ། དེས་དཔྱད་བཟོད་མེད་པར་གྲུབ་པ་ལ་ཆོས་ཐམས་ཅད་བདེན་མེད་དུ་གསུངས་ཤིང་དེ་ལྟར་གོ་དགོས་ཀྱི། ཆོས་གང་དོན་དཔྱོད་ཀྱིས་དཔྱད་བཟོད་མེད་ཀྱང་། དེས་དེ་ཉིད་སྟོང་པར་མི་འགྲུབ་ཀྱི། དེས་བདེན་གྲུབ་སྟོང་པར་བྱས་ནས་བདེན་གྲུབ་དགག་བྱ་དང་། སྟོང་པ་ཉིད་བསྒྲུབ་བྱ་ཡིན་ན། ཆོས་ཐམས་ཅད་མི་དམིགས་པར་བསྒྲུབ་བྱ་དང་སྟོང་པར་བསྒྲུབ་བྱ་མིན་ལ། བདེན་གྲུབ་ཁོ་ན་མི་དམིགས་པ་དང་སྟོང་པ་ཡིན་པར་སྒྲུབ་དགོས་ན། བུམ་སོགས་ཆོས་ཐམས་ཅད་ལ་གཅིག་དུ་བྲལ་སོགས་ཀྱི་རིགས་པས་མི་དཔྱད་པར། བདེན་གྲུབ་འབའ་ཞིག་ལ་དཔྱད་དགོས་ནའང་། ཆོས་གང་གི་ཡང་ཁྱད་པར་མ་བྱས་པའི་བདེན་གྲུབ་ནི་རི་བོང་གི་རྭ་བཞིན། མིང་གིས་བཏགས་པའི་མིང་ཙམ་བརྗོད་བྱ་དོན་གྱིས་སྟོང་པ་ཡིན་ན། དེ་བུམ་སོགས་ལས་ཐ་དད་དུ་གྱུར་པ་དོན་དཔྱོད་ཀྱིས་ཇི་ལྟར་དཔྱད། ཕ་རོལ་པོས་འདི་སྙམ་དུ། དཔེར་ན་ཐག་པ་སྦྲུལ་དུ་འཁྲུལ་པའི་ཚེ། སྦྲུལ་དུ་སྒྲོ་འདོགས་པའི་གཞི་ཐག་པ་ཡིན་ལ། ཐག་པ་སྦྲུལ་འཛིན་གྱི་བློ་དེས་ཐག་པ་ཉིད་སྦྲུལ་དུ་འཛིན་གྱི། ཐག་པ་ལས་གཞན་པའི་སྦྲུལ་དུ་མི་འཛིན་པས། གཞི་དེར་སྦྲུལ་ཡོད་མེད་དཔྱད་པས་མེད་པར་རྟོགས་ཚེ། ཐག་པ་ཉིད་ཡོད་ལ། དེ་ཆོས་གཞན་སྦྲུལ་གྱིས་སྟོང་པ་ཡིན་པ་དང་། ཐག་སྦྲུལ་འཛིན་པའི་བློས་སྦྲུལ་མཐོང་མ་མྱོང་ཡང་། སྦྲུལ་དུ་འཁྲུལ་པ་དེ་ལ་བརྟག་ཚེ་ཐག་པ་ཉིད་ལ་དཔྱད་ནས་སྦྲུལ་མེད་པར་མཐོང་དགོས་པ་དང་། དེའི་ཐག་པ་སྦྲུལ་གྱིས་སྟོང་པའི་ཆོས་གཞན་གྱི་སྟོང་པ་དང་། ཐག་པ་རང་ངོས་ནས་མི་སྟོང་པ་ལྟར། བུམ་སོགས་བདེན་གྲུབ་ཀྱིས་སྟོང་ཚུལ་དེ་དང་འདྲ་སྙམ་ན། ཐག་པ་རང་ངོས་ནས་མི་སྟོང་པ་ལྟར་བུམ་སོགས་རང་ངོས་ནས་མི་སྟོང་པ་དེ་ལྟར་ན། བུམ་སོགས་བདེན་གྲུབ་ཏུ་ཁས་མ་བླངས་ཀྱང་། རང་ངོས་ནས་མི་སྟོང་པར་ཁས་བླང་བའི་སྟོབས་ཀྱིས་བདེན་གྲུབ་ཏུ་འ གྱུར་རོ། །དོན་དམ་དཔྱོད་པས་དཔྱད་བཟོད་དང་དམིགས་པར་ཡང་ཁས་ལེན་དགོས་ཏེ། ཟླ་བའི་ཞབས་ཀྱིས། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་འཕང་པ་དེ་ལུགས་འདི་ལ་འབབ་བོ། །བུམ་སོགས་རང་གི་ངོ་བོ་བདེན་པར་གྲུབ་ན་བདེན་གྲུབ་གཞན་གྱིས་ཇི་ལྟར་སྟོང་སྟེ། ཅི་ཞིག་གི་བདེན་གྲུབ་ཀྱིས་སྟོང་། དེས་ན་འདི་བརྗོད་བྱས་སྟོང་པའི་ངག་འབྲེལ་མེད་དོ། །ཇི་ལྟར་ཐག་པ་ལ་སྦྲུལ་བསལ་བ་དེ་བཞིན། ཐག་པ་ཉིད་སྐད་པའི་རྣམ་པར་བཤིག་ན། ཐག་པ་ཉིད་བཏགས་པ་ཙམ་ལས་དམིགས་སུ་མེད་པ་ན། སྤུ་དང་རྡུལ་ཕྲན་གྱི་བར་དེ་ལྟར་ཡིན་པ་ལ། ཐག་འཛིན་ཤེས་པ་དང་། དེའི་ཡུལ་ཐག་པ་གཉིས་ཀ་ཐ་སྙད་དུ་མ་འཁྲུལ་པ་ཡིན་པས། སྟོང་ཉིད་བསྒྲུབ་ཚེ་ཐག་པ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་དགོས་ཀྱི། ཐག་པ་ལ་སྦྲུལ་མེད་སྒྲུབ་ཚེ་སྦྲུལ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་མི་དགོས་པ་འདི་བཞིན་དུ། བདེན་གྲུབ་ཀྱི་ཁྱད་པར་མ་སྦྱར་བར་བུམ་པ་བཀག་ན། ཐ་སྙད་བཀག་པའོ་སྙམ་དུ་འདི་དག་གིས་འདི་ལྟར་འཛིན་ནོ། ། སྤྱིར་བདེན་གྲུབ་བཀག་ཅེས་དང་། དེ་བཞིན་དུ་ངོ་བོ་ཉིད་གྲུབ་དང་། རང་བཞིན་གྱིས་གྲུབ་པ་དང་། རང་གི་རང་བཞིན་མི་སྟོང་བ་དགག་བྱ་ཡིན་ཅེས་བདག་ཅག་ཀྱང་ཁས་ལེན་མོད་ཀྱི། ཐ་སྙད་དུ་ཡོད་པའི་ཆོས་དེ་དག་གི་ངོ་བོ་ཉིད་ད མིགས་སུ་མེད་པར་མ་གྲུབ་ན། དེ་རྣམས་དགག་པ་འགྲུབ་ཐབས་མེད་ལ། གྲུབ་ན་བདེན་མེད་སོགས་ཀྱང་གྲུབ་སྟེ་དེའི་ཕྱིར་དོན་དཔྱོད་ཀྱིས་ཐག་པ་དང་སྲད་བུ་སོགས་ཆ་དང་ཆར་བསིལ་ནས་བཤིག་ཚེ། རགས་པ་ཐག་པ་སོགས་ཐ་སྙད་དུ་ཡང་རང་གིས་གྲུབ་པ་མེད་པར་བཏགས་པ་ཙམ་དུ་འགྲུབ་དགོས་ཀྱི། དེ་མ་གྲུབ་ན་བདེན་གྲུབ་ཀྱང་མི་ཁེགས་ལ། གྲུབ་ན་བདེན་གྲུབ་དང་། ངོ་བོ་ཉིད་གྲུབ་སོགས་ཀྱང་ཁེགས་པས། བུམ་སོགས་རང་གི་ངོ་བོས་མི་སྟོང་ཞེས་བྱས་པ་ལ་དོན་ཅི་ཡང་མེད་དོ། །དེས་ཐ་སྙད་བཀག་ནས་ཆད་སྟོང་དུ་འགྱུར་བས་བདེན་གྲུབ་བཀག་གི་ཐ་སྙད་ཀྱི་བུམ་སོགས་མ་བཀག་ཅེས་ཁས་ལེན་དགོས་སྙམ་ན། བཀག་ཅེས་དོན་དཔྱོད་ཀྱིས་མ་དམིགས་པས། ཐ་སྙད་རྣམས་ཐ་སྙད་དཔྱོད་བྱེད་ཀྱི་ངོར་བཀག་སྙམ་པ་གྱི་ན་ཏེ། དོན་དཔྱོད་ཀྱི་ངོར་མ་རྙེད་པའམ་མི་དམིགས་པ་ཡིན་ཚད་ཐ་སྙད་དུ་མེད་དགོས་ན། དོན་དམ་དཔྱོད་པས་དཔྱད་བཟོད་དུ་རྙེད་རྒྱུའི་ཆོས་གཅིག་ཀྱང་མི་སྲིད་དེ། སྲིད་ན་བདེན་མེད་མ་ཡིན་པའི་ཐ་སྙད་ཀྱི་ཆོས་ཀྱང་ཡོད་པས། དེས་དཔྱད་བཟོད་མེད་པར་རང་གཞན་གཉིས་ཀར་གྲུབ་བཞིན་དུ། དོན་དཔྱོད་ཀྱིས་དཔྱད་བཟོད་དུ་མེད་ཚད་ཐ་སྙད་དུ་མེད་དགོས་སྙམ་པ་ཁྱེད་ཅག་གི་བདེན་གཉིས་འགལ་བར་འཛིན་པའི་བློ་སྐྱོན་ཏེ། དོན་དཔྱོད་ཀྱིས་མ་རྙེད་ཚད་ཐ་སྙད་དུ་མེད་དགོས་ན་དོན་དཔྱོད་ཀྱིས་དཔྱད་བཟོད་ཞིག་ཡོད་དགོས་ཀྱང་དེ་མི་སྲིད་པས། དོན་དམ་དཔྱོད་པའི་དངོས་སྟོབས་ཀྱི་རིགས་པས་བུམ་པ་དང་སྐྱེ་བ་སོགས་མ་གྲུབ་མ་དམིགས་བཞིན་དུ། དེ་ལ་ཚིག་གི་ལམ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་བས་ཐ་སྙད་མི་འགོག་པ་ལ་ཅི་ཞིག་ཕན། དེས་བདེན་གྲུབ་ཀྱི་ངོ་བོ་ཉིད་དོན་དཔྱོད་ཀྱི་བཀག ཐ་སྙད་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་བཀག་པ་མིན་ཏེ། དེས་བུམ་སོགས་ཐ་སྙད་ཀྱི་ཆོས་ཐམས་ཅད་དཔྱད་ཚེ་རང་གི་ངོ་བོ་དམིགས་སུ་མེད་པས། བུམ་སོགས་དེ་དག་ཐ་སྙད་དུ་རང་གི་ཡན་ལག་གི་ཚོགས་པ་ལ་བརྟེན་ནས་བཏགས་པ་ཙམ་དུ་གྲུབ་ཀྱི། དཔྱད་བྱའི་ཡུལ་བུམ་སོགས་བདེན་གྲུབ་ཀྱི་ཁྱད་པར་བྱས་པ་འབའ་ཞིག་གི བློ་གནོད་མེད་ལ་སྣང་བའི་བུམ་སོགས་མིན་ཞེས་ཇི་ལྟར་སྨྲ་སྟེ། བདེན་གྲུབ་ཀྱིས་ཁྱད་པར་དུ་བྱས་པའི་བུམ་སོགས་བློ་གནོད་མེད་ཀྱི་མིག་སོགས་ཀྱི་ཡུལ་དུ་སྣང་མི་སྲིད་པས། དེ་ཆ་ཤས་སུ་གསིལ་ཏེ་དགག་པ་མ་ཡིན་ལ། དེ་མཐའ་བཞི་སྐྱེ་འགོག་གི་རིགས་པས་མི་སྐྱེ་བར་བསྒྲུབ་པ་མ་ཡིན་ཏེ། ཐ་སྙད་དུ་ཡོད་པའི་བུམ་སོགས་ཆ་ཤས་དང་ཡན་ལག་ཅན་དུ་བསིལ་ནས་ངོ་བོ་ཉིད་མེད་པར་སྒྲུབ་པ་དང་། ཐ་སྙད་དུ་སྐྱེ་བའི་མྱུ་གུ་སོགས་སྐྱེ་བ་མེད་པར་བསྒྲུབ་པ་ཡིན། དེས་ན་རིགས་པ་དེ་དག་གིས་ཐ་སྙད་ཀྱི་ཆོས་དེ་རྣམས་ངོ་བོ་དམིགས་སུ་མེད་པ་དང་། སྐྱེ་བ་མེད་པར་བསྒྲུབ་པ་དེས། ཆོས་དེ་རྣམས་ངོ་བོ་ཉིད་མེད་པ་དང་། བདེན་གྲུབ་མེད་པར་གྲུབ་ཅེས་དང་། སྐྱེ་འགག་སོགས་བདེན་གྲུབ་མེད་པར་གྲུབ་ཅེས་བརྗོད་རིགས་ཀྱི། དོན་དཔྱོད་ཀྱི་སྐབས་སུ་བུམ་སོགས་ཀྱི་ངོ་བོ་ཡོད་མེད་དང་། སྐྱེ་མི་སྐྱེ་རིགས་པ་དེས་མི་དཔྱད་པར། བདེན་པའི་ངོ་བོ་དང་། བདེན་པའི་སྐྱེ་བ་ཞེས་སྦྱར་མི་དགོས་ཏེ། དང་པོ་ནས་བདེན་གྲུབ་ཀྱི་ཁྱད་པར་མ་སྦྱར་བའི་ཐ་སྙད་ཀྱི་ངོ་བོ་དང་སྐྱེ་བ་སོགས་ལ་དཔྱད་པས་ཆོག་སྟེ། ངོ་བོ་དང་སྐྱེ་བ་ཡོད་མེད་དོན་དམ་དཔྱོད་པའི་དཔྱད་གཞིའམ། སྟོང་པར་བསྒྲུབ་བྱ་དེ་བུམ་སོགས་ཐ་སྙད་ཀྱི་ཆོས་འདི་རྣམས་ཡིན་གྱི། བདེན་གྲུབ་ཀྱི་ཁྱད་པར་བྱས་པ་མ་ཡིན་པས། འདི་རྣམས་དོན་དམ་དཔྱོད་པས་དཔྱད་མི་བཟོད་པར་གྲུབ་ན་ངོ་བོ་ཉིད་མེད་པ་དང་། བདེན་མེད་དུ་གྲུབ་པས། བུམ་པ་བདེན་པར་གྲུབ་པ་མེད་ཅེས་དང་། བདེན་པའི་སྐྱེ་བ་ཞེས་བྱ་མི་དགོས་ཏེ། འདི་རྣམས་དཔྱད་བཟོད་དུ་རྙེད་ན་བདེན་སྐྱེ་དང་། བདེན་གྲུབ་ཡིན་ཡང་། མ་རྙེད་པས་བདེན་མེད་དང་སྐྱེ་མེད་དུ་གྲུབ་པས་བདེན་གྲུབ་ཁེགས་པ་དང་བདེན་མེད་ཀྱི་ཐ་སྙད་དེར་གྲུབ་བོ། །དེའི་ཕྱིར་དོན་དཔྱོད་ཀྱིས་མི་རྙེད་རྒྱུ། ཐ་སྙད་དུ་ཡོད་པའི་བུམ་སོགས་དང་། སྐྱེ་བ་སོགས་ཡིན་གྱི། བདེན་གྲུབ་ཀྱིས་ཁྱད་པར་དུ་བྱས་པའི་བུམ་སོགས་དང་། སྐྱེ་བ་མ་ཡིན་ཏེ། དེ་ཐ་སྙད་དུ་ཡོད་མི་སྲིད་པས། དེ་གཅིག་དུ་བྲལ་གྱི་རིགས་པས་དཔྱད་ཡུལ་མིན་པས། དཔྱད་ཡུལ་མིན་པ་གཞན་ཞིག་དཔྱད་བཟོད་མེད་པ་དེ། དཔྱད་ཡུལ་ཡིན་པ་གཞན་ཞིག་དཔྱད་བཟོད་མེད་པར་བསྒྲུབ་པས་དགག་བྱར་སོང་བ་ལྟར་འདོད་པ་དོན་མེད་དེ། བདེན་གྲུབ་བཀག་པའི་ཐ་སྙད་སྐྱོན་མེད་ཡིན་ཡང་། ཇི་ལྟར་བདེན་གྲུབ་དཔྱད་བཟོད་དུ་མེད་པའམ་སྟོང་པར་བསྒྲུབ་པ་དེ་བཞིན། བུམ་སོགས་དང་སྐྱེ་བ་སོགས་ཀྱང་དཔྱད་བཟོད་དུ་མེད་པ་དང་སྟོང་པར་གྲུབ་བཞིན། བུམ་སོགས་མི་སྟོང་པར་ཅི་ལ་སྨྲ་སྟེ། དཔྱད་བཟོད་དུ་འདོད་དམ། བདེན་གྲུབ་བཀག་ཟེར་ན་ཐ་སྙད་མ་བཀག་པར་གོ་ལ། དེའི་ཁྱད་པར་མ་སྦྱར་བར་བཀག་ན་དོན་དཔྱོད་ཀྱིས་ཐ་སྙད་ཀྱི་ངོ་བོ་བཀག་པར་མི་འགྱུར་རམ་ཟེར། དོན་དཔྱོད་ཀྱིས་ཐ་སྙད་བཀག་ཅེས་པ་འདི་ཐ་སྙད་དཔྱོད་པས་མེད་པར་བཀག་པ་དང་མི་འདྲ་སྟེ། དེས་བཀག་པ་ནི་ཆོས་དེ་དག་དོན་དམ་པར་དམིགས་སུ་མེད་པར་བསྒྲུབ་པ་ཡིན་པས། འདིས་བཀག་དགོས་ཏེ་མ་བཀག་ན་ཐ་སྙད་རྣམས་ཀྱི་ངོ་བོ་ཉིད་དང་བདེན་གྲུབ་ཀྱང་མི་ཁེགས་པས། རིགས་དེས་ཐ་སྙད་དུ་ཡང་མི་རིགས་པས་ཞེས་བདེན་པ་གཉིས་ཆར་སྐྱེ་བ་མེད་པར་གསུངས་ཏེ། དོན་དཔྱོད་ཀྱིས་དཔྱད་ན་བུམ་པ་དོན་དམ་པར་མ་རྙེད་མི་དམིགས་པར་སྟོང་པ་ཉིད་དུ་བསྒྲུབ་ཀྱི། དེས་ལྷག་མ་ཐ་སྙད་དུ་ལུས་པ་ཅུང་ཟད་གཅིག་གྲུབ་ནས། ཐ་སྙད་དུ་དམིགས་པ་ཞེས་བྱ་བ་ཅུང་ཟད་ཡོད་མི་སྲིད་པས། ཟླ་བའི་ཞབས་ཀྱིས། མོ་གཤམ་བུ་ལྟར་རང་གི་བདག་ཉིད་ཀྱིས། སྐྱེ་བ་དེ་ཉིད་དུ་མེད་ཐ་སྙད་དུའང་། ཞེས་གསུངས་པའི་རང་གི་བདག་ཉིད་ཀྱིས་ཞེས་པ་ཐ་སྙད་ཀྱི་བུམ་སོགས་དང་སྐྱེ་བ་སོགས་རང་གི་ངོ་བོ་སྟེ་ཆོས་དེའི་བདག་ཉིད་དུ་ཞེས་པ་ཡིན་གྱི། འདི་ལ་བདེན་གྲུབ་ཀྱི་རང་གི་ངོ་བོ་ཞེས་པར་གོ་དགོས་ན། མོ་གཤམ་བུ་ལྟར་རང་རང་ངོ་བོས་ཞེས་པའི་དཔེ་ལྟར། མོ་གཤམ་བུ་སྐྱེ་མ་མྱོང་བ་ཡིན་གྱི། མོ་གཤམ་བུའི་རང་གི་ངོ་བོ་ནི་མེད་པ་དཔེར་བྱས་པའོ། །དེ་ལྟ་ན་དོན་དམ་ཞེས་པ་འདི་ཐ་སྙད་བཀག་པའི་སྟོང་པ་ཕྱང་ཆད་ཞིག་ཡིན་པས། ཐ་སྙད་རྣམ་བཞག་མེད་པའི་ཕྱིར་ཐ་སྙད་བཀག་པར་འགྱུར་སྙམ་ན། ཐ་སྙད་བཀག་ཅེས་པ། མེས་ཤིང་བསྲེག་པ་ལྟར་སྟོང་པ་ཉིད་ཡིན་ན་དེ་ཕན་ཆད་ཐ་སྙད་སྣང་བ་རྒྱུན་ཆད་དགོས་ན། བུམ་སོགས་ཐ་སྙད་འདི་རྣམས་དཔྱད་རུང་མ་དཔྱད་རུང་། ཐ་སྙད་རང་གི་ངོ་བོ་ཉིད་དམ་ཆོས་ཉིད་ཀྱིས་སྟོང་པར་གནས་སུ་ཟིན་ཀྱང་། དེ་ལྟར་སྟོང་བཞིན་དུ་ཐ་སྙད་རྟེན་འབྱུང་གི་སྣང་བ་ནི་དུས་ཀུན་ཏུ་རྒྱུན་མ་ཆད་པར་སྣང་ལ། ད་ལྟ་ཐ་སྙད་ཀྱི་ངོ་བོ་ཡོད་མེད་དཔྱོད་པའི་སྐབས་སུའང་། བུམ་པ་ལྟ་བུ་ཁ་ཁྱེར་དང་ལྟོ་བ་སོགས་ཀྱི་ཆར་ཕྱེ་སྟེ། རྡུལ་ཕྲ་རབ་ཀྱི་ཕྱེ་ཞིང་དཔྱད་པ། ཡན་ལག་ཅན་དང་ཡན་ལག་གི་ཆ་ཤས་ཅུང་ཟད་ཀྱི་ངོ་བོ་ཉིད་རྙེད་རྒྱུ་མེད་བཞིན། བུམ་པར་སྣང་བ་མེད་མི་འགྲོ་བ་འདིས། ཐ་སྙད་རང་གི་ངོ་བོ་སྟོང་བཞིན་དུ་སྣང་བ་ཡིན་པར་དངོས་པོའི་ཆོས་ཉིད་ཀྱིས་འགལ་མེད་ཡིན་པ་དེས་ཐ་སྙད་ཀྱི་རང་བཞིན་གསལ་བར་བྱས་ཀྱི། ཐ་སྙད་ཀྱི་སྣང་བར་བཀག་པ་ཅུང་ཟད་མེད་པར་མངོན་སུམ་གྲུབ་ན། འདི་ལ་དོན་དཔྱོད་ཀྱི་དཔྱད་ཚེ་དགག་རྒྱུ་གཞན་ཞིག་སྟོང་པར་བྱས་པའི་སྟོང་པ་དང་། དོན་དམ་དཔྱོད་པས་དགག་བྱར་མ་བྱས་པའི་ཐ་སྙད་བུམ་སོགས་རང་ངོས་མི་སྟོང་པའི་སྣང་བ་གཉིས། བུམ་པ་སྣམ་བུས་སྟོང་པ་དང་། བ་ལང་གི་རྭ་རི་བོང་གི་རྭས་སྟོང་པ་ལྟར་ཆོས་ཐ་དད་གཞན་གཉིས་སྲད་བུ་དཀར་ནག་བསྒྲིལ་བ་ལྟར་ལྷན་ཅིག་གིས་ཚོགས་པ་ཙམ་ལ་སྟོང་རྟེན་འབྱུང་ཟུང་འཇུག་གི་དོན་དུ་འདོད་པ་ནི། སྟོང་ཉིད་འཆད་ཚུལ་ཀླུ་སྒྲུབ་དང་ཟླ་གྲགས་སོགས་ཀྱིས་ཀྱང་མ་ཐོན་པའི་ཡ་མཚན་ཅན་ཞིག་ཡིན་ཚོད་གདའ་སྟེ། འདི་བཞིན་བསྒོམས་པས་ཕྱི་ནང་གི་ཆོས་རྣམས་ལ་དངོས་འཛིན་ནི་གཞིག་མི་ནུས་པས། ཚིག་གི་གྲུབ་མཐའ་འཛིན་པ་ལས། དོན་གྱི་གྲུབ་མཐའ་རྣམ་གྲོལ་ལམ་ལ་ཕན་པ་ཞིག་བཟུང་ན་ལེགས་འདྲ་ཡང་སོ་སོ་རང་རང་གི་ལུགས་ཅི་དགྱེས་སུ་བཟུང་བར་མཛོད་ཅིག འོན་ཀྱང་བདེན་གྲུབ་ཀྱི་ཁྱད་པར་གཏན་སྦྱར་མི་རུང་བ་དང་། བདེན་གྲུབ་དགག་བྱར་སོང་བ་སོགས་གཏན་བརྗོད་མི་རུང་ཞེས་དབུ་མ་སྨྲ་བ་སུས་ཀྱང་སྨྲ་བྱ་མིན་ལ། དེ་ལྟར་སྦྱར་ན་གོ་བདེ་བ་སོགས་ཀྱི་སྐབས་དུ་མ་ཡོད་ཀྱང་། བུམ་པ་བུམ་པས་མི་སྟོང་། བུམ་པ་བདེན་གྲུབ་ཀྱིས་སྟོང་སྟེ། ཐ་སྙད་ཀྱི་ཆོས་ཐམས་ཅད་རང་ངོས་ནས་མི་སྟོང་། གཞན་བདེན་གྲུབ་ཀྱིས་སྟོང་ཞེས་དམིགས་བསལ་ཏེ་བརྗོད་ཚུལ་འདིས། བདེན་སྟོང་གི་ཐ་སྙད་སྒྲུབ་པའི་སྐབས་སུ། བུམ་པ་ཆོས་ཅན། བདེན་པར་མེད་དེ། སྦྱར་བའི་སྐབས་ན། སྟོང་གཞི་བུམ་པ། དགག་བྱ་བདེན་གྲུབ་ཀྱིས་སྟོང་པ་ལྟ་བུའི་ཚུལ་དུ་བསམ་འདུག་ཀྱང་། ཐ་སྙད་སྒྲུབ་ཚེ། རི་བོང་རྭ་ཆོས་ཅན། ཡོད་པ་མིན་ཏེ། ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུའང་ཚིག་གི་སྒོ་ནས་རྟགས་ཆོས་དོན་གསུམ་གྱི་ལྡོག་པ་སོ་སོར་འབྱེད་ནས་འཕེན་པ་ཡོད་པ་བཞིན་ཡིན་པའི་དབང་དུ་བྱས་ན། ཚིག་གི་ཤན་དེས་གཞན་སྟོང་ལྟ་བུར་སྨྲས་ཀྱང་དེ་ཙམ་འགལ་བ་ཅི་ཡོད་ཀྱང་། དོན་གྱི་ངོ་བོའི་སྒོ་ནས་དབུ་མའི་གཏན་ཚིགས་ཐམས་ཅད་ཀྱིས་ཐ་སྙད་ཀྱི་ཆོས་རྣམས་རང་སྟོང་དུ་མི་འགྲུབ་པ་ལྟར་བཟུང་ན་གོང་ལྟར་ཉེས་པ་རྒྱ་ཆེན་པོ་དུ་མ་འབྱུང་བས། འདི་ལྟ་བུ་ཚིག་གི་འཐེན་རྩོད་ཙམ་མ་ཡིན་གྱི། སྟོང་ཉིད་ལ་བློ་གཞོལ་བ་རྣམས་ཀྱིས་བསམ་བྱ་གལ་པོ་ཆེ་ཡིན་པས་དེ་ལྟར་གནད་མདོར་བསྡུས་པ་ཡིན་གྱིས། གཞན་ལུགས་ལ་སུན་འབྱིན་སྨྲ་འདོད་ཀྱིས་མ་ཡིན་ནོ། ། ༈ དེ་ལྟར་མདོར་ན་དགག་བྱ་བདེན་གྲུབ་ཀྱིས་ཁྱད་པར་སྦྱར་ཏེ་འགོག་པ་འདི། རང་རྒྱུད་པའི་སློབ་དཔོན་མཁས་པ་རྣམས་ཀྱིས་ནན་ཏན་མཛད་པ་ཡིན་པས་འདི་ལྟར་བྱས་ཀྱང་དོན་ལ་འགལ་བ་ཆེན་པོ་མེད་པར་མ་ཟད། ལས་དང་པོ་པའི་བློ་ངོར་འཆར་བདེ་བ་སོགས་ཡོན་ཏན་ཡོད་པས། འདི་ལྟར་ཁས་ལེན་མི་རུང་ཞེས་རྣམ་པ་ཀུན་ཏུ་དགག་པ་མིན་ལ། གཏན་ཁེགས་སུ་བྱེད་པའི་རིགས་པའང་སྟོན་དཀའ་བས། རང་རྒྱུད་པའི་གྲུབ་མཐའ་ལྟར་དེ་ལྟར་སྨྲ་འདོད་པ་རྣམས་ཀྱིས་དེ་ལྟར་འཛིན་པ་དང་། ཆོས་ཐམས་ཅད་བདེན་གྲུབ་མེད་པར་ཡིད་ལ་བྱས་ཀྱང་ལེགས་པ་ལས་ཅི་ཡོད་ཀྱང་། བདེན་གྲུབ་ཀྱི་ཁྱད་པར་མ་སྦྱར་བར་མི་རུང་བ་དེའི་ཚུལ་ལས་བློ་དང་ཁས་ལེན་ཇེ་རགས་སུ་སོང་ན། མཐར་སྟོང་ཉིད་ལ་གོ་བ་ཕྱིན་ཅི་མ་ལོག་པར་ཆགས་པ་དང་། སྟོང་ཉིད་བསྒོམ་ནས་རང་རྒྱུད་ལ་ཕན་པའི་རྣལ་འབྱོར་ལས་གཡེལ་བར་འགྱུར་བ་མི་བྱ་སྟེ། འདི་ལྟར་ཆགས་སྡང་གི་ཡུལ་ལྟ་བུ་ལ་མཚོན་ན། ཡུལ་དེ་ཉིད་བདེན་གྲུབ་མེད་དོ་ཞེས་སུ་ཡིད་ལ་བྱེད་པ་ལས། ཡུལ་གང་དང་གང་ཡིན་པ་དེ་ཉིད་དོན་དམ་དཔྱོད་རིགས་ཀྱིས་ངོ་བོ་ཉིད་དམིགས་སུ་མེད་པར་གཏན་ལ་ཕབ་པ་དེ་བཞིན་དུ། དོན་དམ་སྟོང་ཉིད་བསྒོམ་པའི་སྐབས་སུ་ཡུལ་དེ་དང་སྣང་བ་འདི་ཉིད། དེ་དང་དེར་མ་གྲུབ་པས་དམིགས་སུ་མེད་པར་བསྒོམ་ན། དེ་ལ་གོམས་ཚེ་དེ་དང་དེའི་འདུ་ཤེས་འགོག་པས་དེ་ལ་ཆགས་སྡང་སོགས་མི་སྐྱེ་ལ། དེ་བཞིན་ཆོས་ཀུན་ལ་སྦྱར་ན་འཁོར་གསུམ་མི་དམིགས་པ་རྗེས་མཐུན་པ་དང་། སྤྲོས་པ་སྣ་ཚོགས་ཀྱི་འདུ་ཤེས་ཞི་བ་རྗེས་མཐུན་པ་མྱུར་དུ་རང་གི་རྒྱུད་ལ་འདྲེན་ནུས་ཀྱི། འདི་བདེན་པ་མེད་དོ་ཞེས་ཡིད་ལ་བྱས་ན། ལེགས་པའི་ཚད་དུ་གོམས་ན་སྒྱུ་མ་ལྟ་བུར་ཤར་ནས་དངོས་ཞེན་ཆུང་བ་ལ་ཕན་གྱི། ཡུལ་དེ་དང་དེའི་འདུ་ཤེས་ནི་མི་ལྡོག་པས་དངོས་ཞེན་ལྡོག་དཀའ་སྟེ། བདེན་འཛིན་གྱིས་དངོས་པོར་མ་ཞེན་ཀྱང་། ཐ་སྙད་ཀྱི་ཆོས་རྣམས་ལ་དེ་དང་དེའི་མཚན་མར་ཞེན་པ་མི་འགོག་པས་རྗེས་ཐོབ་སྒྱུ་མ་ལྟ་བུའི་ངེས་ཤེས་ཙམ་མོ། །འོ་ན་ཡུལ་གང་དང་གང་དེ་མི་དམིགས་པར་བསམ་ན་དེ་དང་དེ་མི་དམིགས་པས་སྟོང་པ་ཉིད་ཀྱི་ཕྱོགས་སུ་ཞེན་ཆེ་ནས་ཆད་པར་མི་འགྱུར་རམ་སྙམ་ན། ཇི་ལྟར་ཆོས་གང་ཡང་ཡོངས་སུ་མ་དམིགས་པར་བསྒོམ་པའི་བསྒོམ་པ་དེའི་ངོར་ཆོས་དེ་སྐྱེ་བའང་མེད་ལ། སྐྱེ་བ་མེད་པ་དེ་ལ། ཆད་པ་དང་། རྟག་པ་དང་། འགྲོ་འོང་གཅིག་ཐ་དད་སོགས་གཉིས་ཆོས་ཀྱི་མཚན་མ་གང་ཡང་མི་འབྱུང་ངོ་། །དེ་ལྟར་ཆོས་ཉིད་གོམས་པས་ཆོས་ཅན་རྟེན་འབྱུང་གི་སྣང་བ་རྣམས་སྒྱུ་མའི་དཔེ་བརྒྱད་ལྟར་སྣང་ལ་རང་བཞིན་མེད་པར་ངེས་པ་རང་ཤུགས་ཀྱིས་འདྲེན་ཅིང་། གོམས་པ་རྫོགས་པ་ན་སློབ་པའི་མཉམ་བཞག་ཡེ་ཤེས་ནམ་མཁའ་ལྟ་བུ་གཟུང་འཛིན་མེད་ཅིང་སྣང་བ་མེད་པར་འདྲེན་ནུས་ཀྱི། ཆོས་རྣམས་རང་གི་ངོ་བོ་མ་དམིགས་པའི་སྟོང་པ་ཉིད་མི་བསྒོམ་པར། གཞན་བདེན་གྲུབ་ཀྱིས་སྟོང་པ་ལྟ་བུར་ཡིད་ལ་བྱས་ན་གཉིས་སྣང་མེད་པའི་མཉམ་བཞག་ཇི་ལྟར་འདྲེན། སྣང་སྟོང་ཟུང་འཇུག་དུ་བསྒོམ་དགོས་པ་མ་ཡིན་ནམ། ཇི་ལྟར་སྟོང་ཕྱོགས་དམིགས་མེད་འབའ་ཞིག་བསྒོམ་ཞེས་ཁ་ཅིག་སྙམ་ན། དེའི་དོན་དེ་ལྟར་མ་ཡིན་ཏེ། དངོས་པོ་རྣམས་ལ་དངོས་ཞེན་ལྡོག་པ་ནི་གནས་ལུགས་སྟོང་པ་ཉིད་དང་མཐུན་པར་སྟོང་ཉིད་བསྒོམ་པའི་ཚེ་ན། སྣང་བ་ལོགས་སུ་བསྒོམ་མི་དགོས་ཏེ་ཆོས་ཐམས་ཅད་དམ་ཆོས་བྱེ་བྲག་པའི་ངོ་བོ་སྟོང་པ་ཉིད་ལ་བློ་བཞག་པ་སྟོང་ཉིད་སྒོམ་པ་ཡིན་གྱི། ཆོས་ཅན་བསྒོམ་དགོས་པ་མ་ཡིན་ཏེ། ཆོས་ཅན་རྣམས་མི་དམིགས་པ་དེ་ཆོས་ཅན་དེའི་ཆོས་ཉིད་ཡིན་ལ། རེ་ཞིག་ལས་དང་པོ་པས་དེ་བསྒོམ་ཀྱང་ཆད་སྟོང་ག་ལ་ཡིན་ཏེ། དངོས་པོའི་གནས་ཚུལ་དང་མཐུན་པར་ཡིད་ལ་བྱེད་པ་ཡིན་ནོ། །རྗེས་ཐོབ་ཏུ་ཆོས་ཐམས་ཅད་དམིགས་སུ་མེད་བཞིན་རྟེན་འབྱུང་གི་སྣང་བ་བསླུ་མེད་ལས་སྐྱེ་བ་མེད་བཞིན་སྐྱེ་བ་ལྟར་སྣང་བ། འགགས་པ་མེད་བཞིན་འགགས་པ་ལྟར་སྣང་བ་ལས། དེ་དང་དེའི་ངོ་བོ་ཉིད་དུ་རྟོག་པའི་འདུ་ཤེས་མེད་པར། བདེན་མེད་སྒྱུ་མ་ཙམ་དུ་ཤུགས་ཀྱི་ཤེས་པ་རྨི་ལམ་གྱི་སྣང་བ་ངོ་ཤེས་པའི་སྐབས་བཞིན་ནོ། །མཉམ་གཞག་ཏུ་ནི་གཉིད་འཐུག་གི་འོད་གསལ་ཟིན་པ་བཞིན་ནོ། །ཆོས་ཐམས་ཅད་དམིགས་མེད་དུ་ཡང་ཡང་སྦྱང་བ་ནི། རྨི་ལམ་གྱི་སྒྱུ་ལུས་འོད་གསལ་དུ་བསྡུ་བ་བཞིན་ནོ། །དེ་ལྟར་གོམས་པས་སྟོང་པ་ཉིད་དང་རྟེན་འབྱུང་གི་སྣང་བ་ཟུང་འཇུག་བསམ་གྱིས་མི་ཁྱབ་པའི་དོན་རྒྱུད་ལ་འཆར་ཏེ། ༈ ཞི་བ་ལྷས། ཐམས་ཅད་ནམ་མཁའ་འདྲ་བར་ནི་སོགས་དང་། ནམ་མཁའ་ལྟ་བུའི་ཡིད་དང་ལྟ་རྣམས་ལ་སོགས་བཞིན་དུ། སོ་སྐྱེ་ལྟ་ཅི་འཕགས་པ་སློབ་པ་རྣམས་ཀྱིས་ཀྱང་མཉམ་བཞག་ཏུ་དོན་དམ་བདེན་པ་བསྒོམས། རྗེས་ཐོབ་ཏུ་དོན་དམ་སྐྱེ་མེད་ཀྱི་ངང་ལས་ཤར་བའི་ཐ་སྙད་བདེན་པ་སྦྱིན་སོགས་ལ་འཇུག་པ་རེས་འཇོག་ལས་མི་འོང་བས། མཉམ་བཞག་ཏུ་སྟོང་ཉིད་རྗེན་པ་བསྒོམ་ན། དེའི་ཚེ་སྒོམ་བྱེད་ཀྱི་བློ་དེས། བསྒོམ་བྱ་དམིགས་མེད་ནམ་མཁའ་ལྟ་བུ་བསྒོམ་པ་ཡིན་ལ། བསྒོམ་བྱའི་ཐ་སྙད་ཀྱི་ཆོས་རྣམས་དམིགས་མེད་སྒོམ་པའི་སྟོང་ཉིད་སྐྱེ་བར་མི་བྱེད་འཕེལ་བར་མི་བྱེད་དེ་ནམ་མཁའི་གཟུགས་བཞིན་ནོ། ། ནམ་ཞིག་སྒོམ་བྱེད་བློ་དང་། བསྒོམ་བྱ་སྟོང་ཉིད་གཉིས་སོ་སོར་མི་སྣང་བར་བློ་ཡིས་མཚོན་ནས་ཆོས་ཀུན་དམིགས་མེད་སྟོང་ཉིད་ཉག་གཅིག་གི་ངང་དུ་ཤར་ཚེ། མཉམ་བཞག་དངོས་ཡིན། གཉིས་སྣང་མེད། དེས་ན་ཆོས་ཉིད་ནི་ནམ་ཡང་འཕེལ་འགྲིབ་མེད་པ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ་ཀྱང་མཚན་མའི་འདུ་ཤེས་ཀྱི་ཡུལ་ཅི་ཡང་མེད་པ་དེ་དུས་ཀུན་ཏུ་ནམ་མཁའ་ལྟར་གནས་ལ། ཆོས་ཐམས་ཅད་དེ་ལས་མི་འདའ། འདའ་བར་མི་འགྱུར་པས། ཆོས་ཉིད་རྟོགས་པས་ལོགས་སུ་ཆོས་ཅན་མི་དགོས་ཏེ་ཆོས་ཅན་ཐམས་ཅད་དེས་བསྡུས་པའི་ཕྱིར། འདི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཀྱང་ཡིན། འཕགས་པའི་མཉམ་བཞག་གི་དུས་ན་རྣམ་ཤེས་ཚོགས་བརྒྱད་ཀྱི་སྣང་བ་འགགས་ཏེ་མེད་ཀྱང་། རང་བཞིན་འོད་གསལ་བའི་ཡེ་ཤེས་སམ་རང་བྱུང་ཡེ་ཤེས་ཡོད་པ་དེས་གཉིས་སུ་མེད་པར་རྟོགས་སོ། །སྔགས་ཀྱི་འོད་གསལ་མཐར་ཐུག་ཀྱང་དེ་དང་འདྲ། དེས་ན་ཆོས་ཐམས་ཅད་ནི་རང་བཞིན་འོད་གསལ་ལས་སྣང་བ་ཡིན་པས། ད་ལྟའི་དམིགས་མེད་འདི་ཡང་དབྱིངས་ཀྱི་ཆ་ཡིན་པས། དེ་སྒོམ་བྱེད་ལ་བློ་ཡི་གཟུང་འཛིན་ཡོད། དབྱིངས་འདི་ཆོས་ཀུན་གྱི་ཆོས་ཉིད་ཆོས་དབྱིངས་ཡིན་ཏེ་འཕོ་འགྱུར་མེད་དེ་རང་བཞིན་སྤྲོས་འདས་ཡིན་ཏེ་དམིགས་གཏད་མཚན་མ་གང་ཡང་མེད་པའི་ཕྱིར། ཟུང་འཇུག་ཡིན་ཏེ་རྟོགས་བྱེད་ཀྱི་བློ་དང་འགྲེས་ཤིང་བློ་ཡང་དེའི་ངང་ཚུལ་ལས་གཞན་དུ་མ་གྱུར་པའི་ཕྱིར་རོ། །དེ་གཉིས་ཐ་དད་དུ་སྣང་བ་ནི་བློ་ཚོགས་བརྒྱད་དང་། ཡུལ་སྣང་གནས་མ་གྱུར་པའི་ཕྱིར་རོ། །གནས་གྱུར་ཚེ་རང་བྱུང་ཡེ་ཤེས་དང་ཆོས་དབྱིངས་ལ་ཐ་དད་མེད། འདི་ཆོས་ཀུན་གྱི་གནས་ལུགས་ཟུང་འཇུག་ཆོས་དབྱིངས་མཚན་ཉིད་པ་ཡིན། ད་ལྟའི་དམིགས་མེད་སྟོང་སང་ངེ་བ་དེ་དབྱིངས་ཀྱི་ཆ་ཡིན་ཀྱང་། བེམ་སྟོང་ཡིན་ཏེ་མཁྱེན་ཆ་དང་མ་འདྲེས་པའི་ཆ་ནས་སོ། །འདི་འདུས་མ་བྱས་ཡིན་པ་སྨྲོས་མ་དགོས་ལ། ནམ་མཁའ་དང་མི་འདྲ་སྟེ་དོན་དམ་པ་ཆོས་ཀུན་གྱི་རང་བཞིན་དེ་བཞིན་ཉིད་དོ། །མངྒ་ལཾ། ། ༈ ཡང་། དམིགས་སུ་མེད་པའི་སྟོང་ཉིད་རང་གི་ངོ་བོ་ལ་འདུས་བྱས་འདུས་མ་བྱས་སོགས་ཀྱི་སྤྲོས་པས་དབེན་པ་དེ་ཉིད་མི་རྟོག་ཡེ་ཤེས་ཀྱི་ཡུལ་དུ་ཡོད་པས་ན་དེའི་ངོ་བོ་མེད་པ་ཆད་མཐར་ག་ལ་ལྷུང་། དེས་ན་དེ་རྟེན་འབྱུང་གི་སྣང་བ་དང་སྦྲག་ནས་ཆད་མཐའ་སེལ་མི་དགོས་ཏེ། རང་གི་ངོ་བོ་ཉིད་ཀྱིས་ཆད་མཐར་མི་གནས། སྲིད་ཞིར་མི་གནས་པས་དེ་དེའི་མཐའ་མིན། འོན་ཀྱང་སྙིང་རྗེས་སེམས་ཅན་གྱི་དོན་མཛད་པའི་དམིགས་གཏད་མེད་པས་ཞི་བ་མྱང་འདས་ཀྱི་ཕྱོགས་སུ་བཞག་སྟེ། སྲིད་པ་ཡོངས་དག་ཡིན། ཆོས་ཉིད་དམིགས་མེད་དེ་བུམ་པའི་ཆོས་ཉིད་ཡིན་ལ། ཆོས་ཉིད་དེ་ལས་ཐ་དད་དུ་གྱུར་པའི་བུམ་པ་དོན་དམ་པར་དམིགས་སུ་མེད་པས། བུམ་པ་དེ་སྐྱེ་འགག་ལྟར་སྣང་ཡང་སྐྱེ་འགག་རང་མཚན་པར་གྲུབ་པ་མེད་པས། དེའི་དབང་དུ་བྱས་ན་བུམ་པ་རང་ཉིད་གནས་ལུགས་ལ་སྤྲོས་མཐའ་བརྒྱད་བྲལ་དམིགས་མེད་ཡིན། དེའི་ཚུལ་གྱིས་ཆོས་ཐམས་ཅད་རང་བཞིན་ནམ་གནས་ལུགས་ཀྱི་སྤྲོས་མཐའ་ཀུན་བྲལ་ཡིན་པར་ཤེས་པར་བྱ་སྟེ། མཉམ་པ་ཉིད་དུ་རྟོགས་ཚེ་སངས་རྒྱས་པས་འབྲས་བུ་རྣམ་ཀུན་མཆོག་ལྡན་ཡིན། ཡོད་མེད་ཡིན་མིན་གྱི་མཐའ་བཞི་ཡང་དོན་དམ་རང་གི་ངོས་ནས་བརྩི་སྟེ། ཐ་སྙད་དང་མ་སྦྱར་བར་མི་ཚང་བ་མིན་ཏེ། དེ་ལ་ཡོད་པ། མེད་པ། གཉིས་ཡིན། གཉིས་མིན་གང་ཡང་གདགས་པའི་མཚན་མ་མ་དམིགས་པའི་ཕྱིར་རོ། །དམིགས་སུ་མེད་པའི་མེད་པ་དང་། མཚན་མ་མེད་པས་སྟོང་པར་ཐ་སྙད་གདགས་མོད་ཀྱི། དེ་དེ་ཡི་ངོ་བོ་ལ་མི་གནས་ཏེ། དམིགས་མེད་ཡིན་ཀྱང་། དེའི་ངོ་བོ་གདོད་ནས་དམིགས་སུ་མེད་པར་གནས་ཀྱིས། བསལ་བྱའི་དམིགས་པ་དེ་ལ་ཡེ་ནས་མེད་པས་དམིགས་མེད་རང་གི་ངོ་བོས་དགག་པ་མིན། སྟོང་ཉིད་ཡིན་ཀྱང་སྟོང་པར་ངོ་བོས་གྲུབ་པ་མིན་ཏེ། ཡེ་སྟོང་ལ་སྒྲུབ་བྱའི་སྟོང་པ་མེད་པས་སོ། །འོད་གསལ་ཡིན་ཏེ་ཆོས་ཀུན་གྱི་གནས་ལུགས་རང་བཞིན་གྱི་གནས་པ་འགྱུར་མེད་གང་ཞིག རི་རྭ་ལྟར་གཏན་མེད་མིན་ནོ། །སྤྲོས་བྲལ་ཡིན་ཀྱང་སྤྲོས་པ་ཡེ་བྲལ་ཡིན་པས་སྤྲོས་བྲལ་ཞེས་པའི་ངོ་བོ་དམིགས་སུ་མེད་དེ། སྟོང་པ་ངོ་བོ་ཉིད་མེད་དམིགས་མེད་སོགས་ཚིག་གི་ཐ་སྙད་ཙམ་སྟེ། ཆོས་ཉིད་ཀྱི་སྟེང་ན་མི་གནས་ཏེ། ཆོས་ཅན་སྤྲོས་པ་གང་གི་མཚན་མ་མེད་པའི་ཆ་ནས་དེ་ལ་དེ་ལྟར་བཏགས་པ་ལས། དགག་བྱ་གཞན་ལ་མ་ལྟོས་པར་སྤྲོས་བྲལ་སོགས་མི་འགྲུབ་པས། ཡེ་སྟོང་སྤྲོས་བྲལ་ལ་སྟོང་མི་སྟོང་གི་ཐ་སྙད་མེད་དོ། ། མཚར་མཚར་དགེ ༈ ཡང་སྨྲས་པ། ཐ་སྙད་དུ་ཡོད་པའི་ཆོས་རྣམས་རང་གི་ངོ་བོས་སྟོང་ཀྱང་སྟོང་བཞིན་སྣང་བས་སྣང་སྟོང་ཟུང་འཇུག་ཡིན་པས་སྟོང་ཉིད་བཞི་སྦྱོར་གྱི་དགོངས་པ་ལྟར་འཆར་བཏུབ་ལ། སྣང་སྟོང་ཟུང་འཇུག་ཡིན་པ་ནི་དངོས་པོ་རང་གི་ཆོས་ཉིད་ཀྱིས་གྲུབ་སྟེ། ཐ་སྙད་རྟེན་འབྱུང་གི་སྣང་བ་རྣམས། རང་གི་ངོ་བོ་དཔྱད་བཟོད་ཀྱིས་སྟོང་བར་གྲུབ་པ་དེ་ཁོ་ནས། ཐ་སྙད་དུ་བུམ་སོགས་རང་གི་ངོ་བོར་སྣང་བ་དེ་དཔྱད་ངོར་མ་གྲུབ་པས། དོན་དམ་ངོ་བོ་ཉིད་མེད་ཀྱང་། དེ་འདྲའི་དཔྱད་པ་བོར་ནས་མ་བརྟག་མ་དཔྱད་པའི་ངོར་བུམ་པའི་ངོ་བོར་སྣང་བ་ཟློག་ཏུ་མེད་པས་ཟུང་འཇུག་ཏུ་གྲུབ་ལ། ཐ་སྙད་དུ་ཡོད་པའི་བུམ་པ་རང་གི་ངོ་བོ་མི་སྟོང་པ་དང་། དོན་གཞན་ཐ་སྙད་དུ་མེད་པའི་བདེན་གྲུབ་ཀྱིས་སྟོང་པ་གཉིས། སྟོང་རྒྱུ་དང་མི་སྟོང་རྒྱུའི་ཆོས་ཐ་དད་ཡིན་པས། བུམ་པ་རང་གི་ངོ་བོ་སྟོང་བཞིན་སྣང་། སྣང་བཞིན་སྟོང་པ་མ་ཡིན་པར། རང་གི་ངོ་བོ་སྣང་བ་མི་སྟོང་བཞིན། ཆོས་གཞན་གྱི་སྟོང་པ་དེ་ལ་སྦྱར་ནས། བ་ལང་རྭ་སྣང་དང་། རི་བོང་རྭ་སྟོང་ཟུང་དུ་སྦྱར་བ་ལྟ་བུའི་ཟུང་འཇུག་ཏུ་འགྱུར་རོ། །དེ་ལྟ་ན་རང་གི་ངོ་བོ་སྟོང་བཞིན་སྣང་བ་དང་སྣང་བཞིན་སྟོང་པའི་དོན། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། ། གཟུགས་ལས་སོགས་བཞི་པོ་དེ་བུམ་པའི་སྟེང་དུ་འོང་མི་སྲིད་པར། བདེན་གྲུབ་ཀྱི་སྟེང་དུ་འོང་བར་རིགས་ནའང་། བདེན་གྲུབ་གཞི་མ་གྲུབ་པ་ལ་སྣང་བ་ཇི་ལྟར་ཡོད། དེ་མེད་པས་སྟོང་པ་ཟེར་ཚད་སྟོང་པ་རྐྱང་བ་སྣང་བ་དང་ཁ་ཕྲལ་བ་དང་། སྣང་ཆ་ཟེར་ཚད་སྟོང་པ་དང་ཁ་ཕྲལ་བའི་སྣང་རྐྱང་གི་མཐར་ལྷུང་བས། ཆོས་ཐམས་ཅད་རང་བཞིན་གྱིས་ཡོད་མེད་ལས་འདས་པ་མ་ཡིན་པར་སྟོང་པ་གཞན་ལ་རེ་དགོས་པ་དང་། ཐ་སྙད་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་རྟག་ཆད་ཀྱི་མཐའ་ལས་འདས་པ་མིན་པར་སྣང་ཕྱོགས་རྣམས་རྟག་མཐར་ལྷུང་བས་རྟག་མཐའ་སེལ་བྱེད་ཆོས་དོན་གཞན་གྱི་སྟོང་ཉིད་ལ་རེ་དགོས། སྟོང་པ་ཉིད་ཆད་མཐར་ལྷུང་བ་རང་གི་ངོ་བོས་བསལ་མ་ནུས་པར། ཐ་སྙད་ཀྱི་ཆོས་གཞན་ལ་རེ་དགོས་པའི་མཐའ་བྲལ་འདི་ཡ་མཚན་ནོ། །དེ་ལྟ་ན་ལྷས་བྱིན་ཤི་བ། མཆོད་སྦྱིན་མ་ཤི་བས་བསླང་བ་ལྟར་འགྲེལ་མེད་དེ། ཆོས་གཞན་སྟོང་པས་གཞན་རང་གི་ངོ་བོ་མི་སྟོང་པ་ལ་ཅི་ཞིག་ཕན། དེ་མ་ཡིན་ཏེ། བུམ་པ་རང་གི་ངོ་བོ་བདེན་མེད་ཡིན་པས་མི་སྟོང་པ་ག་ལ་ཡིན་སྙམ་ན། བུམ་པ་བདེན་མེད་ཡིན་ཀྱང་སྟོང་པ་ཉིད་མིན་ན། བདེན་མེད་དང་སྟོང་པ་ཉིད་དོན་མི་གཅིག་པར་འགྱུར་རོ། །ཧ་ཧ། གཞན་ཡང་། བུམ་པ་སྟོང་ཉིད་མིན། བུམ་པའི་རང་བཞིན་སྟོང་པ་ཉིད་ཡིན་ཟེར་བ་ལྟར་ན། བུམ་པའི་རང་བཞིན་བདེན་གྲུབ་ཡིན་པར་ཐལ། བདེན་གྲུབ་སྟོང་པ་སྟོང་པ་ཉིད་ཡིན་པར་ཁས་བླང་བའི་ཕྱིར། ཧ་ཧ། གཞན་ཡང་། བུམ་པ་མི་སྟོང་། བུམ་པའི་བདེན་གྲུབ་སྟོང་ཞེས་པའང་རུང་ལ། བུམ་པ་དང་བུམ་པའི་བདེན་གྲུབ་གཅིག་ཐ་དད་གང་ཡང་མིན་དགོས་ཀྱང་། ཁྱོད་ཀྱིས་ཐ་དད་དུ་ཁས་བླང་པས་འབྲེལ་མེད་གཞན་བཀག་པ་བུམ་པའི་ཆོས་ཉིད་ཡིན་པ་མཚར་ཏེ། རི་བོང་རྭ་བཀག་པས་གནག་གི་རྭ་བདེན་མེད་དུ་སྒྲུབ་པ་བཞིན་ཏེ། རང་ཁྱིམ་རྩིག་ཕུག་སྦྲུལ་གནས་སོགས་དྲངས། དེས་ན་ཆོས་གང་ཡང་བདེན་གྲུབ་ཀྱིས་སྟོང་པ་མ་སྦྱར་བར་སྟོང་ཉིད་ཁས་བླང་མི་རུང་བར་འགྱུར་རོ། །གཞན་ཡང་། བུམ་པ་སྟོང་པ་ཉིད་དུ་ཁས་བླང་བས། ཐ་སྙད་དུ་བུམ་པ་མེད་དགོས་ན། སྟོང་པ་ཉིད་དངོས་པོའི་འཇིག་རྒྱུ་ཡིན་པར་ཐལ། ཆོས་གང་དང་གང་ཡང་རང་གི་ངོ་བོས་སྟོང་ཕན་ཆད་ཐ་སྙད་དུ་མེད་དགོས་པའི་ཕྱིར། གཞན་ཡང་། བུམ་པའི་རང་བཞིན་ཐ་སྙད་དུ་མེད་པར་ཐལ། བུམ་པའི་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར། ཁྱབ་པ་དེ་དག་གིས་ཁས་བླངས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན་པར་ཐལ། སྟོང་ན་ཐ་སྙད་དུ་མེད་པར་འདོད་པའི་ཕྱིར། བུམ་པའི་སྐྱེ་བ་སོགས་དོན་དཔྱོད་ཀྱིས་དཔྱད་བཟོད་དུ་ཐལ། རང་གི་ངོ་བོ་མི་སྟོང་པའི་ཕྱིར། བདེན་གྲུབ་ཏུ་ཡང་ཐལ་ལོ། ། གཞན་ཡང་། ཐ་སྙད་དུ་ཡོད་པའི་ཆོས་ཐམས་ཅད་ཆོས་ཅན། དོན་དམ་པར་ཡོད་པར་ཐལ། དོན་དཔྱོད་ཀྱིས་མི་ཁེགས་པའི་ཕྱིར། རྟགས་ཁས་བླངས་ལ། དེ་ལྟ་ན་ཐ་སྙད་ཀྱི་ཆོས་ཐམས་ཅད་ཆོས་ཅན། བདེན་པར་གྲུབ་པར་ཐལ། དོན་དཔྱོད་ཀྱིས་མ་ཁེགས་པའི་ཕྱིར། སོགས་མཐའ་ཡས་སོ། །གཞན་ཡང་། རྟེན་ནས་འབྱུང་བ་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་གསུངས་པས། ཁྱོད་ཀྱི་ལུགས་ལ་བུམ་པ་མི་སྟོང་པའི་ཕྱིར་རྟེན་འབྱུང་མ་ཡིན་པར་འགྱུར་ལ། རི་བོང་རྭ་དང་འདྲ་བ་བདེན་གྲུབ་སྟོང་པའི་ཕྱིར་རྟེན་འབྱུང་ཡིན་པར་འགྱུར་རོ། ། དེས་ན་ཁྱོད་ལ་རི་བོང་རྭ་དང་མོ་གཤམ་བུའི་གྲོང་ཁྱེར་ཡོད་ཚོད་གདའ་བས། གཞན་ལ་ཁྱོད་ཀྱི་གྲོང་ཁྱེར་མོ་གཤམ་བུའི་གྲོང་ཁྱེར་སོགས་སུན་འབྱིན་སྨྲས་པ་འདི་ངེད་ལ་མི་འཇུག་ཁྱེད་ལ་འཇུག་གོ །ཁྱོད་ཀྱིས་སྟོང་པ་ཉིད་དུ་བསྒྲུབ་པར་བྱ་བ་ཐ་སྙད་དུ་མེད་པ་ཞིག་འདོད་ཅིང་། ངེད་ཀྱི་སྟོང་པ་ཉིད་དུ་བསྒྲུབ་བྱ་ཐ་སྙད་དུ་ཡོད་པ་རྣམས་ལ་འདོད་པས་འུ་ཅག་གི་སྟོང་ཉིད་བསྒྲུབ་ཚུལ་འདི་གོ་ཟློག་འདི་འདྲ་བྱུང་བ་ཀླུ་སྒྲུབ་དང་ཟླ་གྲགས་ཀྱིས་གཟིགས་ན་གང་རུང་གཅིག་ལ་བཞད་མོ་མཛད་ངེས་སོ། །ཨ་ཅང་རྩེད་མོ་ལགས་ཏེ་དོན་ལ་རྟོན་པས་བཤད་ན་དོན་གཅིག་ཏུ་འཆར་རྒྱུ་ལོས་ཡོད་ཁྱེད་ཅག་གི་དགོངས་པར་ཟད། ཚིག་གི་འཐེན་རྩོད་རྩེད་མོ་ཙམ་ལ་ཐུགས་མི་ཁྲོ་བར་ཞུའོ། །ཧ་ཧ། དགག་པ་འདི་དག་རྗེ་བླ་མ་ལ་བརྗོད་དོ་སྙམ་དུ་བསམ་པར་མི་བྱ་སྟེ། དེའི་དགོངས་པ་ཟབ་པས་ངེད་ཅག་གི་ཡང་བླ་མར་འཛིན་པའི་ཕྱིར་རོ། །འོ་ན་སུ་ལ་བརྗོད་ཅེ་ན། ཁྱོད་ཅག་ལ་ཉམས་མཚར་ཙམ་དུ་ཚིག་ལན་ཉུང་ཙམ་སྤྲོས་པ་ཡིན་ནོ། །ཐ་སྙད་དངོས་པོ་མི་སྟོང་འཛིན་བཞིན་དུ། །ཆོས་གཞན་སྟོང་པ་ཡིན་ཅེས་དོགས་བསལ་བས། །དངོས་ཞེན་མཐའ་དག་འཇིག་པར་འདོད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་གྱུར་ཉིད་དོ། ། ༈ ཁྱོད་ཀྱིས་སྟོང་ཉིད་འཆད་ཚེ་སྦྲུལ་འཛིན་གྱི་ལོག་ཤེས་ཀྱི་ཡུལ་དུ་སྣང་བའི་སྦྲུལ་དེ། ཐག་པ་ལས་གཞན་པའི་སྦྲུལ་མ་ཡིན་ཏེ། སྒྲོ་བཏགས་ཀྱི་སྣང་བ་སྦྲུལ་ལྟར་འཁྲུལ་པའོ། །དེ་སྦྲུལ་དངོས་ཀྱིས་སྟོང་པར་བརྗོད་ཀྱང་། སྦྲུལ་གཞན་གྱིས་སྟོང་པ་མ་ཡིན་ཏེ་སྦྲུལ་སྣང་གིས་སྟོང་པའོ། །ཞེས་སྨྲས་ན་སྐྱོན་ཡོད་མེད་དཔྱད་དགོས་ཀྱང་། ཐག་པ་སྦྲུལ་གྱིས་སྟོང་པ་ཡིན་ཞེས་ཁས་ལེན་དགོས། བུམ་པ་སོགས་གཞན་སྟོང་དུ་ཁས་བླང་བ་འདིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མའི་ལུགས་ལ་ཕན་པ་མི་སྣང་ཡང་། གཉིས་སུ་མེད་པའི་ཆོས་ཉིད་དོན་དམ་རང་ངོས་ནས་མི་སྟོང་ལ། གཉིས་སྣང་དང་བཅས་པའི་ཀུན་རྫོབ་གཞན་རྣམས་ཀྱིས་སྟོང་པས་དབུ་མ་གཞན་སྟོང་པའི་ཁས་ལེན་དེ་བདེ་བླག་ཏུ་འགྲུབ་པའི་ཕྱིར་བྱས་པ་འདྲའོ། །དེ་སོགས་རིགས་པ་འགྲོ་ངེས་གནད་བསྡུས་ཚིག་ཉུང་དུ་སྦྱར་དགོས་དགེ ༈ གཞན་ལུགས་ལ་དཔྱད་པ། ན་མོ་མཉྫུ་ཤྲཱི་ཛྙཱ་ནཱ་དཪྴ་ཡ། བུམ་པ་བུམ་པས་མི་སྟོང་། བུམ་པ་བདེན་གྲུབ་ཀྱིས་སྟོང་ཞེས་པའི་ཚིག་འདི་ཆོས་ཅན། ངག་སྐྱོན་ཅན་ཡིན་པར་ཐལ། བདེན་གཉིས་གང་གི་དབང་དུ་བྱས་ཀྱང་མི་འཐད་པའི་ཕྱིར་རོ། །དང་པོ་ཁས་ལེན་དེའི་ཟུར་གཉིས་ཀ་ཀུན་རྫོབ་དཔྱོད་བྱེད་འབའ་ཞིག་གི་དབང་དུ་བྱས་པ་ཡིན་ན། མི་འཐད་པར་ཐལ། སྐབས་སུ་མ་བབ་པ་དང་། དགོས་པ་མེད་པ་དང་། རང་ཚིག་འགལ་བ་དང་། འབྲེལ་མེད་ཀྱི་ངག་ཏུ་འགྱུར་བའི་སྐྱོན་བཞི་ཡོད་པའི་ཕྱིར་རོ། །རྟགས་དེ་དག་རིམ་བཞིན་གྲུབ་སྟེ། དང་པོ་ལུང་ལས། མིག་ནི་མིག་གིས་སྟོང་ཞེས་དོན་དམ་པར་སྟོང་ཚུལ་བཤད་པ་འདིའི་སྐབས་སུ། ཐ་སྙད་དུ་མིག་མིག་གིས་སྟོང་མི་སྟོང་བཤད་པ་སྐབས་སུ་མ་བབ་པའི་ཕྱིར་དང་། ཐ་སྙད་དུ་མིག་རང་ཉིད་རང་གིས་མི་སྟོང་བ་དང་། རྣ་བ་སོགས་ཆོས་གཞན་གྱིས་སྟོང་པ་གྲུབ་ཟིན་པས་དམ་བཅའ་དེ་འདྲ་སྐྱོན་དུ་འགྱུར་ཏེ། རྣམ་འགྲེལ་ལས། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། རང་རང་ངོ་བོ་ལ་གནས་ཕྱིར། མཐུན་དངོས་གཞན་གྱི་དངོས་དག་ལས། ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་གསུངས་ཤིང་། འཇིག་རྟེན་ཕལ་པས་ཀྱང་། བུམ་པ་བུམ་པ་ཡིན་ལ། བུམ་པ་སྣམ་བུ་མིན་པ་སོགས་རྟོགས་ཟིན་པས། དེ་ལྟར་གྲུབ་ཟིན་བསྒྲུབ་པ་དང་། སྐབས་སུ་མ་བབ་པའི་ངག་འབྲེལ་མེད་དུ་འགྱུར་པའི་ཕྱིར་དང་། དེ་ལྟ་ན་རང་ཚིག་ནང་འགལ་གྱི་སྐྱོན་ཡང་ཡོད་དེ། ཐ་སྙད་དུ་བུམ་པ་བུམ་པས་མི་སྟོང་ན། ཐ་སྙད་དུ་བུམ་པ་བདེན་པར་གྲུབ་པ་ཡིན་པས། ཐ་སྙད་དུ་བུམ་པ་བུམ་པས་མི་སྟོང་པ་དང་། བུམ་པ་བདེན་པར་མ་གྲུབ་པའི་ཁས་ལེན་ནང་འགལ་ཏེ། ཟུར་སྔ་ཕྱི་གཉིས་ཀ་ཐ་སྙད་ཀྱི་དབང་དུ་བྱས་པར་ཁས་ལེན་པའི་དབང་དུའོ། །གལ་ཏེ་ཟུར་དེ་གཉིས་ཀ་དོན་དམ་དཔྱོད་པའི་དབང་དུ་ཡིན་ན་མི་འཐད་དེ། ཁས་བླང་ནང་འགལ་དང་། ལུང་འགལ་དང་། སྟོང་ཉིད་མེད་དགག་ཏུ་ཁས་བླང་པ་ཉམས་པ་དང་། སྟོང་པ་རྟེན་འབྱུང་དུ་འཆར་བའི་དོན་ལས་ཉམས་པའི་སྐྱོན་བཞི་དམིགས་པའི་ཕྱིར་རོ། །རྟགས་དེ་དག་རིམ་བཞིན་གྲུབ་སྟེ། དོན་དམ་པར་བུམ་པ་བུམ་པས་མི་སྟོང་ན། བུམ་པ་བདེན་གྲུབ་ཏུ་འགྱུར་བ་དང་། བུམ་པ་བདེན་གྲུབ་ཀྱིས་སྟོང་ན་བུམ་པ་བུམ་པས་མི་སྟོང་པ་འགལ་ཏེ་དོན་དམ་དཔྱོད་པ་གཞིར་བཞག་གི་སྟེང་ནས་དཔྱད་ན། བུམ་པ་ཞེས་པ་ཆ་དང་ཆ་ནས་རྡུལ་ཕྲ་རབ་ཀྱི་བར་དུ་དཔྱད་ན་བུམ་པ་ཞེས་པ་མི་རྙེད་པའམ་མ་གྲུབ་པ་དེ་ཉིད་བུམ་པ་བུམ་པས་སྟོང་པའི་དོན་ཡིན་ལ། དེ་ལ་བདེན་པར་མ་གྲུབ་པའི་ཐ་སྙད་བྱས་པ་ལས། གཞན་པའི་བདེན་གྲུབ་མེད་ཚུལ་གཞག་ཏུ་མེད་པའི་ཕྱིར། དོན་དམ་པར་མི་སྟོང་ན་བདེན་གྲུབ་ཡོད་པ་དང་། བདེན་གྲུབ་མེད་ན་བུམ་པ་རང་ངོས་ནས་སྟོང་པ་ཡིན་པ་གནད་གཅིག་ཏུ་འགྱུར་གྱི། དོན་དམ་དཔྱོད་པས་བདེན་གྲུབ་མ་རྙེད་ལ་བུམ་པ་རྙེད་ཅེས་ཁྱད་འབྱེད་པའི་རིགས་པ་གང་ཡང་མེད་པའི་ཕྱིར་རོ། །གཉིས་པ་ལུང་དང་འགལ་ཏེ། མདོ་དང་བསྟན་བཅོས་ཀུན་ལས། སྟོང་ཉིད་བཅུ་དྲུག་བཤད་པའི་སྐབས་སུ་མིག་ནི་མིག་གིས་སྟོང་། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་སོགས། ཆོས་རྣམས་རང་གི་ངོ་བོ་ཉིད་ཀྱིས་སྟོང་བར་བཤད་པ་ལ། ཁྱོད་ཀྱིས་མིག་མིག་གིས་མི་སྟོང་པ་སོགས་ཆོས་ཐམས་ཅད་རང་ངོས་ནས་མི་སྟོང་པར་ཁས་བླང་བ་དེ་ལུང་དང་དངོས་འགལ་དུ་སོང་ངོ་། །གསུམ་པ། ཁྱེད་རང་གིས་སྟོང་ཉིད་མེད་དགག་ཏུ་ནན་གྱིས་ཁས་བླང་པ་ལས་ཉམས་པ་ནི། གཞུང་སྤྱིའི་འགྲོས་ཀྱི་རིགས་པས་དགག་བྱ་མེད་པར་བཀག་པའི་ཤུལ་དུ་ཆོས་གཞན་དངོས་སམ་ཤུགས་ལ་འཕངས་པ་མ་ཡིན་དགག་ཏུ་བཤད། ཁྱོད་ཀྱིས་བུམ་པ་ལས་གཞན་པའི་བདེན་གྲུབ་བཀག་པའི་ཤུལ་དུ་བུམ་པ་དངོས་སུ་འཕངས་པས་སྟོང་ཉིད་མ་ཡིན་དགག་ཏུ་འགྱུར་ཏེ། བུམ་པ་རང་ངོས་ནས་མ་སྟོང་ན་ཆོས་གཞན་གྱིས་སྟོང་པས་བུམ་པ་ཉིད་སྟོང་པའི་གོ་མི་ཆོད་དེ། རྟ་ལ་བ་ལང་མེད་ཀྱང་། རྟ་རང་ཉིད་སྟོང་པའི་གོ་མི་ཆོད་པ་དང་། གནག་གི་རྭ་རི་བོང་རྭས་སྟོང་ཡང་། གནག་གི་རྭ་སྟོང་པའི་གོ་མི་ཆོད་པ་བཞིན་ནོ། ། ལང་ཀར་གཤེགས་པ་ལས་སྟོང་པ་བདུན་གྱི་ནང་ནས་ཐ་ཆད་པ་ལྷ་ཁང་དགེ་འདུན་གྱིས་སྟོང་པ་ལྟ་བུ་འདི་སྤང་བར་བྱ་ཞེས་གསུངས་པ་ལྟར། ཕྱི་དང་ནང་གི་ཆོས་ཐམས་ཅད་རང་ངོས་ནས་མི་སྟོང་པ་ལ། དོན་གཞན་དུ་གྱུར་པའི་བདེན་གྲུབ་ཀྱི་མིང་ཀུན་བཏགས་པ་རི་བོང་གི་རྭ་ལྟ་བུས་སྟོང་པར་འདོད་པ་དེས། གཉིས་སྣང་མེད་པའི་མཉམ་བཞག་གི་རྟོགས་དོན་དེ་ཁོ་ན་ཉིད་ཇི་ལྟར་མཐོང་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་ངོས་ནས་མ་སྟོང་བར་བདེན་གྲུབ་གཞི་མེད་རི་རྭ་ལྟ་བུ་གཞན་གྱིས་སྟོང་དུ་ཆུག་ཀྱང་། དེ་ལྟར་ཤེས་པས་བདག་གཉིས་སུ་འཛིན་པ་དང་། གཉིས་སྣང་ལ་ཇི་ལྟར་གནོད་དེ། ལྟ་བ་དེ་ལྟ་བུ་ཇི་ཙམ་གོམས་ཀྱང་གཉིས་སྣང་ལྡོག་པའི་རྒྱུ་གཏན་མ་ཡིན་ནོ། །བཞི་པ་སྟོང་པ་ཉིད་རྟེན་འབྱུང་དུ་འཆར་བ་འདི་དབུ་མའི་སློབ་དཔོན་རྣམས་ཀྱི་དགོངས་པ་དྲི་མེད་ཡིན་བཞིན། རྗེ་ཙོང་ཁ་པས་ཀྱང་ཆེད་དུ་བསྔགས་ཤིང་དགོངས་པའི་མཐིལ་དུ་མཛད་མོད་ཀྱི། ཁྱོད་ཀྱི་ཁས་ལེན་འདིས་ལུགས་དེ་རྩད་ནས་ཉམས་པར་བྱས་ཏེ། ཆོས་རང་རང་གི་ངོ་བོ་ཡེ་ནས་མེའི་ཚ་བ་དང་ཆུའི་གཤེར་བ་བཞིན་དུ་སྟོང་པ་ཉིད་ཡིན་བཞིན་དུ་སྣང་བར་འཆར་བ་ཆོས་ཉིད་ཀྱིས་བཞུགས་ཚུལ་ཡིན་པར་གོ་ན། སྟོང་རྟེན་འབྱུང་འགལ་མེད་དོན་གཅིག་ཏུ་འཆར་རུང་གི རང་གི་ངོ་བོས་མི་སྟོང་པའི་ཆོས་དེ། ཆོས་གཞན་གྱིས་སྟོང་པའི་སྟོང་ཉིད་ལས་ཤར་བ་ཡིན་ན། སྣང་སྲིད་ཐམས་ཅད་རི་བོང་རྭ་མེད་ལས་ཤར་བ་ཡིན་ཞེས་ཁས་ལོང་ལ། རི་བོང་རྭ་མེད་དགག་དང་། གནག་གི་རྭ་དངོས་པོར་གྲུབ་པ་གཉིས། དངོས་པོར་ཡོད་པ་དང་མེད་པའི་ངོ་བོས་འགལ་བཞིན། དེ་གཉིས་སྟོང་པ་དང་རྟེན་འབྱུང་འགལ་མེད་དོན་གཅིག་གི་རྣམ་བཞག་ཇི་ལྟར་བྱ་སོམས་ཤིག གནག་གི་རྭ་ཡོད་ཀྱང་རི་བོང་རྭ་དེའི་སྟེང་དུ་མེད་པ་ཙམ་གྱིས་སྟོང་རྟེན་འབྱུང་དོན་གཅིག་ཏུ་རྟོགས་པ་ཡིན་ན། གནག་རྫི་རྒན་པོས་ཀྱང་དེ་ཙམ་རྟོགས་སླ་བས་ཟབ་མོ་སྟོང་རྟེན་འབྱུང་ཟུང་འཇུག་གི་དོན་མཁས་པ་དག་གིས་ཀྱང་ཁོང་དུ་ཆུད་དཀའ་བ་ཇི་ལྟར་ཡིན། ཚིག་ལ་མཁས་པར་རློམ་པས་གཞན་ལུགས་ཁྱད་གསོད་འདོད་པ་རྣམས་ཀྱིས་ལེགས་པར་སོམས་ལ་སྨྲོས་ཤིག གལ་ཏེ་ཁོ་ན་རེ། ངག་འདི་བདེན་གཉིས་གང་རུང་གི་དབང་དུ་བྱས་པ་མིན་ཏེ། བུམ་པ་བུམ་པས་མི་སྟོང་པ་ཐ་སྙད་དང་། བུམ་པ་བདེན་པས་སྟོང་པ་དོན་དམ་གྱི་དབང་དུ་བྱས་པས་སྐྱོན་དེ་གང་ཡང་མེད་དོ་ཞེ་ན། བུམ་པ་ཆོས་ཅན། བདེན་པར་གྲུབ་པས་སྟོང་སྟེ། གཅིག་དང་དུ་མའི་ངོ་བོ་དང་བྲལ་བའི་ཕྱིར། ཞེས་རྟགས་ཆོས་དོན་གསུམ་ལྡོག་པ་སོ་སོའི་སྒོ་ནས་འགོད་པའི་ངག་སྦྱོར་འདི་ལྟ་བུ་ལ། ལྡོག་པའི་སྒོ་ནས་བུམ་པའི་སྟེང་དུ་བདེན་གྲུབ་བསལ་བ་ཡིན་པས་འདི་ཙམ་ལས་དོན་གཞན་མེད་ན་སྔ་རབས་པ་རྣམས་ཀྱི་ངོར་གྲུབ་ཟིན་བསྒྲུབ་པར་འགྱུར་ཏེ། ཐ་སྙད་དུ་བུམ་པ་བུམ་པས་མི་སྟོང་པ་དང་། བུམ་པ་བདེན་གྲུབ་མེད་པ་དེ་ཙམ་ལས་དོན་གཞན་མེད་ན་ཚིག་རིས་འཐེན་རྩོད་ཀྱིས་ཅི་ཞིག་བྱ་སྟེ། བརྗོད་འདོད་ཀྱི་ངག་ཙམ་ལ་རྩོད་པ་མི་མཐུན་པ་འབྱུང་དོན་མེད་ཀྱང་། ཁས་བླང་དེ་ཙམ་གྱིས་བོད་སྔ་རབས་པ་རྣམས་ལས་ཁྱེད་ཀྱི་ཁྱད་ཆོས་ཅི་ཡང་མི་ཐོན་པས། ཁྱེད་ཅག་བུམ་སོགས་རང་སྟོང་དུ་སྨྲ་བའི་སྔ་རབས་པའི་ལུགས་ལ་མི་འཐད་པར་བཟུང་ནས། རང་ལུགས་བུམ་སོགས་གཞན་སྟོང་དུ་སྨྲ་བའི་གྲུབ་མཐའ་གསར་དུ་བཟུང་སྟེ། ཆོས་ཐམས་ཅད་ལ་རང་ལས་གཞན་པའི་བདེན་གྲུབ་རི་བོང་རྭ་མེད་ལྟ་བུའི་མེད་དགག་ཉིད། མདོ་སྔགས་གཉིས་ཀའི་སྐབས་སུ་བསྒོམ་བྱའི་གནས་ལུགས་དེ་ཁོ་ན་ཉིད་མཐར་ཐུག་ཏུ་འདོད་པའི་སྟོང་ཉིད་སྨྲ་བ་ཁྱད་པར་ཅན་ཡིན་འདུག་པ་དེ་ལྟར་ན། ཐ་སྙད་དང་དོན་དམ་དཔྱོད་པའི་དབང་དུ་བྱས་པའི་གོང་བརྗོད་སྐྱོན་བརྒྱད་ཀ་སོ་ན་གནས་ཀྱི་ཅུང་ཟད་བསལ་བར་མི་ནུས་སོ། ། ཁྱེད་ཅག་བུམ་པ་རང་ངོས་ནས་མི་སྟོང་པར་གཞན་བདེན་གྲུབ་ཀྱིས་སྟོང་པའི་གཞན་སྟོང་སྨྲ་བ་འདི་ཁས་ལེན་རུང་བ་ཞིག་ན། ཇོ་ནང་བས། གཉུག་མ་དོན་དམ་བདེན་པ། གཉིས་སུ་མེད་པའི་དེ་ཁོ་ན་ཉིད་རང་ངོས་ནས་མི་སྟོང་ལ། གློ་བུར་ཀུན་རྫོབ་གཉིས་སྣང་གི་སྤྲོས་པས་སྟོང་པར་བཤད་པ་འདི། ཁྱེད་ཅག་ལ་ལེགས་བཤད་ཀྱི་ཕུལ་དུ་འགྱུར་རིགས་པས། ཁྱེད་ཅག་གི་ལུགས་ཀུན་རྫོབ་གཞན་སྟོང་སྤང་ནས། ཇོ་ནང་པའི་དོན་དམ་གཞན་སྟོང་གི་རྗེས་སུ་ཞུགས་ན་ལེགས་པར་འདུག་ཏེ། ཁྱེད་ཅག་གིས་ཀུན་རྫོབ་གཞན་སྟོང་། དོན་དམ་རང་སྟོང་དུ་ཁས་བླངས་འདུག་ལ། ཇོ་ནང་པས་ཀུན་རྫོབ་རང་སྟོང་། དོན་དམ་གཞན་སྟོང་དུ་ཁས་བླང་འདུག་པས། འདི་གཉིས་གང་གི་ལེགས་གངས་ཅན་པ་རྣམས་ཀྱིས་དཔྱོད་ཅིག ཚིག་རིས་ཀྱི་འཐེན་རྩོད་ཙམ་ལ་ཆགས་སྡང་མེ་ལྟར་འབར་བས་རང་རྒྱུད་བསྲེག་པའི་ཐོས་བསམ་དོན་ཆུང་ལ་མི་ཚེ་འདའ་བ་ལས། དོན་དམ་སྟོང་ཉིད་ཀྱི་དོན་ལ་ཚུལ་བཞིན་བསམ་གཞིག་རེ་བྱས་ན་ལེགས་འདྲ་བས། བློ་གཟུར་གནས་ཀྱིས་གཞལ་ན། དོན་དམ་དཔྱོད་པས་དཔྱད་ཚེ་བུམ་པ་མི་དམིགས་པ་དེས་སྟོང་པ་ཉིད་ཀྱི་དོན་བསྒྲུབ་པ་ཡིན་པས། དེའི་ངོར་ཐ་སྙད་ཀྱི་ཆོས་རྣམས་རང་གི་ངོ་བོས་སྟོང་པར་བསྒྲུབ་དགོས་ཀྱི། རང་ངོས་ནས་མི་སྟོང་པའི་ཆོས་ཞིག་ཡོད་ན་དེ་བདེན་གྲུབ་ཡིན་ནོ། །དེ་ལྟར་དོན་དམ་དཔྱོད་པས་དཔྱད་བཟོད་དུ་གྲུབ་པའམ། བདེན་པར་གྲུབ་པ་མེད་བཞིན་དུ་སྣང་བའི་རྟེན་འབྱུང་བསླུ་མེད་ཀྱི་སྣང་བ་འདི་ནི་སྣང་ལ་རང་བཞིན་མེད་པ་ཉིད་དུ་དངོས་པོའི་ཆོས་ཉིད་ཀྱིས་དེ་ལྟར་ཡིན་པ་ཤེས་ན་སྟོང་རྟེན་འབྱུང་དོན་གཅིག་དེ་ན་གྲུབ་འདུག་གི ཚིག་རིས་ཀྱི་འཐེན་རྩོད་ལ་དགོས་ཅང་གདའ་འམ། དེ་ལྟར་བདེན་མེད་དུ་གྲུབ་པ་ན། བུམ་པ་འདི་བདེན་མེད་ཡིན་ཞེའམ་སྟོང་པ་ཉིད་ཡིན་ཞེས། བུམ་སོགས་ལ་བདེན་མེད་དམ་སྟོང་པའི་ཐ་སྙད་བསྒྲུབ་པ་ཡིན་པས། སྟོང་མི་སྟོང་གི་དོན་དོན་དམ་པར་མ་གྲུབ་པ་དང་། ཐ་སྙད་དུ་མེད་པའི་ཤན་ཕྱེས་ན་ཇི་ལྟར་བརྗོད་ཀྱང་དོན་མི་འགལ་ལ། ཤན་མ་ཕྱེད་པར་ཚིག་རིས་ཙམ་གྱིས་འབྱེད་པར་བསམ་ན་ཇི་ལྟར་བརྗོད་ཀྱང་འགལ་འདུ་མང་བས། སྤྱིར་རྟོན་པ་བཞི་དང་ལྡན་པས་གསུང་རབ་ཀྱི་དགོངས ་དོན་གཞལ་དགོས་ཀྱི། ཚིག་གི་འཐེན་རྩོད་ཀྱིས་ངལ་བ་བསྐལ་བརྒྱར་འབད་ཀྱང་སྟོང་ཉིད་རྟོགས་ཚོད་མི་གདའ་བས། གངས་ཅན་སྟོང་ཉིད་སྨྲ་བ་རྣམས་དོན་ལ་ལེགས་པར་རྟོན་པའི་སྒོ་ནས་རྒྱལ་བའི་དགོངས་པ་འཆད་པར་མཛོད་ཅིག མངྒ་ལཾ། ། ༈ བློ་ཆོས་ལ་བརྗོད་པ། ཁྱོད་ཀྱི་ལུགས་ལ་ཐ་སྙད་དུ་མེད་པ་ཞིག་སྟོང་དགོས་ཀྱི། ཐ་སྙད་དུ་ཡོད་ཚད་རང་སྟོང་མིན་པར་ཁས་བླངས་པ་ལྟར་ན། སྟོང་པ་རྟེན་འབྱུང་དུ་འཆར་ཞེས་རྗེ་བླ་མས་ཡང་ཡང་གསུངས་པ་དེའི་དོན། ཁྱོད་ལྟར་ན། བདེན་མེད་བདེན་གྲུབ་ཏུ་འཆར་རུང་ན་སྲིད་ཀྱི། སྟོང་པ་ཉིད་ཐ་སྙད་རྟེན་འབྱུང་གི་སྣང་བ་བསླུ་མེད་འདིར་འཆར་བ་ནམ་ཡང་མི་སྲིད་དེ། རྟེན་འབྱུང་གི་སྣང་བ་ཐ་སྙད་དུ་ཡོད་པ་རྣམས་ནམ་ཡང་རང་གིས་མི་སྟོང་པར་ཁས་བླངས་པའི་ཕྱིར། བདེན་གྲུབ་ཀྱིས་སྟོང་པའི་གཞན་སྟོང་དེ་རྟེན་འབྱུང་གི་སྣང་བར་ཤར་བ་མ་ཡིན་ཏེ། བདེན་གྲུབ་གཏན་མེད་ཀྱི་མེད་དགག་རྟེན་འབྱུང་གི་སྣང་བར་འཆར་སྲིད་ན། རི་བོང་རྭ་མེད་སྣང་སྲིད་ཀྱི་དངོས་པོ་ཐམས་ཅད་པར་འཆར་བ་ཁྱོད་ཀྱིས་ཁས་ལོངས་ཤིག གལ་ཏེ་རྟེན་འབྱུང་གི་སྣང་བ་དང་བདེན་པས་སྟོང་པ་གཉིས་ཀ་གཞི་གཅིག་ཡིན་རུང་བས་སྟོང་ཉིད་རྟེན་འབྱུང་དུ་འཆར་སྙམ་ན། རི་བོང་གི་རྭ་མེད་པ་ཆོས་ཅན། གནག་གི་རྭར་འཆར་བར་ཐལ། གཞན་གྱི་སྟོང་པ་གཞན་གྱི་དངོས་པོར་འཆར་བའི་ཕྱིར། གཞན་ཡང་ཐ་སྙད་དུ་མེད་པར་དགག་པ་ཆོས་ཅན། སྣང་བའི་དངོས་པོ་གང་དུའང་འཆར་མི་སྲིད་པར་ཐལ། གཏན་མེད་ནི་ཡོད་པའི་དངོས་པོར་ནམ་ཡང་འགྱུར་མི་སྲིད་པའི་ཕྱིར། དེས་ན་ཁྱོད་ཀྱི་ལུགས་ལ་སྟོང་པ་ཉིད་ཅེས་བྱ་བ་ཐ་སྙད་དུ་མེད་པའི་ཆོས་ཞིག་མེད་པར་བཀག་པ་ལ་འདོད་ཀྱི། ཐ་སྙད་དུ་ཡོད་ཚད་མི་སྟོང་པར་ཁས་བླངས་པའི་ཕྱིར་ཤིན་ཏུ་ཐ་ཆད་དོ། །ངེད་ཀྱི་ལུགས་ལ་ཐ་སྙད་དུ་ཡོད་པའི་ཆོས་འདི་རྣམས་དོན་དམ་དཔྱོད་པས་དཔྱད་ན་དམིགས་སུ་མེད་པས་ཡེ་ནས་ངོ་བོ་ཉིད་ཀྱིས་སྟོང་པར་གྲུབ་ཀྱང་། སྟོང་བཞིན་སྣང་བ་ཡིན་པས་སྣང་སྟོང་འགལ་མེད་དུ་སྒྲུབ་ཀྱི། ཐ་སྙད་དུ་གཏན་མེད་ཅིག་རྟེན་འབྱུང་དུ་ཤར་བ་མ་ཡིན་ཏེ། དེ་གཉིས་དོན་མི་གཅིག་སྟེ་ཐ་སྙད་དུ་ཡོད་པ་དང་མེད་པ་ཕན་ཚུན་སྤང་འགལ་ཡིན་པའི་ཕྱིར་རོ། །དེས་ན་བདེན་མེད་ཅེས་པ་འདི་དོན་དམ་དཔྱོད་པས་དཔྱད་ན་དཔྱད་བཟོད་དུ་མ་དམིགས་པ་འདི་ལས་གཞན་དུ་བྱས་ན་སྟོང་ཉིད་རྟེན་འབྱུང་དུ་འཆར་བའི་དོན་གཏན་ནས་ཁེགས་ཤིང་། སྟོང་རྟེན་འབྱུང་གཞི་གཅིག་ལ་འདུར་མི་རུང་བའི་འགལ་བ་ཅན་དུ་བློ་ཆོས་ཁྱོད་ཀྱིས་ཁས་བླང་བ་བཞིན། གཞན་ལ་མཐའ་གཉིས་འགལ་མེད་སྒྲུབ་པ་ཞེས་སྐྱོན་བརྗོད་པ་ནི། རང་སྐྱོན་གཞན་ལ་འགེལ་བ་ངོ་མཚར་རོ། །ཐ་སྙད་དུ་ཡོད་པ་རང་ངོས་ནས་མི་སྟོང་པ་དང་། བདེན་གྲུབ་གཞན་གྱིས་སྟོང་པ་གཉིས། ཆོས་གཞན་གྱི་སྟོང་ཉིད། རང་ཉིད་མི་སྟོང་པའི་དངོས་པོ་ལ་སྦྱར་ཡང་། སྐྱེས་བུ་ནད་ཡོད་ལ། གཞན་གྱི་ནད་མེད་སྦྱར་ཡང་མི་ཕན་པ་བཞིན་ནོ། །གཞན་གྱི་ནད་མེད་གཞན་གྱི་ནད་དུ་ཤར་བ་ཁྱོད་ཀྱི་ལུགས་སོ། ། ཧ་ཧ། བུམ་པ་རང་སྟོང་ཡིན་ན་སྐྱོན་ཅི་ཡོད། ཐ་སྙད་དུ་མེད་དགོས་སྙམ་ན། དོན་དམ་དཔྱོད་པས་ཁེགས་ན་ཐ་སྙད་དུ་མེད་དགོས་པ་དང་། ཐ་སྙད་དུ་ཡོད་ན་དོན་དམ་དཔྱོད་པས་མི་ཁེགས་པར་ཁྱོད་ཀྱི་ཁས་བླངས་པ་ལྟར་ན། བདེན་གཉིས་དེ་ལས་འགལ་ཚབ་ཆེ་བ་ཅི་ཡོད། བདེན་གྲུབ་འདི་ཐ་སྙད་དཔྱོད་པའི་རིགས་པས་ཁེགས་སམ། ཁེགས་ན་དོན་དམ་དཔྱོད་པ་མི་དགོས་པར་འགྱུར་ལ། མི་ཁེགས་ན་བདེན་གྲུབ་ཐ་སྙད་དུ་ཡོད་པར་འགྱུར་རོ། །བུམ་པ་དོན་དམ་དཔྱོད་པས་དཔྱད་བཟོད་ཡིན་ནམ་མིན། ཡིན་ན་བུམ་པ་བུམ་པར་དོན་དཔྱོད་ཀྱི་མི་ཁེགས་ལ། མི་ཁེགས་ན་བདེན་གྲུབ་ཏུ་འགྱུར་ཏེ། དེ་ལྟ་ན་བདེན་གྲུབ་མེད་ཅེས་པའི་སྒྲུབ་བྱེད་ཚད་མ་གང་ཡིན། དེས་ན་བདེན་གྲུབ་ཀྱིས་སྟོང་ཞེས་བརྗོད་ཀྱང་དོན་དཔྱོད་ཀྱིས་མ་དམིགས་པ་དེ་ལས་ལྷག་པོ་གོ་རྒྱུ་ཅི་ཡང་མེད་ན། ཚིག་རིས་ཙམ་ལ་ཕན་ཐབས་སུ་འཆེལ་ནས། སྣང་སྟོང་ཟུང་འཇུག་དེ་ཁོ་ན་ཉིད་ཀྱིས་དོན་ལ་རྒྱབ་ཀྱིས་ཕྱོགས་པའི་ལྟ་བ་འདི་ཁྱོད་ལ་སུས་བསླབས། སྟོང་ཉིད་ཅེས་པ་ཟུང་འཇུག་དེ་ཁོ་ན་ཉིད་རྟོགས་བྱེད་ཀྱི་ལམ་ཡིན་ན། ཁྱོད་ཀྱི་སྟོང་ཉིད་འདི་འདྲས་སྣང་སྟོང་ཟུང་འཇུག་གི་དོན་ནམ་ཡང་བློ་ངོར་འཆར་མི་བཏུབ་པས། དེ་ཁོ་ན་ཉིད་ཀྱི་དོན་ལས་ཕྱིར་ཕྱོགས་པའི་ཚིག་གི་ལམ་གྱི་ལྟ་བ་འདིས་ཁྱོད་རྣམ་གྲོལ་གྱི་ལམ་ལ་ནམ་ཡང་མི་འགྲོ་བས། སྟོང་ཉིད་དེ་འདྲ་ལོ་བརྒྱར་བཤད་ཀྱང་དེ་ཁོ་ན་ཉིད་ཀྱི་ཕྱོགས་སུ་མི་ཕྱིན་པའི་བླུན་པོ་ཁྱོད་སྙིང་རེ་རྗེའོ། །ཚིག་གི་བརྗོད་ལུགས་ཞིག་གིས་ཁྱོད་ཀྱིས་དེ་ཁོ་ན་ཉིད་མི་རྟོགས་ལ། ཐ་སྙད་ལ་མཁས་པར་ཡང་མི་འགྱུར་བས། ཁོ་བོས་ཁྱོད་ལ་ཕན་སེམས་ཀྱིས་བརྗོད་པ་ལ་ཚིག་པ་མ་ཟ་ཞིག བདག་བདེན་པ་ཡིན་མིན་བློ་ནང་དུ་ཕྱོགས་ལ་དེ་ཁོ་ན་ཉིད་ལ་རྟོགས་ཤིག ཧ་ཧ། བུམ་པ་དོན་དཔྱོད་ཀྱིས་དཔྱད་ན་མི་དམིགས་པ་དེ་བདེན་གྲུབ་མེད་པ་ཡིན་ལ། དོན་དཔྱོད་ཀྱིས་དཔྱད་ན་བདེན་གྲུབ་མི་དམིགས། བུམ་པ་དམིགས་སམ། བུམ་པ་དམིགས་ན་བདེན་གྲུབ་ཀྱང་མི་ཁེགས་ལ། མ་དམིགས་ན་བུམ་པའང་མི་དམིགས་ཏེ་དེ་གཉིས་ཁྱད་མེད་དོ། །དེས་ན་བདེན་གྲུབ་ཅེས་པ་དོན་དཔྱོད་ཀྱིས་དམིགས་པའམ་རྙེད་པ་ལ་བརྡ་བརྗོད་པ་ཡིན་གྱི། ཚིག་ལ་ཁྱད་ཡོད་ཀྱང་། དོན་ལ་དོན་དཔྱོད་ཀྱི་བུམ་པ་མི་དམིགས་པ་དང་བདེན་གྲུབ་མི་དམིགས་པ་འདྲ། ཐ་སྙད་དཔྱོད་བྱེད་ཀྱི་ངོར་བུམ་པ་ཡོད་པ་དང་། བུམ་པ་བུམ་པར་བདེན་པར་གྲུབ་པ་ཡིན་ཀྱང་དེས་དོན་དམ་པར་མེད་པ་མི་ཁེགས་ལ། བུམ་པ་དོན་དམ་པར་མེད་ཀྱང་རྟེན་འབྱུང་གི་སྣང་བ་ཙམ་མེད་པར་མི་ཁེགས་པས། དེས་ན་དོན་དམ་པར་བདེན་གྲུབ་ཐ་སྙད་དུ་མེད་བཞིན། བུམ་པ་ཐ་སྙད་དུ་ཡོད་ཅེས་མི་རིགས་ཏེ་དོན་དཔྱོད་ཀྱིས་བདེན་པ་གཉིས་ཆར་ཡང་མི་དམིགས་སོ། །དེས་ན། རིགས་དེས་ཐ་སྙད་དུ་མི་རིགས་པས་ཞེས་དང་། དེ་ཉིད་མ་སྐྱེས་འཇིག་རྟེན་སྐྱེས་རིག་བྱ། སོགས་གསུངས་པ་བཞིན་ནོ། །དེས་ན་སྐྱེ་བ་ལྟར་སྣང་བ་འགོག་མེད་དང་། དོན་དམ་པར་མ་སྐྱེས་པ་འགལ་མེད་ཟུང་འཇུག་ཏུ་རྟོགས་དགོས་ཀྱི། ཐ་སྙད་དུ་མེད་པའི་ཆོས་གཞན་སྟོང་པ་དང་། ཐ་སྙད་དུ་ཡོད་པའི་ཆོས་གཞན་མི་སྟོང་པ་གཉིས། སྟོང་རྟེན་འབྱུང་དོན་གཅིག་ཏུ་ཤར་བར་ཇི་ལྟ་བུར་རུང་སྟེ། རི་བོང་རྭ་མེད་གནག་གི་རྭར་འཆར་བ་མི་སྲིད་པ་བཞིན་ནོ། །སོང་ངོ་། །ཧ་ཧཿ ༈ སྙིང་པོ་བསྡུས་པ། རིགས་སྨྲ་བ་ཁྱོད་ལ་འདི་འདྲི་སྟེ། བུམ་པ་དང་དེའི་བདེན་གྲུབ་གཞན་དུ་འདོད་པ་དེ། རྫས་གཞན་ཡིན་ན་བདེན་གྲུབ་རྫས་ཡོད་དུ་འགྱུར་ལ། བཏགས་ཡོད་ཙམ་གྱི་ལྡོག་པས་ཡིན་ན། བུམ་པ་མི་རྟག་པ་ལྟར་ལྡོག་པའི་སྒོ་ནས་གཞན་ཡིན་ན། བུམ་པ་བདེན་གྲུབ་ཏུ་འགྱུར་རོ། །བུམ་པ་རྟག་པས་སྟོང་པ་ལྟར། རྟག་པ་ལྟ་བུའི་བདེན་གྲུབ་བཏགས་ཡོད་དུ་འགྱུར་ཏེ་དེ་བུམ་པ་ལ་མེད་ཀྱང་། ཆོས་གཞན་ལ་ཡོད་སྲིད་དེ་ནམ་མཁའ་ལ་རྟག་པ་བཞིན་དུ་འགྱུར་རོ། །བདེན་གྲུབ་གཞི་མེད་པའི་སྒྲོ་བཏགས་ཡིན་པས། བུམ་པ་བདེན་གྲུབ་གཅིག་པ་བཀག་ཙམ་གྱི་ཐ་དད་དམ་གཞན་དུ་འདོད་ན། བདེན་གྲུབ་གཞི་མེད་སྒྲོ་བཏགས་སུ་རྟོགས་ཟིན་པས། དེ་དོན་དམ་དཔྱོད་རིགས་ཀྱིས་བུམ་པའི་སྟེང་དུ་བཀག་ཅི་ལ་དགོས་ཏེ། བུམ་པ་རི་བོང་རྭས་སྟོང་པ་བཞིན། བུམ་པ་ལ་རི་བོང་རྭ་མེད་ཅེས་མིང་གི་ཐ་སྙད་ཙམ་བསྒྲུབ་པ་བཞིན་ནོ། །སྒྲོ་བཏགས་ལོག་ཤེས་ཀྱི་ཡུལ་གྱི་སྣང་བ་རྣམས་སྒྲོ་འདོགས་པའི་གཞི་དེ་ལས་གཅིག་ཐ་དད་གང་དུ་མ་གྲུབ་པར་གཞུང་སྤྱིའི་ལུགས་རིགས་པས་གྲུབ་པ་ཡིན་པས། དེ་ལྟར་ན་བུམ་དང་གཅིག་ཐ་དད་གང་ཡང་མ་ཡིན་པའི་བདེན་གྲུབ་ཀྱིས་བུམ་པ་སྟོང་ཞེས་ཅིས་མི་སྨྲ། གཞན་ཡང་སོ་སྐྱེ་རྣམས་ཀྱིས་བུམ་པ་དང་དེའི་བདེན་གྲུབ་གཅིག་ཏུ་དམིགས་སམ། ཐ་དད་གཞན་དུ་དམིགས། གཞན་དུ་ནི་མ་དམིགས་པས་ཁེགས་པས་དེ་དོན་དམ་དཔྱོད་པས་ཆེད་དུ་དགག་མི་དགོས་པར་འགྱུར་ཏེ། ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་གྱི་ངའམ་བདག་དེ་ཕུང་པོ་དང་གཅིག་ཐ་དད་བརྟག་ཚེ། གཞན་དུ་མ་དམིགས་པས་འགོག་པ་བཞིན་ནོ། །ཕུང་པོ་ལྔ་གང་ཟག་གི་བདག་གིས་སྟོང་པར་སུས་ཀྱང་ཁས་ལེན་དགོས་མོད། ཁྱེད་ལྟར་ན་ཕུང་པོ་ལས་གཞན་པའི་གང་ཟག་གི་བདག་གིས་ཕུང་པོ་ལྔ་པོ་སྟོང་ཞེས་ཁས་ལེན་དགོས་སོ། །ཐ་སྙད་དཔྱོད་བྱེད་ཀྱི་ངོར་བུམ་པ་བུམ་པས་མི་སྟོང་། བུམ་པ་བདེན་གྲུབ་ཀྱིས་སྟོང་པ་དང་། དེ་བཞིན་སྣམ་བུ་ལ་སོགས་པ་ཆོས་གཞན་ཇི་སྙེད་དང་། རི་རྭ་མོ་གཤམ་བུ་སོགས་ཀྱིས་སྟོང་ཞེས་བརྗོད་པ་ཙམ་ལ་འགལ་བ་མེད་མོད། ཁས་ལེན་ཚུལ་དེ་ལྟ་བུ་དོན་དམ་དཔྱོད་པས་དཔྱད་ནས་སྟོང་མི་སྟོང་འཆད་པའི་སྐབས་སུ་བཤད་པ་ནི་སྐབས་སུ་མ་བབ་པའི་ངག་འབྲེལ་མེད་སྟོང་ཉིད་ཀྱི་གོ་བ་རྙོགས་པར་བྱེད་པ་འདྲ་ཡང་། དབུ་མ་གཞན་གྱིས་མཐོན་པའི་གདན་སའི་མཁས་པ་ཆེན་པོ་རྣམས་ཀྱི་ཞལ་བཞེས་ཡིན་པས། བརྟག་ནས་རྟོགས་ན་ངོ་མཚར་ཆེན་པོ་ད་དུང་གོ་རྒྱུ་ལོས་ཡོད་སྙམ། སྟོང་ཉིད་གཏན་ལ་འབེབ་པའི་དགོས་པ། ཐ་སྙད་ཀྱི་ཆོས་རྣམས་ལ་བདེན་གྲུབ་བམ་ཆོས་ཀྱི་བདག་གམ་ངོ་བོ་ཉིད་དུ་སྒྲོ་འདོགས་པ་སེལ་ཕྱིར་ཐ་སྙད་དུ་ཡོད་པའི་ཆོས་རྣམས་ལ་གཞིག་ཅིང་བརྟག་ནས་སྟོང་པར་བསྒྲུབ་དགོས་རྒྱུ་ཡིན་འདྲ་ལ། དེ་ལྟར་བསྒྲུབ་ན། སྟོང་ཉིད་དང་། བདེན་མེད་དང་། ངོ་བོ་ཉིད་མེད་དང་། བདག་མེད་རྣམས་བདེ་བླག་ཏུ་འགྲུབ་ནུས་འདྲ་ཡང་། ཐ་སྙད་ཀྱི་ཆོས་རྣམས་རང་གི་ངོ་བོ་མི་སྟོང་པས་དོན་དཔྱོད་ཀྱི་མི་ཁེགས་པར་ཁས་བླངས་ནས། ཐ་སྙད་དུ་མེད་པའི་ཆོས་བདེན་གྲུབ་ཏུ་སྒྲོ་བརྟགས་པ་གཞན་ཞིག་རིགས་པས་དགག་དགོས་ཞེས་པས་དོན་དམ་དཔྱོད་པས་དཔྱད་གོ་མི་ཆོད་པའི་འཆད་ཚུལ་འདི་ནི། ཇི་སྐད་དུ། རང་ཁྱིམ་རྩིག་ཕུག་སྦྲུལ་གནས་སོགས་དྲངས། ཞེས་གསུངས་པ་དང་ཚུལ་འདྲ་བར་མཐོང་ཡང་། ད་དུང་དེ་བས་ཇེ་ཟབ་ཏུ་འཆད་ཚུལ་ཁྱེད་ཚོའི་གསུངས་ལ་ལོས་ཡོད། སུན་འབྱིན་བརྗོད་འདོད་མིན་ཏེ་རིགས་པ་བརྗོད་འདོད་དང་། རྣམ་གྲོལ་ལམ་གྱི་གཙོ་བོ་སྟོང་ཉིད་གཏན་ལ་འབེབ་ཚུལ་གྱི་གོ་བ་རང་གཞན་གྱི་རྒྱུད་ལ་སྐྱེད་འདོད་ཀྱིས་ཡིན་ནོ། །འདི་ལྟར་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་གང་ཟག་དང་ཆོས་ཀྱི་བདག་འགོག་གི གང་ཟག་དང་ཆོས་བཀག་མི་དགོས་ཏེ། བཀག་ན་ཐ་སྙད་མེད་པར་འགྱུར་བས་བསྒྲུབ་ཚུལ་དེ་ལྟ་བུ་ཞིག་མི་འབྱུང་ཀ་མེད་མ་ཡིན་ནམ་སྙམ་ན། དེ་ཤིན་ཏུ་བདེན་ཏེ། དོན་དམ་དཔྱོད་པས་བདག་གཉིས་འགོག་གི་ཆོས་དང་གང་ཟག་མ་བཀག་པ་ནི་ཁོ་བོ་ཅག་གིས་ཀྱང་ཤིན་ཏུ་ཁས་ལེན་ནོ། །དེ་ལྟ་ན་དཔྱོད་པས་ཐ་སྙད་ཀྱི་ཆོས་རྣམས་བཀག་ནས་སྟོང་པར་བསྒྲུབ་དགོས་ཞེས་པ་དངོས་འགལ་མ་ཡིན་ནམ་ཞེ་ན་ག་ལ་ཡིན་ཏེ། དེའི་རྒྱུ་མཚན་ཐ་སྙད་དཔྱོད་པའི་དབང་དུ་བྱས་ན་དེ་ལྟར་ངེས་ཏེ། དོན་དམ་དཔྱོད་པས་ཐ་སྙད་ཀྱི་ཆོས་རྣམས་དཔྱད་ནས་གཞིག་ཅིང་སྟོང་པར་བསྒྲུབ་པའི་ཚེ། དེས་དཔྱད་བཟོད་དུ་གྲུབ་པའི་ཐ་སྙད་ཀྱི་ཆོས་གང་ཡང་མ་གྲུབ་པ་ལ་ཐ་སྙད་རྣམས་དཔྱད་མི་བཟོད་པ་ཡིན་པ་དང་། དཔྱད་བཟོད་དུ་གྲུབ་ན་བདེན་གྲུབ་དང་། རང་གི་ངོ་བོས་ཡོད་པའི་བདག་ཏུ་འགྱུར་ན་ཡང་། དཔྱད་བཟོད་དུ་འགྲུབ་མི་སྲིད་པའམ། དོན་དམ་དཔྱོད་པས་མ་རྙེད་པའམ། མ་དམིགས་པ་དེའི་ཚེ། བདག་མེད་བདེན་མེད་ཀྱི་དོན་དང་ཐ་སྙད་སྐྱོན་མེད་དུ་གྲུབ་པ་ཡིན་ནོ། །ཆོས་དང་གང་ཟག་མ་བཀག་སྟེ། གང་ཟག་དང་ཆོས་རྣམས་ཐ་སྙད་དུ་ཡོད་པ་དོན་དམ་དཔྱོད་པས་དཔྱད་གཞི་དང་། དོན་དམ་རྟོགས་པའི་ཐབས་ཡིན་པས་དེ་རྣམས་ཐ་དཔྱོད་ཀྱི་ངོར་ཡོད་པ་ནམ་ཡང་དོན་དམ་དཔྱོད་པས་མ་བཀག་ལ་མི་ཁེགས་སོ། །དོན་དམ་དཔྱོད་པ་ཁོ་ནའི་དབང་དུ་བྱས་ན། གང་ཟག་དང་ཆོས་གང་ཡང་དེས་དཔྱད་ངོར་མི་འགྲུབ། མི་རྙེད་མི་དམིགས་པ་ཁོ་ན་ལས། མ་བཀག་པའམ། མ་བསལ་བའམ། དཔྱད་བཟོད་པ་ཅུང་ཟད་མི་སྲིད་དེ། སྲིད་ན་བདག་གཉིས་ཀྱང་མི་ཁེགས་སོ། །དེས་ན་དོན་དམ་དཔྱད་ངོར་ཁེགས་ཀྱང་ཐ་སྙད་དཔྱད་ངོར་མི་ཁེགས་པ་ལྟ་བུ་འདི་ནི་དངོས་སྨྲ་བས་མ་རྟོགས་ནས། སྟོང་ན་སྣང་མི་སྲིད། སྣང་ན་སྟོང་མི་སྲིད་སྙམ་པས་སྟོང་ཉིད་ལ་སྐར་འདེབས་བྱུང་བ་ཡིན་ཀྱང་། དོན་དམ་པར་བུམ་པ་ལྟ་བུའི་ཆོས་ཀྱི་ངོ་བོ་དམིགས་སུ་མེད་པས་སྟོང་པ་ཉིད་དུ་གྲུབ་ཀྱང་། དེ་ལྟར་གྲུབ་པ་ལས་ནམ་ཡང་མ་གྲུབ་པར་མི་ལྡོག་མོད། ཐ་སྙད་དུ་རྟེན་ནས་འབྱུང་བའི་དབང་གིས་བསླུ་མེད་དུ་སྣང་བ་འདི་འགག་མི་དགོས་ལ། དེས་ན་སྟོང་བཞིན་སྣང་བ། སྣང་བཞིན་དུ་སྟོང་པའི་སྣང་སྟོང་འགལ་མེད་ཡིན་པར་དངོས་པོའི་ཆོས་ཉིད་ཀྱིས་གྲུབ་པ་སུས་ཀྱང་བསྙོན་མི་ནུས་པ་འདིས་གྲུབ་པས། ཆོས་ཉིད་ཀྱིས་གྲུབ་པ་འདི་ལ་རིགས་པ་གཞན་གྱིས་སྒྲུབ་མི་དགོས་ཏེ། མེ་ཚ་བ་དང་། ཆུ་གཤེར་བ་ལྟར་དངོས་པོའི་ཆོས་ཉིད་འདི་ལྟ་བུ་ཡིན་པས། གཟུགས་སྟོང་པའམ། སྟོང་པ་ཉིད་གཟུགས་སོ་སོགས། སྟོང་ཉིད་བཞི་སྦྱོར་གྱི་དགོངས་པ་མངོན་དུ་གྱུར་པ་ཡིན་ལ། སེམས་འགྲེལ་ལས། མེའི་རང་བཞིན་ཚ་བ་སོགས་ནས་རང་བཞིན་སྟོང་པ་ཉིད་དུ་བཤད། །ཅེས་དང་། མདོ་ལས། སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་ཀྱི། ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་པའོ། ། ཞེས་གསུངས་པ་སོགས་བཞིན་དུ་གོ་དགོས་ཀྱི། སྟོང་ཚད་མི་སྣང་། སྣང་ཚད་མི་སྟོང་པ་ལྟ་བུར་གོ་ནས། སྟོང་རྒྱུ་དང་དགག་རྒྱུ་གཞན་ཞིག་བཙལ་ན་སྟོང་པ་ཉིད་ཀྱི་དོན་རྟོགས་པ་ལས་རིང་དུ་འགྱུར་འདྲ་སྟེ། ཐམས་ཅད་མཁྱེན་པ་ལྕང་སྐྱ་རོལ་པའི་རྡོ་རྗེའི་ཞལ་ནས། ད་ལྟ་རང་རེ་ཡི་སོགས་དྲངས། ཞེས་གསུངས་པ་འདི་སྟོང་ཉིད་ཀྱི་གོ་དོན་འཚོལ་བ་རྣམས་ལ་གདམས་ངག་གི་གནད་ཆེན་པོ་ཞིག་གནང་བ་ཡིན་པར་མཐོང་ཡང་གཞན་དག་གི་ངོར་ཅི་ཆ། བཤད་མ་ཐག་པ་དེ་ལྟར་གོ་ན་སྟོང་རྟེན་འབྱུང་ཟུང་འཇུག་གི་གོ་ཡུལ་བདེ་བླག་ཏུ་འཆར་བ་འདྲ་སྙམ་ཡང་། རང་ལྟ་བུ་དུས་ངན་གྱི་གང་ཟག་སྐྱེས་སྦྱང་ཆུང་བས་ཟབ་དོན་ཤེས་དཀའ་བས། ལུང་བསྟན་འཛིན་པ་རྣམས་ཀྱི་ཐུགས་ལ་མ་བབ་ན་བཞག་པས་ཆོག་གི་རང་གི་གོ་ཚུལ་དྲང་པོར་སྨྲོས་པ་ཙམ་ལ། སུན་འབྱིན་དུ་མ་དགོངས་པར་དངོས་པོའི་ཆོས་ཉིད་ལ་ཐུགས་གཞིག་མཛོད་ཅིག མངྒ་ལཾ། ། ༈ ཡང་བདེན་མེད་གནས་ལུགས་མཐར་ཐུག་མིན་ཞེས་པ། སྤྱིར་བདེན་པ་དབྱེར་མེད་སོ་སོ་རང་གིས་རིག་བྱ་སྤྲོས་པ་ཀུན་བྲལ་གནས་ལུགས་མཐར་ཐུག་གི་དབང་དུ་བྱས་ཀྱང་། དེ་སྤྱིར་གནས་ལུགས་མིན་པར་མི་འགྱུར་ནའང་། ཁྱོད་ཀྱི་འདོད་པའི་བདེན་མེད་འདི་ནི་རྣམ་གྲངས་པའི་དོན་དམ་གྱི་དབང་དུ་བྱས་པའི་གནས་ལུགས་ཀྱང་མིན་ན་མཐར་ཐུག་གི་གནས་ལུགས་ལྟ་ཅི་སྨྲོས་ཏེ། ཁྱོད་ཀྱི་ལུགས་ལ་ཐ་སྙད་དུ་ཡོད་ཚད་རང་གི་ངོ་བོ་མི་སྟོང་པར་ཁས་བླངས། དེ་ལས་གཞན་དུ་གྱུར་པའི་བདེན་གྲུབ་ཀྱིས་སྟོང་ཞེས་འདོད་པས་དེ་འདྲའི་བདེན་སྟོང་དེ་ཆོས་ཐམས་ཅད་ཀྱི་གནས་ལུགས་སུ་མི་འགྱུར་བའི་ཚུལ་ནི། ཁྱོད་ཀྱི་ལུགས་ལ་ཐ་སྙད་དུ་ཡོད་ཚད་དོན་དམ་པར་མི་ཁེགས། རང་ངོས་མི་སྟོང་། དོན་དམ་པས་བཀག་ཚད་དང་སྟོང་ཚད་ཐ་སྙད་དུ་མི་སྣང་བར་ཁས་བླངས་པས། ཐ་སྙད་དུ་མེད་པ་ཞིག་སྟོང་པར་ཁས་བླང་བ་སྟེ། ཐ་སྙད་དུ་ཡོད་པའི་ཆོས་རྣམས་ཀྱི་ཆོས་ཉིད་དུ་ཇི་ལྟར་འགྱུར་ཏེ། རི་བོང་རྭ་མེད་ཆོས་ཐམས་ཅད་ཀྱི་གནས་ལུགས་མིན་པ་བཞིན་ནོ། །ཞེས་གཙོ་བོའི་རིགས་པ་འདི་ལ་འདུས། དེ་འདྲའི་སྟོང་ཉིད་དེ་ཤེས་ཀྱང་ཆོས་རྣམས་ལ་དངོས་ཞེན་སྣ་གཅིག་མི་འཇིག །སྣང་སྟོང་འགལ་མེད་དོན་གཅིག་ཏུ་མི་འཆར། དེའི་དོན་རི་བོང་རྭ་མེད་དུ་རྟོག་པ་ལྟ་བུ་ཡིད་རྟོག་བཅས་ཀྱི་ཡུལ་ཡིན་གྱི། རྟོག་མེད་མཉམ་བཞག་ཡེ་ཤེས་ཀྱིས་མངོན་སུམ་དམིགས་པའི་ཡུལ་མ་ཡིན་པས། དེ་འདྲའི་ཚིག་གི་སྟོང་ཉིད་གཏན་ལ་ཕབ་པ་ལ་དགོས་པ་ཅི་ཞིག་ཡོད། དེ་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་དོན་དམ་དཔྱོད་པས་མི་དམིགས་པས་སྟོང་པ་ཉིད་ལ་བདེན་མེད་ཀྱི་ཐ་སྙད་བྱས་ན་འགལ་བ་མེད་མོད། ཆོས་ཐམས་ཅད་རང་རང་གི་ངོ་བོ་མི་སྟོང་ཞེས་ཁས་བླངས་དེ་ལྟར་ན། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཅིས་མི་འགྱུར་ཏེ། དཔྱད་མི་བཟོད་ན་སྟོང་པར་ཁས་ལེན་རིགས་ན། མི་སྟོང་ན་དཔྱད་བཟོད་དུ་ཅིས་མི་འགྱུར། དེ་ལྟ་ན་ཆོས་དེ་བདེན་གྲུབ་ཏུ་འགྱུར་ན་བདེན་གྲུབ་གཞན་གྱིས་ཇི་ལྟར་སྟོང་། ཡང་དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་ཏེ། སྐྱེ་བ་རང་གི་ངོ་བོ་ཉིད་དམ་རང་མཚན་དོན་དམ་པས་མི་ཁེགས་པས་དོན་དམ་པའི་སྐྱེ་བ་ཡོད་པའམ། སྐྱེ་བ་དང་བུམ་སོགས་ཆོས་ཐམས་ཅད་དོན་དམ་པར་ཡོད་པར་འགྱུར་རོ། ། ཡང་། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་ཏེ། དེའི་སྟོང་ཉིད་མངོན་སུམ་རྟོགས་པའི་དུས་ན་མཉམ་བཞག་སྣང་མེད་དེའི་ངོར་ཆོས་གང་ཡང་མི་སྣང་བའི་མཉམ་བཞག་སྣང་མེད་དུ་འདོད་དགོས་ན། ཆོས་ཐམས་ཅད་རང་གི་ངོ་བོ་ཡེ་ནས་དམིགས་སུ་མེད་པའི་སྟོང་པ་ཉིད་མ་ཡིན་བཞིན་དུ། སྟོང་ཉིད་མངོན་སུམ་རྟོགས་པའི་མཉམ་བཞག་ལ་དེ་མི་སྣང་བས། འཕགས་པའི་མཉམ་བཞག་དེ་བུམ་སོགས་དངོས་པོ་ཐམས་ཅད་འཇིག་པའི་རྒྱུར་འགྱུར་རོ། །ཆོས་ཐམས་ཅད་ངོ་བོ་ཉིད་སྟོང་ན་སྐྱོན་དེ་གསུམ་གང་ཡང་མེད་དེ། ཆོས་ཐམས་ཅད་དོན་དཔྱོད་ཀྱིས་དཔྱད་མི་བཟོད་པས་དོན་དམ་པར་ཡོད་པའི་ཆོས་མེད་ལ། དེའི་ཕྱིར་དོན་དམ་རྟོགས་པའི་བློ་ངོར་སྣང་དུའང་མེད་དེ། ཆོས་ཐམས་ཅད་གདོད་ནས་སྟོང་པའི་སྟོང་ཉིད་དེ་མངོན་སུམ་རྟོགས་པ་ཡིན་གྱིས། དེས་དེ་མེད་པར་བྱས་པ་མིན་ཏེ། མདོ་ལས། སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་ཀྱི། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པའོ། །ཞེས་གསུངས། དེའི་ཕྱིར་བུམ་སོགས་ཐ་སྙད་དུ་སྣང་བ་རྣམས་ལ་དོན་དམ་དཔྱོད་པའི་ངོ་བོར་མ་རྙེད་པའི་རིགས་པ་དེའི་དོན་དྲན་བཞིན་པར། འདི་ལྟར་སྣང་ཡང་སྣང་བ་ལྟར་གྲུབ་པ་རྡུལ་ཙམ་མེད་དོ་སྙམ་དུ་བསམ་ན། དེ་གོམས་ནས་སྟོང་ཉིད་ཀྱི་བག་ཆགས་སྟོབས་དང་ལྡན་པ་ན། ཆགས་སྡང་དང་། འཇིགས་སྐྲག་སོགས་ཀྱི་ཡུལ་གྱིས་མི་གནོད་པ་འབྱུང་གི། འདི་བདེན་པ་མེད་དོ་ཞེས་ཡིད་ལ་བྱས་ཏེ། དཔྱད་ལུགས་མ་ནོར་བར་བྱས་ན་དོན་འདྲ་ཡང་། སྔར་རང་གི་རང་ངོས་ནས་མི་སྟོང་བདེན་གྲུབ་གཞན་གྱིས་སྟོང་པར་གཏན་ལ་ཕབ་པའི་དོན་དེ་བཞིན་དུ། འདི་བདེན་པ་མེད་དོ་ཞེས་ཡིད་ལ་བྱས་ཀྱང་། འདི་རང་གི་ངོ་བོས་མི་སྟོང་པར་ཡོད་པ་དེས། ཆགས་སྡང་འཇིགས་པ་སྡུག་བསྔལ་སོགས་རྣམ་རྟོག་རང་མཚན་པ་ཐམས་ཅད་སྐྱེད་ཀྱི། བདེན་མེད་ཅེས་པའི་ཚིག་ཙམ་དང་། རང་གི་ངོ་བོ་མི་སྟོང་པ་ལ་བདེན་སྟོང་གཞན་སྦྱར་བའི་རྣམ་རྟོག་དེས་ཆགས་སྡང་སོགས་ཀྱི་ཡུལ་གྱི་འཛིན་སྟང་ནམ་ཡང་མི་ཟློག་སྟེ། དེ་ལ་ཇི་ལྟར་གོམས་ཀྱང་དེ་ལས་མི་འདའ་འོ། །དེས་ན་སྟོང་ཉིད་ཀྱི་རིགས་པས་དགག་བྱ་བདག་གཉིས་ཡིན། ཆོས་དང་གང་ཟག་ཙམ་མ་ཡིན་པའི་ཚིག་གི་ཐ་སྙད་དེའི་རྗེས་སུ་འབྲང་ནས། དོན་དམ་དཔྱོད་པས་དཔྱད་ཚེ་ཆོས་དང་གང་ཟག་གི་ངོ་བོ་མི་དགག་པར། དགག་བྱ་ཡན་གར་བ་འགོག་ཚུལ་དུ་དཔྱད་པ་འདིས་བློ་སྐྱོན་ཞིག་འབྱུང་ལ། དོན་དམ་དཔྱོད་པས་གང་ཟག་དང་ཆོས་ཀྱི་ངོ་བོ་བཀག་པའམ་མ་དམིགས་པ་དེ་ལ་ཆོས་དང་གང་ཟག་གི་བདག་མེད་ཅེས་ཐ་སྙད་བྱས་ཤིང་། དེས་ཆོས་དང་གང་ཟག་མ་དམིགས་ཀྱང་། ཐ་སྙད་དཔྱོད་བྱེད་ཀྱི་ངོར་ཆོས་དང་གང་ཟག་ཡོད་པ་མི་ཁེགས་པས། དགག་བྱ་བདག་གཉིས་ཡིན་གྱི་ཆོས་དང་གང་ཟག་མིན་པའི་ཐ་སྙད་ཀྱང་དེ་ལྟར་སྐྱོན་མེད་དུ་གནས་པ་ཡིན་ནོ། །དེའི་ཕྱིར་དངོས་པོའི་ཆོས་ཉིད་ཀྱིས་བདེན་གཉིས་འགལ་མེད་དུ་འཆར་བ་གོ་དགོས་ཀྱི། དོན་དམ་དཔྱོད་པ་རང་གི་ངོར་བཀག་རྒྱུའི་ཆོས་ཞིག་དང་། མི་བཀག་པར་ཐ་སྙད་སྐལ་བར་བཞག་རྒྱུ་གཉིས་སྲིད་དགོས་པ་མ་ཡིན་ཏེ། འཇུག་པར། བདག་དང་གཞན་ལས་སྐྱེ་བ་མི་རིགས་པའི། རིགས་དེས་ཐ་སྙད་དུ་ཡང་མི་རིགས་པས། ཁྱོད་ཀྱི་སྐྱེ་བ་གང་གི་ཡིན་པར་འགྱུར། ཞེས་དང་། དེ་ཉིད་མ་སྐྱེས་འཇིག་རྟེན་སྐྱེས་རིགས་བྱ། ཞེས་སོགས་འདིའི་ཐད་ཀྱི་རང་རྒྱུད་པས་ཐ་སྙད་ཀྱི་རང་མཚན་མི་འགོག་པའི་སླད་དུ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་བ་མི་འཐད་པའི་གནད་བསྟན་པ་འདི་ཐལ་འགྱུར་བའི་སྟོང་ཉིད་གཏན་ལ་འབེབ་ཚུལ་ཁྱད་པར་ཅན་ཡིན་པ་དོར་ནས། ཐལ་འགྱུར་ཡིན་པར་ཁས་བླངས་ཀྱང་རང་རྒྱུད་པའི་ལུགས་མི་འདོར་བ་ནི་རྒྱུ་མཚན་ཅི་ཞིག་ཡིན། དེས་ན་ལེགས་པར་ཤན་མ་ཕྱེད་ན་འདི་གཉིས་ལ་གོ་ཚུལ་རེས་ཁྱད་མེད་ལྟ་བུ་དང་། རེས་ཁྱད་ཆེན་པོ་ཡོད་པ་ལྟ་བུ་འཆར་ཞིང་། ཕན་ཚུན་སུན་ཕྱུང་ཡང་མི་ནུས་པ་ལྟ་བུའི་བློ་བལ་བ་ཛ་ལྟར་མཛིང་པ་ཞིག་ལས་ཐག་ཆོད་ཀྱི་ངེས་ཤེས་སྐྱེ་དཀའ་ལ། དེའི་གནད་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་མི་སྟོང་གི་དཔྱད་ཚུལ་འདི་ལ་ཐུག་པར་ཤེས་ནས་དེ་ལྟར་སྟོང་ཉིད་གཏན་ལ་ཕབ་ན་གོ་རྒྱུ་ལེགས་ཤིང་ངེས་ཤེས་འདྲོངས་ལ། དེ་ལྟར་ངེས་ཤེས་སྐྱེས་ཚེ་སྟོང་ཉིད་བསྒྲུབ་པའི་གཞུང་རྣམས་ཀྱི་ཐ་སྙད་སྦྱར་ཚུལ་བདག་གཉིས་དགག་བྱ་ཡིན་གྱི་ཐ་སྙད་མི་འགོག་པ་སོགས་གང་ལ་བསམ་ཀྱང་འགལ་བ་མེད་པར་དོན་གནད་གཅིག་ཏུ་འཆར་བ་ཡོང་བས། ཕན་ཚུན་ཚིག་གི་བརྗོད་ཚུལ་ཙམ་གྱི་གྲུབ་མཐའ་བཟུང་ནས་རྩོད་པ་མང་པོས་ཅི་བྱ་སྟེ། སྟོང་ཉིད་ཀྱི་དོན་བསྒྲུབ་པའི་སྐབས་དང་། ཐ་སྙད་སྒྲུབ་པའི་སྐབས་ལ་བསམ་ནས། ཁས་ལེན་དེ་འདྲར་སོང་བ་ཙམ་དུ་ཤེས་ནས་སོ་སོའི་སྐབས་ཀྱི་ཁས་ལེན་ཚུལ་དེ་ལྟར་ཡང་། དེ་གཉིས་དོན་ལ་དགོངས་པ་གཅིག་པར་སྒྲུབ་ནུས་ན་ལེགས་འདྲ་སྙམ་མོ། །འདི་གོང་བཤད་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིན་ནོ་དགེ ༈ ཡང་། བུམ་སོགས་དང་སྐྱེ་བ་སོགས་ལ་དོན་དམ་པར་དཔྱད་ཚེ། ཐ་སྙད་ཀྱི་བུམ་པ་རང་མཚན་པ་འདི་དང་། སྐྱེ་བ་ལྟར་སྣང་བ་རང་མཚན་པ་འདི་དོན་དམ་དཔྱོད་པས་དཔྱད་ན་འགྲུབ་མི་འགྲུབ་དཔྱད་པ་ཡིན་པས། དེའི་ཆོས་ཅན་ནམ། བསྒྲུབ་ཆོས་ལ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་ན། ཕྱོགས་ཆོས་སམ། ཁྱབ་པ་གང་རུང་མི་འགྲུབ་སྟེ། དཔེར་ན། བུམ་པ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ལྟ་བུ་ལ། བདེན་གྲུབ་ཀྱི་བུམ་པ་དང་། བདེན་གྲུབ་ཀྱི་མི་རྟག་པ་ལྟ་བུ་སྦྱར་ན། ཆོས་ཅན་གཞི་མ་གྲུབ་པས་ཕྱོགས་ཆོས་མི་འགྲུབ་པ་དང་། བསྒྲུབ་ཆོས་གཞི་མ་གྲུབ་པས། བུམ་པ་བྱས་པ་ཡིན་ཡང་། བྱས་པ་ཡིན་ན་བདེན་གྲུབ་ཀྱི་མི་རྟག་པ་ཡིན་པའི་ཁྱབ་པ་མི་འགྲུབ་པ་དེ་བཞིན། དགག་པ་ལ་ཡང་། བདེན་པའི་སྐྱེ་བའང་། མོ་གཤམ་བུའི་སྐྱེ་བ་བཞིན་དུ་མ་གྲུབ་པས། དེ་མཐའ་བཞི་སྐྱེ་འགོག་གི་བསྒྲུབ་བྱ་མ་ཡིན་ཏེ། བདེན་གྲུབ་མེད་པར་ངོས་ཟིན་ལ་དགག་མི་དགོས་ཏེ་རི་རྭ་བཞིན་ནོ། །བདེན་འཛིན་ཅན་གྱི་ངོར་དགོས་ཟེར་ན། བདེན་སྐྱེ་མ་སྦྱར་ཡང་། མཐའ་བཞི་སྐྱེ་འགོག་གི་རིགས་པས་སྐྱེ་བ་མེད་པར་གྲུབ་པ་དེས་བདེན་སྐྱེ་མེད་པར་འགྱུར་བས་དེ་དང་པོ་ནས་སྦྱར་ཅི་དགོས། བདེན་པའི་སྐྱེ་བ་ཞེས་ཁྱད་པར་སྦྱར་བ། མཐའ་བཞི་སྐྱེ་འགོག་གིས་དགག་བྱའི་སྐྱེ་བ་དེ། བདེན་གྲུབ་ཀྱི་སྐྱེ་བ་བཀག་པ་ཡིན་གྱི་ཐ་སྙད་ཀྱི་སྐྱེ་བ་རང་མཚན་པ་མི་འགོག་པའི་དོན་ཡིན་གྱི་དེ་འགོག་ན་ཁྱད་པར་སྦྱར་མི་དགོས་མོད། ཐ་སྙད་ཀྱི་སྐྱེ་བ་རང་མཚན་བཀག་ན་སྐྱེ་བ་ཐ་སྙད་དུ་ཁེགས་ཏེ། དེ་མིན་པའི་འཇིག་རྟེན་ཐ་སྙད་ཀྱི་སྐྱེ་བ་མེད་དོ་སྙམ་དུ་རང་རྒྱུད་པས་བསམ་པའོ། །བདེན་སྐྱེ་མཐའ་བཞིས་ཁེགས་སུ་ཆུག་མོད། ཐ་སྙད་ཀྱི་སྐྱེ་བ་རང་མཚན་པས་དཔྱད་ན་མཐའ་བཞི་གང་རུང་གི་ཚུལ་དུ་ཡོད་པ་གང་ཡིན་དྲིས་པས། གཞན་སྐྱེར་འདོད་དོ། །དེ་གཞན་སྐྱེ་འགོག་པའི་རིགས་པས་ཅི་ལ་མི་འགོག་སྟེ་འགོག་པས་དེའི་ཚུལ་འཇུག་པར་བཤད་པ་ཡིན། བུམ་སོགས་ཀྱི་ངོ་བོ་ལའང་དེ་དང་འདྲ་སྟེ། བུམ་པ་རང་མཚན་པ་མི་རྙེད་པ་གོང་བཞིན་ནོ། །དེས་ན་ཁྱད་པར་སྦྱར་བ་རྣམ་པ་ཀུན་ཏུ་དོན་མེད་པར་འཇུག་པར་བཤད་དོ། །མདོར་ན་དོན་དཔྱོད་ཀྱིས་སྐྱེ་བ་རང་མཚན་པར་དམིགས་སུ་མེད་དེ་མ་རྙེད་པ་ཡིན་ནོ། །དེའི་ཕྱིར་ཐ་སྙད་དུ་སྐྱེ་བ་ལྟར་མངོན་སུམ་པ་འདི་བདེན་པའི་སྐྱེ་བ་མེད་པ་ཞེས་ཐ་སྙད་བྱས་ཀྱང་རུང་སྟེ། བུམ་སོགས་ཀུན་ལ་དེ་འདྲའོ། །དེ་ལྟ་ན་ཐ་སྙད་ཀྱི་བུམ་སོགས་སྐྱེ་སོགས་དོན་དཔྱོད་ཀྱིས་མ་བཀག་ལ། བདེན་གྲུབ་བཀག་པ་ཅི་སྟེ་མིན། འདི་ནི་དོན་དམ་དཔྱོད་པས་དཔྱད་པའི་ལག་རྗེས་ལ་ཐ་སྙད་འདི་ལ་བདེན་མེད་ཀྱི་སྐྱེ་བ་བདེན་སྐྱེ་མེད་པ་ཞེས་སྦྱར་བ་ཡིན་ཏེ་ཐ་སྙད་དུའོ། ། དོན་དམ་དཔྱོད་པའི་ཚེ་ན་བདེན་པའི་ཁྱད་པར་སྦྱར་ཏེ་མི་དགག་སྟེ། བདེན་པའི་ཁྱད་པར་སྦྱར་བའི་བསྒྲུབ་བྱ་དང་། བདེན་གྲུབ་ཀྱི་ཆོས་ཅན་གཞི་མ་གྲུབ་པས་དེ་དགག་མི་དགོས་སོ། །དེའི་ཕྱིར་འདི་འདྲའི་ཐ་སྙད་ཐམས་ཅད་བདེན་གཉིས་སོ་སོའི་སྐབས་ཀྱི་ཤན་འབྱེད་མ་བྱས་ན་ཕན་ཚུན་ཤན་ཤོར་ནས་ཚིག་གིས་རང་རྨོང་སྟེ། སྲིན་བུ་རང་གི་ཁ་ཆུས་འཆིང་བ་ལྟར་ཅིར་ཡང་ངོས་མི་ཟིན་པར་འགྱུར་རོ། །དེའི་ཕྱིར་བདེན་ཡུལ་མེད་པའི་འཛིན་སྟངས་འདི་འདྲ་རྗེས་ཐོབ་ཀྱི་ངེས་ངོའི་ཁས་ལེན་ཡིན་གྱི། མཉམ་བཞག་མི་རྟོག་ཡེ་ཤེས་ཀྱི་ངོའི་དབང་དུ་མིན། དེས་ཅིར་ཡང་དམིགས་པ་མེད་དོ། ། དེའི་ཕྱིར་བདེན་མེད་ཡིན་པ་ཙམ་གནས་ལུགས་ཡིན་ཡང་། མཐར་ཐུག་མིན་ཏེ་སྤྲོས་པ་དང་བཅས་པའི་ཕྱིར། སྤྲོས་བྲལ་དང་དམིགས་མེད་གནས་ལུགས་མཐར་ཐུག་ཡིན། བདེན་མེད་དང་སྤྲོས་བྲལ་མི་འགལ་ཏེ། སྤྲོས་པ་བྲལ་བའི་ཕྱོགས་གཅིག་ཡིན་པས་གནས་ལུགས་ཡིན་དོན་དེ་ཡིན། སྤྲོས་པ་མཐའ་དག་ཁེགས་པས་མཐར་ཐུག་ཡིན་དོན་དེ་ཡིན། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་ཕྱིར་ཅིར་ཡང་དམིགས་སུ་མེད་པ་ཁས་ལེན་ཀུན་བྲལ་དུ་ཡིད་ལ་བྱེད་པ་ནི་མཆོག་ཡིན། དེ་ཡང་ཚིག་ཙམ་གྱིས་མིན་པར་དོན་དཔྱོད་ཀྱིས་ངེས་པ་བསྐྱེད་དེ་བསྒོམ་པས་མཉམ་བཞག་གི་ཡེ་ཤེས་དྲངས་ནུས། བདེན་མེད་ཡིད་བྱེད་ཀྱིས་མི་ནུས་ཏེ་ཐ་སྙད་ཀྱི་སྤྲོས་པ་ཀུན་མི་ཁེགས་པའི་ཕྱིར་དང་། ཆགས་སྡང་གི་ཡུལ་གྱི་འཛིན་པ་མི་ལྡོག་པའི་ཕྱིར་རོ། ། ༈ མདོར་བསྡུ་ན་དོན་དམ་དཔྱོད་པའི་རིགས་པས་དགག་བྱ་ཆོས་ཀྱི་བདག་དང་གང་ཟག་གི་བདག་གཉིས་ཀ་ཡིན་གྱི། ཆོས་དང་གང་ཟག་ཙམ་མ་ཡིན་ཏེ། དེ་དོན་དམ་རིགས་པའི་དགག་བྱ་ཡིན་ན་བདག་གཉིས་བཞིན་དུ་མེད་པར་ཁས་ལེན་དགོས་པས། བདག་གཉིས་དགག་བྱར་ཁས་ལེན་དགོས་པ་དེའི་ཕྱིར། ངོ་བོ་ཉིད་གྲུབ་དང་། རང་བཞིན་གྱིས་གྲུབ་པ་དང་། བདེན་གྲུབ་དགག་བྱ་ཡིན་གྱི་ཐ་སྙད་དགག་བྱ་མ་ཡིན་པར་ཁས་ལེན་དེ་ལྟར་ངེས་པར་ཡིན་ཏེ། འོན་ཀྱང་འདི་འདྲའི་རྣམ་བཞག་དེ་བདེན་གཉིས་སོ་སོའི་དབང་དུ་མ་བྱས་པར། དོན་དཔྱོད་ཁོ་ནའི་དབང་དུ་བྱས་ཏེ་དགག་རྒྱུ་མི་དགག་རྒྱུ་གཉིས་བྱས་ན། སྟོང་ཉིད་ཀྱི་དོན་ཇི་བཞིན་གཏན་ལ་མི་ཕེབས་པའི་ཕྱིར། ཐ་སྙད་ཀྱི་ཆོས་རྣམས་དོན་དཔྱོད་ཀྱིས་སྟོང་ཉིད་དུ་བསྒྲུབ་བྱ་དངོས་ཡིན་ལ། དེ་ཇི་ལྟར་སྟོང་པ་ཉིད་དུ་འགྲུབ་ན། དཔྱད་བྱ་དེ་དང་དེའི་ངོ་བོ་ཉིད་མ་དམིགས་པར་མ་བསྒྲུབ་པར་རང་གི་ངོ་བོས་སྟོང་བ་མི་འགྲུབ། འདིའི་དུས་བདེན་གྲུབ་སོགས་ཀྱི་ཁྱད་པར་སྦྱར་ཚུལ་ལྟར། དོན་དཔྱོད་ཀྱི་ངོར་དགག་རྒྱུ་མི་དགག་རྒྱུའི་ཐ་སྙད་ཀྱི་ངོ་བོ་གཉིས་ཡོད་མི་སྲིད་པས་དེའི་ངོ་བོ་མ་དམིགས་པར་དགག་དགོས་ཏེ། དེ་ལྟར་མ་བཀག་ན་སྟོང་པ་ཉིད་མི་འགྲུབ་བོ། །ངོ་བོ་ཉིད་མ་དམིགས་ཀྱང་ཐ་སྙད་བཀག་པར་མི་འགྱུར་ཏེ། ངོ་བོ་ཉིད་མ་དམིགས་པ་དེ་དོན་དམ་པར་བཀག་པ་ཡིན་པས། དོན་ལ་བདེན་གྲུབ་དང་བདག་གཉིས་བཀག་ཚུལ་དེ་ལྟར་ཡིན། ཆོས་དང་གང་ཟག་མི་འགོག་པ་དང་ཐ་སྙད་མི་འགོག་པ་ནི་དེ་དག་དོན་དམ་དཔྱོད་ངོར་མི་འགོག་པ་མ་ཡིན་ཏེ། དེ་དག་དོན་དམ་པར་དམིགས་ན་བདག་གཉིས་ཀྱང་མི་ཁེགས་སོ། །དེ་དག་དོན་དམ་པར་མ་དམིགས་པས་ཆོས་དང་གང་ཟག་གི་བདག་གམ་ངོ་བོ་ཉིད་དུ་གྲུབ་པའམ་བདེན་གྲུབ་མེད་པའི་ཐ་སྙད་འདི་དོན་མཐུན་དུ་གྲུབ་པ་ཡིན་ལ། དེའི་ཕྱིར་དོན་དམ་པར་མ་དམིགས་ཀྱང་། ཐ་སྙད་དུ་དམིགས་པ་འགོག་མི་སྲིད་དེ། ཐ་སྙད་དུ་ཡོད་ཚད་ངོ་བོས་མི་སྟོང་པ་མི་སྲིད་ལ། ངོ་བོས་སྟོང་ཚད་ཐ་སྙད་དུ་ཡོད་པས་ཁྱབ་པས། དོན་དཔྱོད་ཀྱི་བདག་གཉིས་གཏན་ཁེགས་སུ་སོང་ཡང་། ཐ་སྙད་གཏན་ཁེགས་སུ་མ་སོང་བ་ནི། དོན་དཔྱོད་ཀྱི་ཡོད་པས་མ་ཡིན་ཀྱང་། དེའི་ངོར་མེད་ཀྱང་ཐ་སྙད་དུ་ཡོད་པ་མི་འགོག་པ་ཆོས་ཉིད་ཡིན་ནོ། །དེའི་ཕྱིར་དོན་དཔྱོད་ཀྱིས་དཔྱད་བཞིན་པའི་སྐབས་སུ་ཐ་སྙད་ཀྱི་ཆོས་དེ་མི་དམིགས་པའམ། མ་རྙེད་པ་འབའ་ཞིག་ལས། དགག་རྒྱུ་ཞིག་ལོགས་སུ་ཕྱེ་མི་དགོས་ཏེ། ཐ་སྙད་ཀྱི་ཆོས་དེ་ལས་ལོགས་སུ་དགག་རྒྱུ་ཅི་ཡང་མེད་དོ། །དེས་ཐ་སྙད་དཔྱོད་བྱེད་ཀྱི་ངོར་མི་སྣང་བ་ནི་དེའི་དུས་སུ་ཅུང་ཟད་ཀྱང་བསྒྲུབ་པ་མེད་དེ། དོན་དཔྱོད་ཀྱིས་མ་དམིགས་པའི་སྟོང་པ་དང་། རྟེན་འབྱུང་གི་སྣང་བ་ཐ་སྙད་ཀྱི་ཆོས་གཉིས་སྣང་སྟོང་འགལ་མེད་ཡིན་པ་དངོས་སྟོབས་ཀྱིས་འགྲུབ་པ་ཡིན་པས་གནད་གལ་པོ་ཆེ་འདི་ཤེས་ན། ཐ་སྙད་ཀྱི་འཇོག་ཚུལ་ཡང་འགལ་མེད་དུ་གོ་བ་དང་། སྟོང་རྟེན་འབྱུང་གི་དོན་ལ་ངེས་པ་མྱུར་དུ་འདྲེན་པ་འབྱུང་གི གཞན་དུ་དོན་འགྲིག་ན་ཐ་སྙད་ཀྱི་རྣམ་བཞག་མི་འགྲིག ཐ་སྙད་ཀྱི་རྣམ་བཞག་འགྲིག་ཀྱང་དོན་མི་འགྲིག་པ་ལྟ་བུའི་ཕན་ཚུན་ཤན་གྱི་དབང་གིས་དཔྱད་ལུགས་མ་ཤེས་པས་མི་བདེ་བ་དུ་མ་འབྱུང་སྟེ། ཐ་སྙད་ཀྱི་ཆོས་རྣམས་དོན་དཔྱོད་ཀྱིས་བཀག་པ་ལྟར་དེ་དེའི་ངོ་བོ་ཉིད་མེད་པར་བསྒྲུབ་ན། ཐ་སྙད་བཀག་དོགས་ཀྱིས་བདེན་གྲུབ་སོགས་ཀྱི་ཁྱད་པར་མ་སྦྱར་ན་མི་བདེ་བ་ལྟ་བུ་དང་། ཐ་སྙད་རྣམས་མི་དགག་པར་དགག་རྒྱུ་བདེན་གྲུབ་ཀྱི་ཁྱད་པར་མ་སྦྱར་བ་གཞན་ཞིག་དེར་བཙལ་ན། དངོས་ཞེན་གྱི་ཡུལ་རང་མཚན་པའི་ཐ་སྙད་རྣམས་ལ་དེར་ཞེན་མི་འགོག་པར་དངོས་ཞེན་གྱི་ཡུལ་གཞན་འདི་ཡིན་དེ་ཡིན་མེད་པ་གཅིག་བཀག་པ་ལྟ་བུར་བསམ་ནས་སྟོང་ཉིད་ཀྱི་གོ་དོན་བདེ་བླག་ཏུ་མི་འཆར་ཡང་། ཐ་སྙད་བཀག་ན་མི་རུང་བ་དང་། བདག་གཉིས་དགག་བྱ་ཡིན་གྱི། ཆོས་དང་གང་ཟག་བཀག་པ་མིན་པར་ལུང་རིགས་ཀྱིས་གྲུབ་པས་ཐ་སྙད་ཀྱི་ངོ་བོ་ཉིད་བཀག་པར་ཁས་ལེན་མི་ནུས་པས་དེ་འདྲའི་སྟོང་ཉིད་གཏན་ལ་ཕབ་པ་དེ་བསྒོམ་ན་རང་རྒྱུད་ལ་དངོས་ཞེན་ཟློག་པའི་ཉམས་ལ་མི་ཕན་པ་ཞིག་འབྱུང་བ་འདི། དགག་བྱ་བདེན་གྲུབ་ཡིན་ཀྱང་། ཐ་སྙད་ཀྱི་ངོ་བོ་ཉིད་བློ་ཡི་ཡུལ་འདི་མ་ཁེགས་བར་དུ་བདེན་མེད་མི་འགྲུབ་ལ། དེ་གྲུབ་ན་བདེན་གྲུབ་ཁེགས་པ་ཡིན་པར་གོ་ནས། ལུགས་དེ་གཉིས་བརྗོད་ཚུལ་ལ་མི་འདྲ་བ་ཡོད་ཀྱང་། མཐར་གནད་གཅིག་ཏུ་འབབ་པ་ཞིག་གོ་དགོས་སོ། །འདི་གལ་ཆེ། ཚིག་འཁྲི་དོན་ཆུང་ལ། ཐ་སྙད་དུ་ཡོད་པའི་བུམ་པ་ཉིད་དགག་ནས་ལྷག་མ་ཅུང་ཟད་ལུས་པ་མེད་ན་ཐ་སྙད་དེ་མིན་པ་ཞིག་ཇི་ལྟར་ཡོད་སྙམ་ན། མེད་མོད། དེ་དོན་དམ་དཔྱོད་བྱེད་ཀྱིས་ཞེས་པའི་དོན་དམ་པའི་ཚིག་གི་ཁྱད་པར་སྦྱར་བས། ཐ་སྙད་དཔྱོད་བྱེད་མི་ཁེགས་པ་གསལ། དོན་དམ་དཔྱོད་བྱེད་ཀྱིས་དཔྱད་བཟོད་དུ་མེད་པ་ཞེས། དཔྱད་བཟོད་པ་ཁེགས་པས་དཔྱད་མི་བཟོད་པ་ཞིག་ཡོངས་གཅོད་དུ་གྲུབ་པ་ནི་རྗེས་ཀྱི་ཐ་སྙད་འདོགས་ཚུལ་ཡིན་གྱི། དོན་དཔྱོད་ཀྱི་ངོར་རྙེད་རྒྱུ་ཞིག་ཡོད་པ་ནི་མ་ཡིན་ནོ། །དེ་བཞིན་དོན་དམ་པར་མེད་ཅེས་དང་མ་དམིགས་ཞེས་བརྗོད་ཀྱང་། དོན་དམ་པ་ཞེས་པའི་ཚིག་གི་ཁྱད་པར་ལས། ཐ་སྙད་དུ་དམིགས་པ་དང་ཡོད་པ་བསྟན་ཏེ། དེ་ལྟར་མི་སྟོན་ན་དོན་དམ་པའི་ཁྱད་པར་སྦྱར་མི་དགོས་ཏེ། རི་བོང་གི་རྭ་མེད་པར་བརྗོད་པ་དང་། ཐག་པ་སྦྲུལ་མེད་པར་བརྗོད་པ་ལ། དོན་དམ་དང་བདེན་གྲུབ་ཀྱི་ཁྱད་པར་མི་སྦྱར་ཏེ། སྦྱར་ན་ཐ་སྙད་དུ་ཡོད་པ་གོ་བ་ལྟ་བུ་ཡིན་ནོ། །དོན་དམ་དཔྱོད་པ་གཞིར་བཞག་གི་སྟེང་ནས་དཔྱད་བྱ་དེའི་ངོ་བོ་ཡོད་མེད་དཔྱད་པས་ཆོག་གི་བདེན་གྲུབ་དང་དོན་དམ་པའི་ཁྱད་པར་སྦྱར་མི་དགོས་ལ། དེ་ལྟ་མིན་ན་ནམ་ཡང་མ་སྦྱར་བར་དགག་ཏུ་མེད་དོ། །དེས་ན་ཚིག་གི་སྤུ་རིས་མང་པོ་སྣ་ཚོགས་ཞིབ་ཏུ་མ་བསམ་ན་འབྱེད་དཀའ་ཞིང་། ཚིག་གི་ཤན་གྱི་དོན་གོ་ཚུལ་སྣ་ཚོགས་འབྱུང་བའི་ཐ་སྙད་ཁས་ལེན་ཚུལ་དུ་མ་ཞིག་བྱུང་བ་ཡིན་ཡང་། བློ་གྲོས་གྱིས་ཞིབ་པར་ཤན་འབྱེད་ནུས་ན་གོ་རྒྱུ་ལེགས་སོ། །མ་ནུས་ན་ཁས་ལེན་རྣམས་རེས་བདེ་འདྲ། རེས་མི་བདེ་འདྲ་བ་སྣ་ཚོགས་ཀྱི་ངང་ནས་དགག་སྒྲུབ་ལ་མི་ཚེ་ཟད་ཀྱང་མཐར་ཕྱིན་པའི་ངེས་པ་སྐྱེ་དཀའ་བས། ཚིག་ལ་མི་རྟོན་དོན་ལ་རྟོན་པའི་སྒོ་ནས་གསུང་རབ་ཀྱི་དགོངས་པ་འཚོལ་ཚུལ་ཤེས་ན་ཐེ་ཚོམ་ཐམས་ཅད་ཆོད་ནས་བློ་བདེ་བར་འགྱུར་རོ། །མངྒ་ལཾ། ། ༈ ཐ་སྙད་ཚད་སྒྲུབ། ན་མོ་མཉྫུ་ཤྲཱི་ཡེ། རྟོག་པས་བཏགས་ཙམ་ནི་མིང་རྐྱང་བཏགས་ཡོད་ཙམ་དུ་དོན་དམ་དཔྱོད་པས་དཔྱད་པའི་ལག་རྗེས་ལ་གྲུབ་པ་ཡིན་གྱི། མིང་རྐྱང་བཏགས་ཡོད་ཙམ་ལས་ཆོས་རང་གི་ངོ་བོ་ཉིད་མེད་པ་ལ། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས། ཡིན་མིན་ཡོད་མེད་དུ་སྒྲུབ་བྱ་མིན་ཏེ། ཀ་བ་སོགས་ཀྱི་ངོ་བོ་མ་དམིགས་པ་ལ། ཐ་སྙད་དཔྱོད་པའི་མངོན་རྗེས་ཀྱིས་ཐ་སྙད་ཇི་ལྟར་སྒྲུབ། རྟོག་པས་བཏགས་པ་ཙམ་ལས་ཐ་སྙད་ངོ་བོ་མེད་ན། སྨན་ལ་དུག་དང་། མི་དགེ་བ་ལ་དགེ་བར་རྟོག་པས་བཏགས་ན་དེ་དེར་འགྱུར་བར་ཐལ། རྟོག་པས་བཏགས་པ་ཙམ་གྱི་ཐ་སྙད་གྲུབ་ཀྱི་ཆོས་རང་གི་ངོ་བོ་མེད་པར་འདོད་པའི་ཕྱིར། འདོད་མི་ནུས་ལ། གལ་ཏེ་སྨན་ལ་དུག་ཏུ་བཟུང་བ་འཁྲུལ་ཤེས་ཡིན་ནོ་སྙམ་ན། འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ་འཇིག་རྟེན་པའི་གནོད་མེད་ཀྱི་ཤེས་པས་བཟུང་བ་ཡིན་མིན་ཡིན་གྱི། རྟོག་པས་བཏགས་ཙམ་གྱི་ཐ་སྙད་འཇོག་མི་ཐུབ་པ་དེར་གསལ། གཞན་ཡང་ཐ་སྙད་ཚད་སྒྲུབ་ནི། སྒྲུབ་བྱེད་དབང་པོ་སོགས་ཀྱི་མངོན་སུམ་དང་། འབྲས་རང་མ་དམིགས་པའི་རྗེས་དཔག་ཚད་མས་གཞལ་དགོས་ལ། དེས་གཞལ་བྱའི་ཡུལ་གྱི་ངོ་བོ་ཐ་སྙད་དུ་ཡོད་དགོས་ཀྱི། རྟོག་པས་གང་བཏགས་ཐ་སྙད་ཚད་མས་འགྲུབ་མི་ནུས་སོ། །འགྲུབ་ན་དུག་ལ་སྨན་དུ་བཏགས་པ་སོགས་གང་དྲན་དྲན་ཐམས་ཅད་ཚད་མས་གྲུབ་པའམ། ཡང་ན་ཆོས་གཅིག་ཀྱང་ཐ་སྙད་མི་འགྲུབ་བོ། །དེས་ན་དོན་དམ་པར་ཆོས་གང་ཡང་རང་གི་ངོ་བོ་ཉིད་མི་དམིགས་པས་ཆོས་འདི་དང་འདི་ཞེས་བཟུང་བ་ཐམས་ཅད་རྟོག་བཏགས་ཙམ་དུ་གྲུབ་ཀྱང་། ཐ་སྙད་དུ་ད་ལྟ་ཡང་དག་པའི་རྟེན་འབྱུང་གི་དབང་ལས་གནོད་མེད་ཀྱི་དབང་པོའི་ཡུལ་དུ་སྣང་བའི་ངོ་བོ་ཀ་བ་སོགས་བསྙོན་མེད་དུ་ཡོད་པ་དེ་ལ་ཚད་མས་གྲུབ་མ་གྲུབ་དཔྱད་པར་བྱ་བ་ཡིན་ནོ། །ཕྱོགས་འདི་ན་ཀ་བ་ཡོད་མེད་དུ་སྒྲུབ་པའང་ཀ་བའི་ངོ་བོ་གནོད་མེད་ཀྱི་དབང་པོས་དམིགས་མ་དམིགས་ཀྱིས་མངོན་སུམ་ཚད་མས་གྲུབ་པ་ལ་སུས་བསྙོན་ནུས། དེ་ཁས་མ་བླང་ན་ཐ་སྙད་ཚད་གྲུབ་ཀྱི་རྣམ་བཞག་ཐམས་ཅད་ལ་བསྙོན་འདིང་བར་འགྱུར་རོ། །དེས་ཐ་སྙད་ཚད་གྲུབ་ཀྱི་གོ་ཆོད་ཀྱི་དེ་ལས་ལྷག་པ་ཅི་ཡང་འཇིག་རྟེན་དང་བསྟན་བཅོས་གཉིས་ཀ་ལ་མི་དགོས་ཀྱང་། དེས་གོ་མི་ཆོད་པར་རྟོག་བཏགས་ཙམ་ལས་ཐ་སྙད་ཀྱི་ངོ་བོ་མེད་པས་ཀུན་རྫོབ་ཀྱི་གོ་ཆོད་ན། རྟོག་པས་བཏགས་ཚད་ཚད་གྲུབ་ཏུ་འགྱུར་བའམ། ཡང་ན་ཚད་གྲུབ་གང་ཡང་མེད་པ་གང་རུང་ལས་འོས་མེད་དོ། །སྤྲོ་གཞི་ཙམ་ལྕགས་ཕག་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ལའོ། །པར་སིག་པས་ཕ་མ་རྒས་པ་བསད་ན་དགེ་བ་ཡིན་པར་རྟོག་པས་བཏགས་ཀྱང་དེ་དགེ་བར་མི་འགྱུར་ཏེ། མ་བསད་པ་ཐ་སྙད་དུ་མི་དགེ་བའི་ངོ་བོ་ཡིན་གྱི། དགེ་བའི་ངོ་བོ་མེད་ན་དེ་ལྟར་ག་ལ་འགྱུར། དེ་བཞིན་གསོད་སེམས་མེད་པར་མེ་བུས་པར་སྲོག་ཆགས་ལྕེབ་པ་སོགས་ལ་སྡིག་པ་མེད་པར་སངས་རྒྱས་གསུངས། གཅེར་བུ་པས་སྡིག་པ་ཡོད་པར་བཏགས་ཀྱང་དེ་དགེ་མི་དགེ་ཅི་ཡིན། ཐ་སྙད་དུ་ས་བོན་ལ་མྱུ་གུ་བསྐྱེད་པའི་ནུས་པ་རང་ཆས་སུ་གྲུབ་ཀྱི། མྱུ་གུ་བསྐྱེད་པ་རྟོག་པས་བཏགས་པ་ཙམ་ལས་ངོ་བོ་ཉིད་ཀྱིས་མི་སྐྱེད་པ་ག་ལ་ཡིན། དོན་དམ་པར་ངོ་བོ་དམིགས་སུ་མེད་པ་ཡིན་པ་གཞིར་བཞག །དེ་ཚེ་ཐ་སྙད་དུ་མྱུ་གུ་ལྟ་བུ་ལ། དེའི་རྒྱུ་འབྲས་ངོ་བོ་ཉིད་གསུམ་ཀ་ཐ་སྙད་དཔྱོད་པའི་ཚད་མས་བཞག་ཏུ་ཡོད་ཅིང་། སངས་རྒྱས་ཀྱིས་ཀྱང་ཐ་སྙད་ཀྱི་ཆོས་རྣམས་ཀྱི་རྒྱུ་འབྲས་ངོ་བོ་ཉིད་གསུམ་མཁྱེན་དུ་ཡོད་ཀྱི། ངོ་བོ་མེད་ན་ཐ་སྙད་དུ་ཇི་ལྟར་མཁྱེན། རྒྱུ་འབྲས་ངོ་བོ་ཉིད་གསུམ་བཞག་པའི་ཚད་མའང་། ལྟོས་པ་བྱ་བྱེད་ཆོས་ཉིད་ཀྱི་རིགས་པ་གསུམ་གྱིས་ཐ་སྙད་ཚད་མས་གྲུབ་པར་གསུངས་ན། ཐ་སྙད་རྟོག་པས་ཕར་བཏགས་དང་མིང་རྐྱང་བཏགས་ཡོད་ཙམ་ལས་ཐ་སྙད་ཀྱི་ངོ་བོ་མེད་ན། དེ་ལ་ཡིན་མིན་དང་ཡོད་མེད་ཇི་ལྟར་བྱ། རྟོག་པས་ཡིན་པར་བཏགས་ཚད་ཡིན་པར་འགྱུར་མི་སྲིད་དེ། དགེ་བ་སྡིག་པ་སོགས་ལ་བཞིན་ནོ། །རྟོག་པས་ཡོད་པར་བཏགས་པ་ཙམ་གྱིས་ཡོད་པར་མི་འགྱུར་ཏེ། དབང་ཕྱུག་འཇིག་རྟེན་གྱི་བྱེད་པ་པོ་བཞིན་ནོ། །རྟོག་པས་མེད་པར་བཏགས་ཚད་མེད་པ་མིན་ཏེ། རྒྱང་ཕན་པས་ཚེ་ཕྱི་མ་མེད་པར་བཏགས་པ་བཞིན་ནོ། །རྟོག་པས་མིན་པར་བཏགས་ཀྱང་སངས་རྒྱས་ཐམས་ཅད་མཁྱེན་པ་མིན་པར་མི་འགྱུར་བ་བཞིན་ནོ། །དེས་ན་དོན་དམ་སྤྲོས་མེད་ལ་གཉིས་ཆོས་དང་དགག་སྒྲུབ་ཀྱི་ཐ་སྙད་མེད་ཀྱང་། ཐ་སྙད་ཚད་མ་ལ། བསྒྲུབ་བྱ་ཐ་སྙད་དུ་ཇི་ལྟར་སྣང་བའི་ངོ་བོ་དེ་རྟོག་པས་ཕར་བཏགས་ཁོ་ན་མིན་པར། རྟེན་འབྱུང་གི་སྣང་བ་རང་ཉིད་སྣང་ཚུལ་བསླུ་མེད་ཀྱི་ངོ་བོ་ཡོད་པ་ཡིན་ཏེ། ཐ་སྙད་སྣང་ལུགས་ཀྱི་ངོས་ནས་གཞལ་བའི་ཐ་སྙད་ཀྱི་ངོ་བོ་དེ་ལ་ཐ་སྙད་ཚད་མས་གྲུབ་པ་འཇུག་གི ཐ་སྙད་ཀྱི་ངོ་བོ་མེད་ན་ཐ་སྙད་ཚད་མས་ཅི་ཞིག་འགྲུབ་ཅིང་ཅི་ཞིག་དགག དེས་ན་ཐ་སྙད་ཚད་གྲུབ་ནི་དོན་དམ་པར་ཡོད་མེད་ཀྱི་དཔྱད་ར་མ་གཞུག་པར་ཇི་ལྟར་སྣང་བའི་སྣང་ཚུལ་ལ། རྒྱུ་འབྲས་ངོ་བོ་ཉིད་དཔྱད་པ་ཡིན་ནོ། ། ༈ དོན་དམ་དཔྱོད་བྱེད་ཀྱིས་དཔྱད་ན། དབང་ཕྱུག་བྱེད་པ་པོ་ཐ་སྙད་དུ་མེད་པ་དང་། བུམ་པ་ཐ་སྙད་དུ་ཡོད་པ་གཉིས་ཀ་རྟོག་པས་དེ་དང་དེར་བཏགས་པ་ལས། རང་གི་ངོ་བོ་ཉིད་མི་རྙེད་པའམ་མེད་པར་མཚུངས་ཀྱང་། དོན་དམ་པར་མེད་པས་ཐ་སྙད་དུ་མེད་གོ་མི་ཆོད་དེ། འདིར་ཐ་སྙད་ཚད་གྲུབ་ཀྱི་སྐབས་ཡིན་པས། ཐ་སྙད་དུ་བུམ་སོགས་ཀྱི་ངོ་བོ་ཇི་ལྟར་མེད། མེད་ན་ཐ་སྙད་ཐམས་ཅད་ལ་སྐར་བ་འདེབས་པའི་ཆད་ལྟར་འགྱུར་ཏེ། ཐ་སྙད་དུ་ཡོད་མེད་ཡིན་མིན་གྱི་ཚད་གྲུབ་ཅུང་ཟད་བཞག་ཏུ་མེད་པར་འགྱུར་རོ། །ཐ་སྙད་དུ་ངོ་བོ་མེད་ཀྱང་རྟོག་པས་བཏགས་པ་ཙམ་གྱི་ཚད་མར་གྲུབ་ན། སངས་རྒྱས་པ་དང་ཕྱི་རོལ་པའི་གྲུབ་མཐའ་ལ་བདེན་རྫུན་མེད་པར་འགྱུར་རོ། །དགེ་སྡིག་རྒྱུ་འབྲས་བཟང་ངན་བླང་དོར་ཐམས་ཅད་འཆོལ་བས་ལུགས་འདིར་ཐ་སྙད་ཚད་གྲུབ་གཏན་མེད་དོ། །དེས་ན་ཐ་སྙད་དུ་རྟོག་པས་བཏགས་པ་དོན་མཐུན་ཚད་གྲུབ་དང་། དོན་མི་མཐུན་ཚད་མས་མ་གྲུབ་པར་བྱེད་དགོས་ལ། དོན་མཐུན་མི་མཐུན་ནི་ཐ་སྙད་ཀྱི་དངོས་པོའི་ངོ་བོ་ཉིད་དང་མཐུན་མི་མཐུན་ལས་མ་བྱས་པར་འཇོག་ཚུལ་གཏན་མེད་པས། ཡུལ་ཅན་ཚད་མ་དང་ཚད་མིན་དུ་འཇོག་པ། ཐ་སྙད་ཀྱི་གནས་ཚུལ་དང་འཛིན་སྟངས་མཐུན་མི་མཐུན་གྱི་དབང་གིས་ཡིན་པས། ཡུལ་ཚད་མར་གྲུབ་མ་གྲུབ་མ་འཁྲུལ་པའི་ཤེས་པ་ཡིན་མིན་ལས་བཞག་དགོས་ཀྱི། ཐ་སྙད་ཐམས་ཅད་རྟོག་པས་ཕར་བཏགས་ཙམ་ལ་ཐ་སྙད་ཀྱི་ངོ་བོ་མེད་ལ། ཡུལ་ཅན་ཚད་མ་ཡིན་མིན་དང་། ཡུལ་ཚད་མས་གྲུབ་མ་གྲུབ་ཇི་ལྟར་བཞག་སོམས་ཤིག དེས་ན་གནོད་མེད་ཀྱི་དབང་པོ་ལ་སྣང་བའི་དབང་གིས་ཐ་སྙད་འཇོག་གི དེ་ལས་འདས་ན་ཐ་སྙད་ཚད་གྲུབ་འཇོག་མི་སྲིད་དོ། །ཧ་ཧ། ཐ་སྙད་དུ་རྟོག་པས་གདགས་གཞི་མེད་པར་ཕར་བཏགས་ཙམ་ཡིན་ན། རི་བོང་རྭ་ལྟར་ཐམས་ཅད་མེད་པས་ཚད་གྲུབ་ཇི་ལྟར་ཡོད། གདགས་གཞི་རྟེན་འབྱུང་གི་སྣང་བ་ཡོད་ན་དེ་ཐ་སྙད་པའི་ཆོས་ཀྱི་ངོ་བོ་ཡིན་པས་ཕར་བཏགས་ཙམ་མིན་ནོ། །གཞན་ཡང་རྟོག་པས་ཕར་བཏགས་ཙམ་གྱིས་ཐ་སྙད་གྲུབ་པས་གོ་ཆོད་ན། དུག་ལ་སྨན། དགེ་ལ་སྡིག་པ། མེ་ལ་ཆུ་སོགས་ཐམས་ཅད་ཐམས་ཅད་དུ་ཐལ་བས། ཚད་མ་ཚད་མིན་མེད། དེ་ལྟར་མི་འགྱུར་ན་རྟོག་པས་བཏགས་ཙམ་གྱིས་ཐ་སྙད་ཀྱིས་གོ་མི་ཆོད་ལ། དབང་པོ་གནོད་མེད་ལ་སྣང་བའི་ཡུལ་གྱི་ངོ་བོ་ཡོད་པར་ཐ་སྙད་ཁས་ལེན་དགོས་སོ། །གཞན་ཡང་། ཀུན་རྫོབ་ཀྱི་ཆོས་རྣམས་རྟོག་པས་ཕར་བཏགས་ལས་དོན་རང་གི་ངོ་བོ་མེད་ཟེར་བ་དང་། བུམ་པ་རྟོག་པས་བཏགས་ཙམ་ལས་རང་གི་ངོ་བོ་མེད་ཟེར་བ་དང་། བུམ་པ་བུམ་པས་མི་སྟོང་ཞེས་བུམ་སོགས་ཀུན་རྫོབ་ཀྱི་ཆོས་རྣམས་རང་གི་ངོ་བོས་མི་སྟོང་། བདེན་གྲུབ་གཞན་གྱིས་སྟོང་ཟེར་བ་འདི་གཉིས་དངོས་སུ་འགལ་ཏེ། བུམ་སོགས་རང་ངོས་ནས་མི་སྟོང་བའི་ངོ་བོ་ཉིད་དེ་ཐ་སྙད་ཀྱི་ངོ་བོ་ཡིན་པས། དེ་ཡོད་བཞིན་རྟོག་པས་ཕར་བཏགས་ཙམ་གྱིས་ཐ་སྙད་བཞག་ཅི་ལ་དགོས། ཀུན་རྫོབ་ལ་རྟོག་པས་ཕར་བཏགས་ལས་དོན་གྱི་ངོ་བོ་མེད་ན། བུམ་སོགས་རང་གི་ངོ་བོ་ཅིས་མི་སྟོང་། ༈ བུམ་སོགས་ཆོས་ཅན། རང་ངོས་ནས་སྟོང་པར་ཐལ། རྟོག་པས་ཕར་བཏགས་ཙམ་ལས་རང་གི་ངོ་བོ་མེད་པར་འདོད་པའི་ཕྱིར། ཞེས་དང་། ཡང་། བུམ་སོགས་རྟོག་པས་ཕར་བཏགས་པ་ཙམ་ལས་རང་གི་ངོ་བོ་མེད་པ་མ་ཡིན་པར་ཐལ། བུམ་པ་བུམ་པས་མི་སྟོང་པས་རང་གི་ངོ་བོ་མི་སྟོང་པའི་ཕྱིར། ཞེས་འཕེན་ནོ། །ཡང་ཡོད་པ་ལ་མི་རྟག་པས་ཁྱབ་པ་ནི། ཐ་སྙད་ཀྱི་ཆོས་གང་རང་མཚན་གྱི་ངོ་བོ་དོན་བྱེད་ནུས་པའི་ངོ་བོ་རང་རྐྱ་ཐུབ་པར་ཡོད་པ་ལ་རྫས་ཡོད་དང་དངོས་པོ་ཞེས་བྱ་སྟེ། དེས་ན་སྤྱིར་ངོ་བོ་ཡོད་མེད་གཉིས་ལས་དངོས་པོ་རྣམས་ཡོད་པ་དང་། དེ་ལས་ཟློག་སྟེ་དངོས་མེད་རྣམས་ནི་མེད་པའི་ཆོས་ཞེས་བྱ་སྟེ། དོན་གྱི་རང་གི་ངོས་ནས་ཡོད་མེད་འཇོག་ཚུལ་འདི་ཁོ་ནར་བཟུང་ན། ཡོད་པ་ལ་མི་རྟག་པས་ཁྱབ་སྟེ་དངོས་མེད་རྣམས་དོན་གྱི་ཡོད་པ་མིན་པས་སོ། །ཚུལ་བཞི་གཞུང་གི་དགོངས་པ་ཡིན་ལ། ས་པཎ་ཀྱིས། ཡོད་ལ་མི་རྟག་ཁྱབ་སོགས་དྲངས། ནམ་མཁའ་མེད་ཅེས་ཟེར་བའང་། དངོས་པོར་མེད་ཅེས་ཚུལ་འདིས་བཞག་པར་གོ་དགོས་སོ། །དེ་འདྲའི་རང་མཚན་དངོས་པོར་མེད་ཀྱང་བཏགས་པས་ཡོད་པ་རྣམས་དངོས་པོ་མིན་པས་བཏགས་པས་ཡོད་ཀྱང་མི་རྟག་པ་ཡིན་མི་དགོས་ཏེ། རང་གི་ངོ་བོ་དངོས་པོར་མེད་པའི་ཕྱིར། འོན་ཀྱང་ཐ་སྙད་བཏགས་ཡོད་ཀྱང་། སྤྱིར་ཡོད་པ་ཙམ་དུ་ཁས་ལེན་དགོས་པས། ཕྱིས་ཀྱི་མཁས་པ་དག་བྷ་བ་ཞེས་པ་ཡོད་པ་དངོས་པོའི་སྐད་དོད་ཐུན་མོང་བ་ཡིན་ལ། འདིར་དངོས་པོར་བྱས་ན་ལེགས་ཞེས་གསུངས། དེ་ཐ་སྙད་སྦྱར་བདེ་བ་ཡིན་ཀྱང་། གཉིས་ཀ་ཡོད་མེད་ཀྱི་འཛིན་མཚམས་སོ་སོའི་ལུགས་ལྟར་བྱས་ན་དོན་ལ་འགལ་བ་མེད། དངོས་པོའི་ཆ་ནས། དངོས་པོའི་ཆོས་སྒྲུབ་པ་ལས་བཏགས་པའི་ལྡན་མིན་འདུ་བྱེད་སོགས་དངོས་པོར་གཏོགས་པ་དང་། དངོས་པོ་དགག་པ་ལས་བཏགས་པའི་མེད་པ་བཞི་པོའི་ཐ་སྙད་ཡོད་ཀྱང་དོན་རང་གི་ངོ་བོ་མེད་དེ། དངོས་མེད་ཡིན། དངོས་མེད་ཀྱི་ཐ་སྙད་ནི་དངོས་པོ་མེད་པར་གོ་བའི་ཆེད་དེ། ཐོག་རེག་མེད་པར་ནམ་མཁའ་ཞེས་སོགས་བཞིན་ནོ་དགེ ༈ ཡང་ཉན་རང་ལ་སྟོང་ཉིད་རྟོགས་པ་མེད་པར་རང་ལམ་གྱི་འབྲས་བུ་མི་ཐོབ་ན། དབུ་མ་ནི་ཐེག་གསུམ་ཐུན་མོང་བའི་ལམ་ཡིན་གྱི། ཐེག་ཆེན་ཐུན་མིན་གྱི་ལམ་མིན་པར་ཐལ་ཞེས་དང་གཉུག་སེམས་སྟེང་གི་སྟོང་ཉིད་རྟོགས་ཀྱང་། སྙིང་རྗེ་དང་ཚོགས་བསགས་པས་མ་ཟིན་ན་ཉན་རང་གི་འབྲས་བུ་ཐོབ་པ་ཡོད་པར་ཐལ། ཞེས་སྨྲས་ན་ལན་ཅི་ཡོད། མཉམ་པ་ཉིད་རྟོགས་ན་སངས་རྒྱས་ཞེས་མཐར་ཐུག་ཐེག་གཅིག་སྒྲུབ་པའི་རིགས་པ་པད་དཀར་ལས་གསུངས་ཤིང་། ཀླུ་སྒྲུབ་ཡབ་སྲས་ཀྱིས་དེ་ལྟར་རིགས་པས་བསྒྲུབ་པ་ཡིན། ཉན་རང་གི་མཉམ་པ་ཉིད་རྟོགས་སམ་མ་རྟོགས། རྟོགས་ན་སངས་རྒྱས་སུ་འགྱུར་བར་ཐལ། མ་རྟོགས་ན་ཇི་ལྟར་མ་རྟོགས་པ་སྨྲོས་ཤིག བདེན་མེད་གནས་ལུགས་མཐར་ཐུག་ཡིན་ན་བདེན་སྟོང་རྟོགས་པས་མཉམ་པ་ཉིད་ཇི་ལྟར་རྟོགས་འདྲིའོ། ། ༈ བདེན་གཉིས་ཟུང་འཇུག་གི་ཆོས་ཉིད་མཉམ་པ་ཉིད་རྟོགས་ནས་ཉན་ཐོས་ཀྱི་འབྲས་བུ་མངོན་དུ་བྱེད་པ་ཨེ་ཡོད ། དབུ་མ་པ་ཁ་ཅིག་ཉན་ཐོས་སུ་འགྱུར། ཁ་ཅིག་རང་སངས་རྒྱས། ཁ་ཅིག་སངས་རྒྱས་སུ་འགྱུར་ན། ཤེར་ཕྱིན་ནི་སངས་རྒྱས་ཀྱི་ཡུམ་ཐུན་མོང་མིན་པ་མ་ཡིན་པར་ཐལ། དེ་ཁོ་ན་ཉིད་རྟོགས་པས་སངས་རྒྱས་འགྲུབ་ངེས་མིན་པར། སྙིང་རྗེ་དང་ཚོགས་བསོགས་སངས་རྒྱས་ཀྱི་རྒྱུ་ཐུན་མིན་དུ་འདོད་དགོས་སོ། །དོན་དམ་སེམས་བསྐྱེད་ཀྱི་ངོས་ནས་བཞག་པའི་ས་བཅུ་པོའི་བདུན་པོ་ཉན་རང་དང་ཐུན་མོང་དུ་ཐལ་ལོ། །དེ་ལྟ་ན་ས་བཅུ་པོ་བྱང་འཕགས་ཁོ་ནའི་ལམ་དུ་བཤད་པ་འགལ། ཚོགས་ཀྱིས་ཟིན་མ་ཟིན་ཡོད་ཟེར་ན། རྟོགས་པའི་སྒོ་ནས་མཉམ་པ་ཉིད་རྟོགས་ཀྱང་སངས་མི་རྒྱ་བ་ཡོད་པར་ཐལ། འདོད་ན་པད་དཀར་གྱི་ལུང་སོགས་དང་འགལ་ལོ། ། ༈ སྲིད་ཞི་མཉམ་ཉིད་རྟོགས་པའི་ཤེར་ཕྱིན་ནི་སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་འདས་སངས་རྒྱས་ཀྱི་རྒྱུ་ཐུན་མིན་ཡིན་ན། ཉན་རང་ལ་དེ་ཡོད་དམ་མེད། ཡོད་ན་དེ་དང་བྱང་འཕགས་ཀྱི་རྟོགས་པ་ལ་ཁྱད་ཡོད་ཚུལ་བཤད་དགོས་སོ། ། བྱང་སེམས་ས་དང་པོ་པས་དེ་ཁོ་ན་ཉིད་ཀྱི་ངོས་ནས་སྲིད་ཞི་མཉམ་ཉིད་རྟོགས་སམ་མ་རྟོགས། མ་རྟོགས་ན་སྟོང་ཉིད་བཅུ་དྲུག་ཇི་ལྟར་རྫོགས་ཏེ། འདུས་བྱས་མ་བྱས་འཁོར་བ་དང་མྱང་འདས་རང་བཞིན་མེད་པར་མ་རྟོགས་བར་དུ་སྟོང་ཉིད་བཅུ་དྲུག་མི་རྟོགས་སོ། །འདི་གལ་ཆེ། སྲིད་ཞི་མཉམ་ཉིད་རྟོགས་ཀྱང་ཞི་མཐའ་ཁོ་ནར་གཞོལ་ན་མཉམ་ཉིད་མ་རྟོགས་པ་མིན་ནམ། དེ་ལྟ་ན་མཉམ་ཉིད་རྟོགས་པས་སངས་རྒྱས་པའི་ཐེག་གཅིག་སྒྲུབ་པའི་རིགས་པ་རྣམས་མེད་པར་བཏང་ངོ་། །དེ་བཞིན་མཚན་མའི་རྣམ་པ་ཀུན་སྟོང་གཉུག་སེམས་འོད་གསལ་དང་། འགྱུར་མེད་བདེ་བ་རྟོགས་ཀྱང་ཉན་རང་གི་མཐར་ལྷུང་བ་སོགས་སུ་ཐལ་ལོ། །ཟུང་འཇུག་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ནི་ངོ་བོ་ཉིད་ཀྱིས་འཁོར་བ་མི་སྤང་། ཞི་མཐར་མི་གནས་པའི་ཕྲིན་ལས་ཅན་ཡིན་པས་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་དང་འདུ་འབྲལ་མེད་པ་ཡིན་གྱི། དེ་རྟོགས་ན་ཞི་མཐར་ལྷུང་བ་ག་ལ་སྲིད ། སྲིད་ན་ཐེག་ཆེན་འཕགས་པ་དང་། སྔགས་ཀྱི་འོད་གསལ་མངོན་དུ་བྱས་པའང་ཞི་མཐར་ལྷུང་སྲིད་དོ། །བདེན་སྟོང་རྟོགས་པས་སྲིད་མཐའ་འགོག་ན། ཟུང་འཇུག་རྟོགས་པས་ཆད་པ་ཞི་མཐའ་ཅིས་མི་ཁེགས། འཁོར་བ་རང་བཞིན་མེད་པར་རྟོགས་པས་འཁོར་བར་མི་ལྷུང་ན། མྱང་འདས་རང་བཞིན་མེད་པར་རྟོགས་པས་ཞི་བ་ཕྱོགས་གཅིག་པའི་མྱང་འདས་སུ་ག་ལ་ལྷུང་། ལྷུང་ན་སྲིད་མཐར་ལྷུང་བའང་མི་ཁེགས་ཏེ། སྲིད་དང་ཞི་བ་རང་བཞིན་མེད་པར་རྟོགས་ཀྱང་། ཞི་མཐར་ལྷུང་བ་བཞིན་འཁོར་བར་ལྷུང་བའང་སྲིད་དེ། རང་བཞིན་མེད་རྟོགས་ཀྱིས་སྲིད་ཞིའི་མཐའ་མི་ཁེགས་པར། སྙིང་རྗེ་ཁོ་ནས་ཞི་མཐའ་འགོགས་ན། འཁོར་བ་ལ་སྐྲག་ནས་སྐྱོ་ཡིད་མེད་ན། སྟོང་ཉིད་རྟོགས་ཀྱང་འཁོར་བ་ལ་ལྷུང་བ་སྲིད་དོ། །དེ་དག་སྲིད་ཞིའི་མཚན་མ་མི་དམིགས་པས་ན་སྙིང་རྗེ་མི་སྐྱེ་ན། འཁོར་བ་ལ་མཚན་མར་དམིགས་ནས་སྙིང་རྗེ་སྐྱེ་དགོས་པས། སྟོང་ཉིད་རྟོགས་ན་སྙིང་རྗེ་མི་སྐྱེ་བ་ཡིན་དགོས་ཀྱང་། སྟོང་ཉིད་རྟོགས་ན། བློ་གཞན་དོན་ལ་དགའ་བ་ཆོས་ཉིད་ཡིན་ཏེ། བྱང་འཕགས་རྣམས་ཆོས་ཉིད་ཀྱི་བདེན་པ་རྟོགས་ནས། རང་གི་ལུས་དང་ལོངས་སྤྱོད་ལ་མི་ཆགས་པར་གཞན་དོན་འབའ་ཞིག་གཉེར་བ་སོགས་ཕྱིན་དྲུག་ཡོངས་སུ་རྫོགས་པ་ས་དང་པོ་སོགས་ཀྱི་དེ་བཞིན་ཉིད་རྟོགས་པའི་མཐུས་འབྱུང་བ་ཡིན་ཏེ། རང་གི་རྟོགས་ཀྱང་དེ་ལྟར་མ་རྟོགས་པ་རྣམས་ལ་སྙིང་རྗེ་ངང་གིས་སྐྱེ་བ་ནི་བདེན་གཉིས་ཟུང་འཇུག་མཉམ་པ་ཉིད་རྟོགས་པའི་མཐུས་འབད་མེད་དུ་འབྱུང་བ་ཡིན་གྱི། གཞན་དོན་ཡལ་བར་འདོར་བ་ག་ལ་སྲིད། ༈ ཡང་། རྟོག་པས་བརྟགས་ཙམ་གྱི་ཚད་གྲུབ་བཞག་ན་འཇིག་རྟེན་པའི་ངོར་མི་འགྲུབ་སྟེ། འཇིག་རྟེན་པས་ཐ་སྙད་དུ་གདགས་པ་བུམ་པའི་ངོ་བོ་ཡོད་པ་འདོད་པས་སོ། ། དེས་ན་ཐལ་འགྱུར་བའི་གྲུབ་མཐའ་སྨྲ་བ་དང་འཇིག་རྟེན་ཀུན་ལ་རྟེན་འབྱུང་གི་སྣང་བ་བསླུ་མེད་ཀྱི་བུམ་སོགས་སྣང་བའི་སྣང་ཚུལ་འདི་ལ་ཁྱད་པར་ཅི་ཡང་མེད་པས། འདིའི་སྟེང་ནས་ཐ་སྙད་དུ་ཡོད་མེད་དང་ཡིན་མིན་ཚད་མས་སྒྲུབ་སྟེ། དགེ་སྡིག་ལས་འབྲས། བདེ་སྡུག་བཟང་ངན། བླང་དོར། ཆོས་ཆོས་མིན་སོགས་ཐམས་ཅད་བསྒྲུབ་ན། ཐུན་མོང་དུ་བསྒྲུབ་ནུས་པར་འགྱུར་བས། དོན་དམ་པར་གྲུབ་མ་གྲུབ་ཀྱི་དཔྱད་ར་མེད་པར་རྟེན་འབྱུང་གི་དབང་གིས་ཇི་ལྟར་སྣང་བའི་སྣང་ཚུལ་བསླུ་མེད་ཀྱི་ངོས་ནས་ཐ་སྙད་ཚད་གྲུབ་འཇོག་དགོས་སོ། །འདི་ཟླ་བས་བཞེད་པ་སྟེ། མེ་བུས་ཤ་ཚོས་སོགས་མ་བརྟགས་པར་འཇིག་རྟེན་ན་ཇི་ལྟར་གྲགས་པ་དང་མཐུན་པར་ཐ་སྙད་འཇོག་པར། འཇུག་པ་རང་འགྲེལ་དང་། རྩ་ཤེའི་འགྲེལ་པ་ཚིག་གསལ་ལས་གསུངས་པའི་ཕྱིར། དོན་དམ་པར་དཔྱད་ན་ཐ་སྙད་ཚད་མས་གྲུབ་མ་གྲུབ་ཐམས་ཅད་རྟོགས་པས་ཕར་བཏགས་ཙམ་ལས་དེ་ལྟར་མ་གྲུབ་པར་འགྲོ་ཡི། དོན་དམ་པར་ཚད་མས་གྲུབ་མ་གྲུབ་ཀྱི་ངོ་བོ་ཉིད་མེད་པར་འདོད་དེ། རང་འགྲེལ་ལས་ཉེ་བར་འཁོར་གྱིས་ཞུས་པ་ལུང་དྲངས་ནས་སྒྲུབ་པ་འདི་ངེས་པར་འགྲུབ་པ་ཡིན་པ་ཤན་འབྱེད་ན་ཐེ་ཚོམ་གྱི་སྨག་དྭངས་ཤིང་། བདེན་གཉིས་དཔྱོད་པའི་ཚད་མས་གྲུབ་ཚུལ་བདེ་བླག་ཏུ་ཤེས་ནུས་སོ། །དོན་དམ་དཔྱོད་པ་ལ་མ་ལྟོས་པར་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་རྟོགས་པས་ཕར་བཏགས་ཙམ་ལས་དོན་རང་གི་ངོ་བོ་མེད་པར་འགྲུབ་མི་ནུས་སོ། །མངྒ་ལཾ། ། ༈ ཡང་། རྟགས་ཆོས་དོན་གསུམ་ཐ་དད་དུ་སྣང་བའི་ཚིག་གི་འགྲོ་ལུགས་འདིས་གཞན་སྟོང་དུ་བསྒྲུབ་ན། མིང་གིས་བརྗོད་ཚད་ལ་རང་ཉིད་སྟོང་པའི་ཆོས་གཅིག་མི་སྲིད་དོ། །དེ་མེད་ན་རི་བོང་རྭ་སོགས་ཡོད་པར་འགྱུར་རོ། །དགག་བྱ་ཆོས་གཞན་གྱིས་སྟོང་གི ཆོས་ཐམས་ཅད་རང་གི་ངོ་བོས་མི་སྟོང་ན། མདོ་དང་འགལ་ཞིང་། དེ་ལ་གཅིག་དུ་བྲལ་སོགས་ཀྱི་རིགས་པ་མི་དགོས་ཏེ། ཆོས་ཐམས་ཅད་རང་ལས་གཞན་པའི་ཆོས་རྣམས་ཀྱིས་སྟོང་པ་ཡིན་ཏེ། གཞན་བསལ་བ་འབའ་ཞིག་ཡིན་ནོ། ། ༈ གནད་གོ་ཀུན་བསྡུས་ན། དངོས་སྨྲ་བ་དང་དབུ་མ་པ་གཉིས་མཐུན་སྣང་གི་བུམ་པ་འདི་བདེན་པར་གྲུབ་མ་གྲུབ་རྩོད་ཚེ། བུམ་པ་ཆོས་ཅན། བདེན་པར་མེད་དེ། དོན་དམ་དཔྱོད་པའི་ཚད་མས་མ་དམིགས་པའི་ཕྱིར་ཞེས་སོགས་འགོད་དེ། མཐུན་སྣང་གི་བུམ་པ་ཡོད་པ་འདི་མི་དགག དེ་དོན་དམ་པར་མེད་པའམ། བདེན་པར་མེད་པ་སྒྲུབ་པས། བུམ་པ་མི་བཀག་པར་ཆོས་ཅན་དུ་བཞག་ནས། དེ་ལ་སྒྲུབ་ཆོས། དོན་དམ་པར་མེད་པའམ། བདེན་གྲུབ་མེད་པ་བསྒྲུབ་དགོས་པ་ཡིན་པས། བུམ་པ་མི་དགག བདེན་གྲུབ་དགག་ཅེས་པ་ཚུལ་འདིའི་སྒོ་ནས། ཐ་སྙད་སྐྱོན་མེད་གནོད་མེད་དུ་གྲུབ་པ་ཡིན་ཀྱང་། ཚིག་འདིའི་རྗེས་སུ་བསམ་ནས། ཐ་སྙད་དུ་ཡོད་པའི་ཆོས་གཅིག་ཀྱང་དོན་དཔྱོད་ཀྱིས་དགག་བྱ་མིན་ལ། བདེན་གྲུབ་འབའ་ཞིག་དགག་བྱ་ཡིན་སྙམ་ནས་དགག་བྱ་ཡན་གར་བ་བཀག་པས་སྟོང་ཉིད་རྟོགས་སྙམ་པ་ལ་གོལ་ས་ཡོད་དེ། དངོས་སྨྲ་བ་དང་རྩོད་ཚེ་ཐ་སྙད་དེ་ལྟར་སྦྱོར་དགོས་ཀྱང་། དོན་དམ་པར་མེད་པ་དང་བདེན་གྲུབ་མེད་པ་ཅིའི་ཕྱིར་ཟེར་ན། གཅིག་དུ་བྲལ་སོགས་ཀྱི་རིགས་པས་མཐུན་པར་སྣང་བའི་བུམ་པ་མ་དམིགས་པའམ་མ་རྙེད་པ་འདིས་གྲུབ་པ་ལས་རྒྱུ་མཚན་གཞན་མི་སྲིད་པས། མཐུན་སྣང་དུ་གྲུབ་པའི་བུམ་པ་དོན་དཔྱོད་ཀྱིས་མ་བཀག་ན། དོན་དམ་པར་མེད་པ་དང་། བདེན་མེད་འགྲུབ་པའི་ཐབས་གཏན་མེད་དེ། མཐུན་སྣང་གི་བུམ་པ་ཉིད་དོན་དམ་པར་ཡོད་པ་དང་། བདེན་པར་གྲུབ་པར་འགྱུར་རོ། །དེས་ན་བདེན་གྲུབ་དགག་བྱ་ཡིན་ཟེར་བ་དེ་མཐུན་སྣང་གི་བུམ་པ་དོན་དཔྱོད་ཀྱིས་དཔྱད་བཟོད་དུ་གྲུབ་པ་མེད ་པ་དེ་ལས་གཞན་དུ་མེད་པས་བདེན་གྲུབ་ཐ་སྙད་དུ་མེད་ལ། བུམ་པ་ཐ་སྙད་དུ་ཡོད་པས་དེ་གཉིས་གཅིག་མིན་པས་དགག་བྱ་བདེན་གྲུབ་ཡིན་ཟེར་དགོས་ཀྱང་། བུམ་པ་ཐ་སྙད་དུ་ཡོད་པ་ནི་མཐུན་སྣང་དུ་གྲུབ་པ་འདི་ཡིན་ལ། བདེན་གྲུབ་མེད་པ་ནི་དོན་དཔྱོད་ཀྱི་དེ་ལ་དཔྱད་བཟོད་དུ་གྲུབ་པ་མེད་པ་ཡིན་གྱི། དོན་དཔྱོད་ཀྱིས་དཔྱད་བཟོད་ཡོད་ན་བདེན་གྲུབ་ཡིན་ལ། དེ་མེད་ན་བདེན་མེད་ཡིན་པ་ལས། དོན་གྱི་སྟེང་ན་བུམ་པ་ལས་ཐ་དད་པའི་བདེན་གྲུབ་ཅེས་བྱ་བའི་དགག་བྱ་ཅུང་ཟད་མེད་དེ། ཆོས་ཅན་བུམ་པ་ལས་ཐ་དད་པའི་བདེན་གྲུབ་ནི་བུམ་པའི་བདེན་གྲུབ་མ་ཡིན་པས། དེ་བཀག་པས་བུམ་པ་བདེན་མེད་དུ་མི་འགྲུབ་སྟེ། དེ་གྲུབ་མཐས་ཀུན་བཏགས་ཙམ་ཡིན་གྱི། སོ་སྐྱེ་རྣམས་ཀྱི་བུམ་པ་ལས་གཞན་པའི་བུམ་པའི་བདེན་གྲུབ་མི་འཛིན་ཏེ། ཚིག་གི་སྒོ་ནས་ལྡོག་པ་ཐ་དད་དུ་དབྱེར་ཡོད་ཀྱི། དོན་གྱི་སྟེང་ན་ཆོས་ཅན་དང་དེའི་ཆོས་ཐ་དད་དུ་གྲུབ་པ་མི་སྲིད་དོ། །དེས་ན་སྒྲ་རྟག་པ་སེལ་བ་འདི། སྒྲ་ལས་ཐ་དད་པའི་རྟག་པ་བཀག་པ་མ་ཡིན་ཏེ། སྒྲ་ཉིད་རྟག་པར་འཛིན་པའི་སྒྲོ་འདོགས་སེལ་བ་ཡིན་པ་བཞིན་དུ། བུམ་པ་ལ་བདེན་གྲུབ་བསལ་བའང་དེ་བཞིན་ནོ། །དེས་ན་ཚིག་གི་ལྡོག་པའི་སྒོ་ནས་བུམ་པ་བདེན་གྲུབ་གཞན་གྱིས་སྟོང་པར་བརྗོད་རུང་ཡང་། དོན་གྱི་ངོ་བོའི་སྟེང་ན་བུམ་པ་ཉིད་བུམ་པ་རང་གི་ངོ་བོ་ཉིད་ཀྱིས་མི་སྟོང་བའམ། དཔྱད་བཟོད་ཀྱིས་བདེན་པར་སྒྲོ་འདོགས་པ་སེལ་བ་ཡིན་པས། བུམ་པའི་ངོ་བོ་ཉིད་སྟོང་པའི་རང་སྟོང་ཡིན་གྱི་གཞན་སྟོང་ག་ལ་ཡིན། ཡིན་ན་ཀ་བ་སྣམ་བུས་སྟོང་པ། བ་ལང་གི་རྭ་རི་རྭས་སྟོང་པ་ལྟ་བུ་ཡིན་དགོས་པས་དེས་སྟོང་གོ་མི་ཆོད་དེ། རང་གི་ངོ་བོ་མ་སྟོང་ན། བདེན་གྲུབ་ཀྱིས་ཀྱང་མི་སྟོང་སྟེ། ངོ་བོ་མི་སྟོང་པ་དེ་ཉིད་བདེན་གྲུབ་ཡིན་པ་ཟློག་ཏུ་མེད་དོ། ། དེ་མི་འཐད་དེ། བུམ་པ་གཞན་བདེན་གྲུབ་གཞན་གྱིས་སྟོང་པར་གྲུབ་པས་སོ་སྙམ་ན། ཇི་ལྟར་གྲུབ་ཅེས་འདྲིའོ། །བུམ་པ་ཉིད་དོན་དཔྱོད་ངོར་མ་གྲུབ་པའི་སྒོ་ནས་བུམ་པ་བདེན་མེད་ཡིན་པར་སྒྲུབ་ན་ནི། བུམ་པ་མ་དམིགས་པ་ལ་བདེན་མེད་ཀྱི་ཐ་སྙད་སྦྱར་བར་ཟད་ཀྱི། དེས་བུམ་པ་དམིགས་ན་བདེན་མེད་མི་སྲིད་དོ། །ཐ་སྙད་དུ་དམིགས་པས་ནི་བདེན་མེད་མི་འགྲུབ་སྟེ། ཐ་སྙད་དུ་དམིགས་པ་གཉིས་ཀས་ཁས་ལེན་པ་མིན་ནམ་ཐ་སྙད་དུ་ཡོད་ཀྱང་དེ་བདེན་མེད་དུ་གྲུབ་པ་ནི། དོན་དཔྱོད་ཀྱིས་མ་དམིགས་པ་ལས་གཞན་མེད་དོ། །གལ་ཏེ་བུམ་པ་ཐ་སྙད་དུ་དམིགས་པ་དེ་ལ། དོན་དེའི་སྟེང་ན་བདེན་གྲུབ་དོན་གཞན་བཀག་གོ་སྙམ་ན། དོན་གཞན་ཡིན་ན་ཐ་སྙད་ཀྱི་བུམ་པ་གཅིག་དུ་བྲལ་སོགས་ཀྱིས་མི་དཔྱད་པར་བཞག་ནས། དོན་གཞན་གྱི་བདེན་གྲུབ་ལ་དཔྱད་དགོས་ན། བུམ་པ་མ་ཡིན་པའི་བུམ་པའི་བདེན་གྲུབ་ཡན་གར་བ་རི་རྭ་བཞིན་དུ་ཐ་སྙད་དུའང་མེད་པ་ལ། གཅིག་དུ་བྲལ་གྱི་དཔྱད་པ་ཇི་ལྟར་འཇུག རི་རྭ་ཉིད་ཐ་སྙད་དུ་མེད་པ་ལ། དོན་དཔྱོད་ཀྱིས་མེད་པར་གཏན་ལ་འབེབ་མི་དགོས་པ་བཞིན་ནོ། །དེས་ན་ཚིག་གི་ཐ་སྙད་སྦྱར་ཚུལ་གྱི་བློ་ཁྲིད་ནས། དོན་གྱི་སྟེང་ན་བདེན་གྲུབ་ཡན་གར་བ་བཀག་ནས། བུམ་པ་བུམ་པས་མི་སྟོང་། བུམ་པ་བདེན་པས་སྟོང་སྙམ་པ་ནི། རི་རྭ་བཀག་པ་དང་འདྲ་བས། མཐུན་སྣང་གི་དངོས་པོ་ལ་བདེན་གྲུབ་ཏུ་འཛིན་པའི་ཞེན་ཡུལ་ཅུང་ཟད་སུན་ཕྱུང་མི་ནུས་ཏེ། བུམ་པ་ཉིད་མི་སྟོང་པ་ལ་བུམ་པ་བདེན་གྲུབ་ཀྱི་རྒྱུ་སྒྲོ་འདོགས་ཀྱི། བུམ་པ་ལས་གཞན་པའི་ཆོས་མཐུན་སྣང་དུ་གྲུབ་པའི་ངོ་བོ་ཡོད་མ་མྱོང་བ་ལ་བུམ་པ་བདེན་གྲུབ་ཏུ་སྒྲོ་འདོགས་མཁན་གྱི་སྐྱེ་བོ་གཅིག་ཀྱང་མེད་པའི་ཕྱིར་རོ། །དེས་ན་འདི་འདྲའི་བརྗོད་ཚུལ་རྣམས་འཕགས་བོད་ཀྱི་བསྟན་བཅོས་ཆེན་པོ་རྣམས་སུ་བྱུང་བ་ཡིན་པས། དེའི་ཐ་སྙད་སྦྱར་ཚུལ་ནམ་ཡང་འགོག་མི་ནུས་ཀྱང་། ཚིག་དེས་དོན་གྱི་སྟེང་ན་དོན་དཔྱོད་ཀྱིས་མི་དགག་རྒྱུ་ཞིག་ཡོང་པར་བཟུང་ནས། མིག་མིག་གིས་སྟོང་སོགས་གསུངས་པའི་ལུང་དོན་ལ་འགལ་བར་སྨྲ་བའི་ཞེ་འདོད་དེ་སྟོང་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་གོལ་སར་སོང་བ་ཡིན་ནོ། །ཚིག་གིས་ཇི་ལྟར་བརྗོད་ཀྱང་དོན་འགལ་མེད་དུ་གོ་ན། བུམ་པ་བདེན་པས་སྟོང་པའི་ཐ་སྙད་སྐྱོན་མེད་ཡིན་ལ། བདེན་པས་སྟོང་པ་དོན་དམ་པར་དམིགས་སུ་མེད་པའང་གོ་ནུས་སོ། །ནམ་མཁའ་ཞེས་འཇིག་རྟེན་དང་བསྟན་བཅོས་ལས་གྲགས་པ་ཡོད་ཀྱི། དཔྱད་ན་རྟོག་པས་ཕར་བཏགས་པ་ཙམ་ལས་དོན་རང་གི་ངོ་བོ་ཐ་སྙད་དུའང་མེད་པར་གྲུབ་པས། དེ་དོན་བྱེད་ནུས་པའི་ཀུན་རྫོབ་ཏུ་མི་བཞེད་དེ། དོན་བྱེད་ནུས་པར་གནས་པ་ནི། འདི་ནི་དོན་དམ་ཞེས་བྱ་སྟེ། ཞེས་གསུངས་པ་འདི་སྐབས་ཀྱི་ཐ་སྙད་དཔྱོད་པས་དཔྱད་ཡུལ་ལམ་ཐ་སྙད་ཀྱི་འཇུག་ཡུལ་དུ་ཡོད་པ་ལ་དོན་དམ་གསུངས། ཐ་སྙད་ཀུན་རྫོབ་ཏུ་བཏགས་ཡོད་ཙམ་ལ་ཡོད་པར་མི་བཞེད་དེ་བཏགས་ཡོད་ནི་སྤྱི་མཚན་གྱི་སྒོ་ནས་ཡོད་ཀྱི་རང་མཚན་གྱིས་ཡོད་པ་མིན་ནོ། །རང་མཚན་གྱིས་ཡོད་ན་དངོས་པོར་འགྱུར་རོ། ། ༈ དེས་ན་འདི་སྐད་དུ། ནམ་མཁའ་ཚད་མས་དམིགས་པར་ཐལ། ཡོད་པའི་ཕྱིར། འདོད་ན་མངོན་སུམ་ཚད་མས་དམིགས་སམ་རྗེས་དཔག་གིས་དམིགས། མངོན་སུམ་གྱིས་དམིགས་སོ་ཟེར་ན། དབང་ཤེས་དྲུག་པོ་གང་གིས་དམིགས། ནམ་མཁའ་ལ་སྒྲ་དྲི་རོ་རེག་མེད་པས་རྣ་ཤེས་སོགས་ཀྱིས་མངོན་སུམ་མི་དམིགས་ལ། འཇིག་རྟེན་པས་ནམ་མཁའ་མཐོང་ངོ་། །ནམ་མཁའ་ལྟའོ། །ནམ་མཁའ་ལ་བྱ་འཕུར་རོ། །ནམ་མཁའ་རྒྱ་ཆེའོ། །ཆུང་ངོ་། །མིག་བཙུམ་ནས་ནམ་མཁའ་མ་མཐོང་ངོ་། །ནམ་མཁའ་ལ་བལྟས་སོ། །མ་ལྟས་སོ་ཞེས་ཟེར་བ་ལྟ་བུས་ནམ་མཁའ་ཡོད་པར་འགྲུབ་དགོས་ན། ནམ་མཁའ་ལ་གཟུགས་ཡོད་པར་མིག་ཤེས་ཀྱི་མཐོང་རྒྱུ་ཡོད་ན་གཟུགས་ཡོད་པར་འགྱུར་རོ། །ཐོགས་རེག་མེད་པས་ན་གོ་སྐབས་འདུག་གོ་སྙམ་པ་ནི་ཐོགས་རེག་མི་འདུག་གོ་ཞེས་ཤེས་པ་ཡིན་ལ། དེས་ན་ནམ་མཁའ་མིག་ཤེས་ཀྱིས་ཡོད་པར་ག་ལ་འགྲུབ། འོན་ཀྱང་ཐོག་རེག་མ་མཐོང་བ་ལ་ནམ་མཁའི་མིང་བཏགས་པར་ཟད་དོ། ། ཐོག་རེག་མེད་པ་ནི་དངོས་པོ་བསལ་བའི་ཆ་རང་གི་ངོ་བོ་མེད་པའོ། །དེས་ན་དངོས་མེད་ཐམས་ཅད་ལ་རང་གི་ངོ་བོ་རང་དབང་དུ་ཡོད་ན་དངོས་མེད་དུ་མི་འགྱུར་ཏེ། དངོས་པོ་བཞིན་ནོ། །མིག་ཤེས་ལ་བརྟེན་པའི་ཡིད་ཤེས་རྟོག་མེད་ཀྱི་ཡོད་པར་མི་འགྱུར་ཏེ། མིག་ཤེས་ཀྱིས་ནམ་མཁའ་ཡོད་པར་མ་དམིགས་ན། དེ་ལ་བརྟེན་པའི་ཡིད་ཤེས་ཀྱིས་དེ་ཡོད་པར་ཇི་ལྟར་རྟོགས། ནམ་མཁའ་མཐོང་ངོ་སྙམ་པ་འདི་ཅིའང་མ་མཐོང་བ་ཡིན་ལ། ཅི་ཡང་མ་མཐོང་བ་ཡོད་རྒྱུ་ཅི་ཡོད། ཡིད་ཤེས་རྟོག་མེད་འབའ་ཞིག་གིས་མངོན་སུམ་ཇི་ལྟར་གྲུབ། མིག་གིས་སྟོང་སང་མཐོང་བ་ལ་བརྟེན་པའི་ནམ་མཁའ་ཡིད་རྟོག་མེད་ཀྱིས་མཐོང་ནས་རྒྱ་ཆེ་ཆུང་གསལ་མི་གསལ་སོགས་མངོན་སུམ་མི་དམིགས་སོ། །དེས་ན་ནམ་མཁའ་ཆོས་ཁམས་ཡིན་པས་ཡིད་ཀྱི་ཡུལ་དུ་བཞག་པ་ནི། དངོས་པོ་ཅི་ལ་ཡང་སྒྲིབ་པར་མི་བྱེད་པའི་སྟོང་སང་ཐོག་རེག་གིས་དབེན་པ་ལ་མིང་ནམ་མཁའ་ཞེས་བཏགས་པ་ཡིན་པས། ཐོག་རེག་མ་མཐོང་བའི་སྟོང་སང་ཆ་ལ་ནམ་མཁའ་ཞེས་ཡོད་པར་རློམ་པ་ཙམ་སྟེ། མོ་གཤམ་གྱི་བུ་ཞེས་པའི་མིང་ལ་བརྟེན་པར་དེ་མེད་པར་སེམས་པའི་རྣམ་རྟོག་སྐྱེ་བ་བཞིན་ནོ། །ནམ་མཁའ་འཇིག་རྟེན་གྱི་མངོན་སུམ་གྱིས་གྲུབ་ན། རྗེས་དཔག་གིས་ནམ་མཁའ་ཡོད་པར་གཟོད་སྒྲུབ་དགོས་པ་ནི་འཇིག་རྟེན་དང་བསྟན་བཅོས་ལ་ག་ལ་ཡོད། དེས་ན་ནམ་མཁའ་ཐ་སྙད་དུ་ཡོད་པ་ལ་ཡོད་པར་སྒྲུབ་པའི་ཚད་མར་སྒྲུབ་བྱེད་ཁོད་ཅིག མ་བརྟག་མ་དཔྱད་པར་སྟོང་སང་པོ་འདི་ནམ་མཁའ་ཡོད་པ་མིན་ནམ་ཟེར་ན། མ་བརྟག་པར་དེ་ལྟར་བཏགས་པ་ཁོ་བོས་ཀྱང་འདོད་དོ། །ནམ་མཁའི་ཐ་སྙད་ཙམ་འཇིག་རྟེན་དང་བསྟན་བཅོས་གཉིས་ཀར་ཡོད་པ་འདོད་དོ། །མངྒ་ལཾ། ། ༈ ཡང་། རྟག་བདག་གིས་སྟོང་པར་ཤེས་པས་ངར་འཛིན་ལྷན་སྐྱེས་མི་ལྡོག་པ་ལྟར་བདེན་གྲུབ་བཀག་ཀྱང་སྣང་བ་ལིང་ལིང་རང་སར་བཞག་ནས་དེ་ལས་གཞན་པའི་བདེན་གྲུབ་བཀག་ན་བུམ་པ་བདེན་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་སུན་མི་འབྱིན་ཏེ་བུམ་པའོ་སྙམ་པའི་ཡུལ་འདི་ཆགས་སྡང་དང་ཕན་གནོད་ཀྱི་རྟེན་ཡིན་པས་སོ། །དེས་ན་དོན་གཞན་གྱིས་སྟོང་པའི་སྟོང་པ་ཐ་ཤལ་གྱིས་མི་ཕན། སྣང་བཞིན་པའི་རྟེན་འབྱུང་དེ་ལས་སྟོང་པ་ལོགས་སུ་མི་ཚོལ་པ་འདི་ཀླུའི་ལུགས་སོ། །དེས་ན་བུམ་པ་བུམ་པས་སྟོང་ཞེས་བྱ། སྟོང་ན་མི་སྣང་བ་མིན་ཏེ། སྣང་བཞིན་སྟོང་པ་དང་། དཔྱད་ན་བརྗོད་བྲལ་དམིགས་མེད་དུ་ཞིག་པས་སོ། །འདི་ཐལ་འགྱུར་པའི་རང་ལུགས་དངོས་ཡིན། བུམ་པ་བུམ་པས་མི་སྟོང་ན་བུམ་པའི་ལྟོ་ལྡིར་སོགས་ཐ་སྙད་དུ་ཇི་ལྟར་མི་གྲུབ། དེ་གྲུབ་ཀྱང་དེ་དང་རང་མཚན་གྱིས་གྲུབ་པ་མི་འདྲ་ན་ཇི་ལྟར་མི་འདྲ། དཔྱད་བཟོད་ཀྱིས་སོ་ཞེ་ན། རང་མཚན་གྱིས་གྲུབ་པ་དང་། བདེན་གྲུབ་ལ་ཅི་ཁྱད་སྨྲོས་ཤིག རང་རྒྱུད་པ་དངོས་སྨྲ་པ་ཡིན། ཁྱེད་དབུ་མ་པ་ཡིན་ན། ཁྱོད་ལ་དོན་དམ་དཔྱོད་པ་གཅིག་དུ་བྲལ་སོགས་ཀྱི་དཔྱད་ན་མ་གྲུབ་པ་དེ་ལས་ལྷག་པའི་ཆོས་བདག་འགོག་ལུགས་ཇི་འདྲ་ཡོད་སྨྲོས་དང་རང་རྒྱུད་པ་ལས་ཁྱེད་འཕགས་ཚུལ་གོ་བར་འགྱུར་རོ། །ཧ་ཧ། ས་གླང་ཟླ་ལྔ་པའི་ཚེས་གཅིག་ལའོ། ། ༈ ཡང་། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་པ་ཞིག་པ་དངོས་པོའི་ལུང་ཡིན་ན། དེ་མ་ཐག་ཏུ་འགལ་བ། མྱ་ངན་འདས་པ་འདུས་མ་བྱས། །ཞེས་གསུངས་མི་རིགས་ཏེ། མྱང་འདས་བརྟག་འགོག་སྒྲིབ་པ་ཟད་པའམ་ཞིག་པ་ཡིན་པའི་ཕྱིར་དང་། སློབ་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །ཡང་བུ་ཤི་བ་ལས་མྱ་ངན་སྐྱེ་བའམ། མོ་གཤམ་ལ་བུ་མེད་པས་མྱ་ངན་སྐྱེ་བ་ཡོད་པས་གཏན་མེད་ཀྱང་དངོས་པོ། མོ་གཤམ་བུ་མེད་དངོས་པོ་བུ་དངོས་མེད་ཡིན་ན་གོ་ལོག །སྟོང་ཉིད་རྒྱུ་འབྲས་འཆར་བས་དངོས་པོ་དང་། དེ་མ་ཡིན་དགག་ཏུ་འགྱུར་ཏེ། ཁྱེད་ལུགས་ཞིག་དངོས་མ་ཡིན་དགག་ཡིན་པས་སོ། །འདོད་ན་སྟོང་ཉིད་མེད་དགག་ཏུ་འདོད་པ་བུད། ཞིག་པ་མ་ཡིན་པའམ། བུམ་པ་ཞིག་པ་མེད་པ་ནི་མ་ཞིག་ད་ལྟར་ཀྱི་དངོས་པོ་པ་སྟེ། དེ་དངོས་པོ་ཡིན་དགོས་ལ། དེ་ལྟ་ན་ཞིག་པ་དངོས་པོ་མིན་པར་ཐལ་ཏེ་ཞིག་པ་མེད་པ་དངོས་པོ་ཡིན་པས། ཞིག་པ་རང་དངོས་པོར་མི་རུང་ངོ་། །བུམ་པ་མེད་པ་དངོས་མེད་ཡིན་པ་བཞིན་ནོ། །ཞིག་པ་མེད་པ་མེད་པ་ནི་དངོས་མེད་ཡིན་ཏེ་སྔ་མ་ལས་བཟློག་པས་སོ། ། དགག་པ་གཉིས་ཀྱི་རྣལ་མ་གོ་བ་ནི་དངོས་པོའི་མིང་ལ་སྟེ། དགག་པ་དངོས་མེད་ཀྱི་མིང་ལ་ནི་དགག་པ་གཉིས་ཀྱིས་བཟློག་ལ་གསུམ་རྣལ་མ་འདྲ། དེ་བས་ན་ཞིག་མ་ཞིག་གཉིས་ཀ་དངོས་པོ་ཡིན་ན། དགག་པ་གཉིས་མི་འགལ་བའམ། ཡོད་མེད་གཉིས་ཕན་ཚུན་སྤོང་བ་མིན་པར་ཐལ། སྒྲའི་རྣམ་བཅད་མི་ཤེས་པས་སྒྲ་བརྗོད་པ་ལ་བརྟེན་ནས་དངོས་དངོས་མེད་ནོར་བ་ཧ་ཧ། ། ༈ རྒྱུ་དངོས་མེད་དུ་སོང་བའི་དུས་ནམ་ཡང་མི་སྲིད་པར་ཐལ། རྒྱུ་ཞིག་པ་དང་མ་ཞིག་པ་གཉིས་ཀ་དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ་ཞིག་མ་ཞིག་གཉིས་ལས་གཞན་པའི་རྒྱུ་མི་སྲིད་པའི་ཕྱིར། འགག་མ་འགག་གཉིས་ཀ་དངོས་པོ་ཡིན་ན་དེ་གཉིས་སྤོང་འགལ་མིན་པར་ཐལ། དེ་གཉིས་རྒྱུ་འབྲས་ཡིན་པ་དང ་དངོས་པོ་ཡིན་པས་སོ། ། འགལ་ཟླ་དངོས་མེད་སྤང་འགལ་མིན་ན། རྟག་མི་རྟག་གཉིས་ཀའང་མི་འགལ་ཏེ། ཞིག་མ་ཞིག་དང་རྟག་མི་རྟག་འདས་འོང་གི་བརྗོད་ཚུལ་ཙམ་ལས་དོན་འདྲ་བའི་ཕྱིར་རོ། །དངོས་པོ་ཐམས་ཅད་རིལ་རྟག་པར་ཐལ་ཏེ། སྤང་འགལ་གྱི་དངོས་མེད་གཞི་མི་སྲིད་པའི་ཕྱིར་རོ། །ཡང་། ཁ་ཅིག་མར་མེ་ཤི་བ་ལས་མུན་པ་སྐྱེ་བའི་ཕྱིར་ཞིག་པ་དངོས་པོ་ཡིན་ཞེས་སྒྲུབ་བྱེད་སྨྲ། དེའི་ལུགས་ལ། མར་མེ་མུན་པའི་བརྒྱུད་གྱུར་ཁས་ལེན་དགོས་ཏེ། མར་མེ་མེད་ན་དེ་ཤི་བ་མེད། དེ་མེད་ན་མུན་པ་མི་སྐྱེ་བས་སོ། ། གླིང་བར་རྣམས་སུ་ཆོས་ཅན། མུན་པ་མེད་པར་ཐལ། མར་མེ་ཤི་བ་མེད་པའི་ཕྱིར། དེར་མར་མེ་མེད་པ་དང་ཤི་བ་དོན་གཅིག་སྙམ་ན། མོ་གཤམ་བུ་ཤི་བ་ཡོད་པར་ཐལ། མོ་གཤམ་བུ་མེད་པ་ཡོད་པའི་ཕྱིར། རྟ་ཤི་བ་ལས་རྐང་ཐང་དུ་འགྲོ་བ་སྲིད་ན། རྟ་མེད་སྤྲང་པོ་རྐང་ཐང་དུ་མི་འགྲོ་བར་ཐལ། རྟ་ཤི་བ་མེད་པའི་ཕྱིར། ཧ་ཧ། ས་གླང་ཟླ་དྲུག་པའི་ཚེས་གསུམ་ལའོ། ། ༈ རྣམ་གྲངས་པའི་མེད་དགག་གནས་ལུགས་ཆོས་དབྱིངས་སུ་འདོད་པ་ལྟར་ན། དེ་ལ་ཡོན་ཏན་ཅི་ཡང་མེད་པ་དེ་ལྟར་འབྲས་དུས་ན་དེ་ལས་བོག་མི་དབྱུང་། དེས་སངས་རྒྱ་བའི་འབྲས་བུ་ཅི་ཡང་མི་བྱེད་དེ། དེ་ལ་སེམས་མེད་པས་སྟོབས་སོགས་ཡོད་མི་ཤེས། གཟུགས་མེད་པས་མཚན་དཔེ་སོགས་མེད་སྐ་རྣམ་གཉིས་ཀྱི་ཡོན་ཏན་གྱི་རྒྱུ་འབྲས་གང་ཡང་མེད་པ་དེས་རིགས་བྱས་པས་ཅི་ཕན་ཏེ་དགོས་ནུས་མེད་པར་འགྱུར་རོ། །གཞན་ཡང་མེད་རྐྱང་རི་རྭ་ལྟ་བུ་ལ། གཞི་ལམ་འབྲས་བུར་བྱས་ཀྱང་ཅི་ཡང་ཕན་མི་ཐོགས། ལམ་དུས་སུ་བསྒོམ་ཚེ་མེད་པའི་ཆ་དོན་དམ་དང་གནས་ལུགས་སུ་འགྲོ་ན། བདེན་གཉིས་ཀྱང་ངོ་བོས་ཐ་དད་པར་འགྱུར་ལ། ལུས་དང་གྲིབ་མ་ལྟར་སོ་སོ་ན་ཡོད་པའི་བདེན་སྟོང་དེས་ཅི་ཕན་ཏེ། ཆགས་སོགས་ནི་ཐ་སྙད་ཀྱི་བུམ་སོགས་འདིས་བྱེད། དེ་ནི་མི་སྟོང་པས་བདེན་གྲུབ་བུམ་པ་མེད་པར་ཤེས་ཀྱང་ཐ་མལ་ཞེན་སོགས་གཉེན་པོར་མི་འགྱུར་པས། ཁ་འབྱམས་ཚིག་གི་ལྟ་བ་འདིས་ཅི་ཡང་མི་ཕན། འབྲས་དུས་སུ་ངོ་བོ་ཉིད་སྐ་མཁྱེན་པ་མེད་པར་ཐལ། མཁྱེན་པ་དང་ལྡན་པས་དེར་འགྱུར་ན། མཚན་སོགས་དང་ལྡན་པས་ཀྱང་དེར་ཐལ་ལོ། །རེས་འགའ་བའི་རྟག་པ་དེ་ལ་ཉེས་པ་མང་ངོ་། །ལྕགས་ཡོས་ཟླ་ཚེས་ལའོ། ། ༈ ཟླ་གྲགས་ཀྱི་ལུགས་ལ་རྟེན་ནས་འབྱུང་བ་དང་སྟོང་ཉིད་དོན་གཅིག་ཏུ་ཤར་བས་ཇི་ལྟར་སྣང་བ་འདི་སྟོང་པར་ཤར་བས། བདེན་གྲུབ་སོགས་ཀྱི་ཁྱད་པར་མི་སྦྱར་ཏེ་དེ་སྦྱར་བས་དགོས་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ན་དོན་དམ་པ་དང་བདེན་གྲུབ་སྦྱར་ཚེ་མི་དགག་རྒྱུ་ཅུང་ཟད་ལྷག་མར་བཞག་ཕྱིར་དེ་ལྟར་སྨྲ་ན། སྣང་བ་འདི་སྤྲོས་ཀུན་གྱིས་སྟོང་པ་ལ་ལྷག་མ་གང་ཡིན། ལྷག་མ་མ་བཞག་པས་ཆད་ལྟ་མེད་དེ་སྣང་བ་འདི་དང་སྟོང་ཉིད་རོ་གཅིག་པའི་ཕྱིར་རོ། །འཇིག་རྟེན་སྣང་བ་འདི་ཉིད་ཀྱི་རང་བཞིན་ཡེ་ནས་སྟོང་པ་ན་སྣང་བ་འདི་ལྷག་མར་བཞག་པའི་དོན་དུ་ཁྱད་པར་མི་སྦྱར་ཏེ། འདི་དང་སྟོང་པ་དབྱེར་མེད་པས་སོ། །འདི་སྤང་ནས་སྟོང་པ་ལོགས་སུ་མེད་དེ་རྟེན་འབྱུང་གི་རང་བཞིན་སྟོང་པ་ཡིན་པས་སོ། །སྟོང་པ་སྤང་ནས་འདི་མི་སྲིད་དེ། ཚ་བ་སྤང་བའི་མེ་བཞིན་ནོ། །དོན་དམ་པ་ཞེས་བྱ་བ་འདིའི་རང་བཞིན་གང་དུའང་མ་གྲུབ་པ་དེ་ཡིན་ལ། ཐ་སྙད་ཅེས་པ་རྟེན་འབྱུང་གི་སྣང་བ་འདི་ཡིན་པས། ཕན་ཚུན་འདུ་འབྲལ་མེད་པར་གཏན་ལ་ཕེབས་ནས་ཁས་ལེན་ཀུན་བྲལ་ལ། འདིའི་རང་བཞིན་ཤེས་པར་བྱེད་པའི་གཏན་ཚིགས་འགོད་ཀྱི། དོན་དམ་དཔྱོད་རིགས་དེས་འདི་བཀག་གོ་སྙམ་པའི་ཐ་སྙད་དུ་ཡོད་པ་ལོགས་སུ་སྒྲུབ་པ་ནི། རྟེན་འབྱུང་དང་སྟོང་ཉིད་དོན་གཅིག་ཏུ་མ་ཤེས་པ་སྟེ། སྟོང་ཉིད་ཀྱིས་རྟེན་འབྱུང་གི་ངོ་བོ་སྤང་བར་སེམས་པ་ཡིན་ནོ། །ལྕགས་ཡོས་ཟླ་བཅུ་པའི་ཚེས་བཅུ་གཅིག་ལ་འཇུག་པ་བཤད་པའི་ཚེ་ནའོ། ། ༈ ཡང་དེར་དྲན་པ། འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་པ་ཐ་སྙད་ཐམས་ཅད་གཞན་ངོར་སྐྱེལ་བ་མིན་གྱི། ཐལ་འགྱུར་པ་ཡང་ཐ་སྙད་བྱེད་པ་ལ་འཇིག་རྟེན་དེའི་ཁོངས་སུ་གཏོགས་ཏེ། འཇིག་རྟེན་ཅེས་པ་རྟེན་འབྱུང་གིས་སྣང་བ་འདི་ལྟར་བསླུ་མེད་འདི་ལ་ཟེར་བ་གོ་དགོས་སོ། །འདི་ཇི་ལྟར་སྣང་བ་ལྟར་མ་བརྟགས་མ་དཔྱད་པར་ཁས་ལེན་གྱི་འཇིག་རྟེན་གྱི་སྣང་བ་ཟློག་ཏུ་མེད་དོ། །འདིར་རང་བཞིན་གང་ཡང་འཇིག་རྟེན་དུའང་ཁས་མི་ལེན་ཞེས་སོ། ། ༈ དམིགས་པས་གང་བཟུང་བདུད་ཀྱི་སྤྱོད་ཡུལ་བཤད་པའི་སྐབས། འདི་དོན་དམ་པར་དཔྱོད་པ་གཞིར་བཞག་གི་དབང་དུ་བྱས་ཏེ། དངོས་དངོས་མེད་སོགས་རྣམ་པར་རྟོག་པ་ཐམས་ཅད་དགག་དགོས་ཏེ། དེ་འདྲའི་དམིགས་པ་ཡོད་ཀྱི་རིང་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ནས་ཆོས་དབྱིངས་སྤྲོས་པ་ཉེ་བར་ཞི་བ་ལ་འཇུག་མི་ནུས་པས་དམིགས་པ་ཅན་གྱི་ལྟ་བ་ལ་གནས་པའོ། །དེས་ན་བྱང་ཆུབ་ཀྱི་སེམས་དང་རྒྱུ་འབྲས་ཡོད་པར་ལྟ་བ་རྣམས་ལ་སོགས་པ་དག་ཀྱང་དམིགས་པ་ཅན་གྱི་སྤྱོད་ཡུལ་དུ་ལྷུང་བས་ཐེག་ཆེན་ལས་ཉམས་ལ་དམིགས་པ་མེད་པ་དང་ཟུང་དུ་ཞུགས་ན་ཐེག་ཆེན་གྱི་དོན་དང་ལྡན་པར་གོ་དགོས་སོ། །ལྕགས་ཡོས་ཟླ་བཅུ་པའི་ཚེས་བཅོ་ལྔ་ལའོ། ། ༈ ཁ་དོག་ཡིན་ཁྱབ་སྐོར་ལ། དཀར་པོ་ཟླ་བའམ་དུང་གི་མདོག་ལྟ་བུ། །སེར་པོ་གསེར་རམ་བ་བླའི་མདོག་ལྟ་བུ། །དམར་པོ་པདྨ་རཱ་གའམ་བྱེ་རུའི་མདོག་ལྟ་བུ། །ལྗང་གུ་གཡུའམ་སྤང་གི་མདོག་ལྟ་བུ། །སྔོན་པོ་འཛམ་གླིང་གི་ནམ་མཁའི་མདོག་ལྟ་བུ། དབྱིབས་ལ་ཟླུམ་པོ་ཟླ་བ་ཉ་གང་བའི་དབྱིབས་ཅན། གྲུ་བཞི་སོགས་ལའང་དེས་འགྲེས་ཏེ། ཟླ་གམ་ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུ་ཀུན་ལ་ཡོངས་གྲགས་མི་འགྱུར་བ་བཀོད་ན་གོ་བདེ་ཚིག་འཁྲི་ཆོད། རིང་པོ་གྱེན་དུ་བལྟ་དགོས་པའི་ལྗོན་ཤིང་། ཐུང་ངུ་གྲོགས་སྤུར་གྱི་ཡན་ལག ཆེ་བ་རི་རབ། ཆུང་བ་སྣང་དུ་རུང་ཙམ་གྱི་རྡུལ་ཕྱལ་ལེ་བ་མེ་ལོང་མཉམ་པའི་ངོས་ལྟ་བུ། ཕྱལ་ལེ་བ་མིན་པ་རྒྱ་མཚོའི་རླབས་ལྟ་བུ་སོགས་བཀོད་ན་ལེགས་པས་ཡང་དག་པར་དཔྱོད། དགེ ༈ ཡང་། རིགས་པས་དགག་བྱ་བདག་གཉིས་ལམ་གྱིས་དགག་བྱ་བདག་འཛིན་གཉིས་དང་། དེ་ལས་བྱུང་བའི་སྒྲིབ་གཉིས་སོ། །དེ་ལ་གང་ཟག་གི་བདག་རིགས་པས་དགག་བྱ་ཡིན་ཏེ། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་སོགས་དང་། །ཉོན་མོངས་རྐྱེན་རྣམས་མ་ལུས་འཇིགས་ལྟ་ལས། །ཞེས་སོགས་གསུངས་པ་བཞིན་ནོ། ། དེས་ཁེགས་པས་བདག་འཛིན་ཁེགས། དེ་ཁེགས་པས་དེ་ལས་བྱུང་བའི་ཉོན་མོངས་ཐམས་ཅད་ཁེགས། ཉོན་མོངས་ཁེགས་པས་ཟག་བཅས་ཀྱི་ལས་ཁེགས། རྒྱུ་ལས་ཉོན་ཁེགས་པས་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་འགགས་པ་ཡིན་ནོ། །ཐེག་ཆེན་གྱིས་བདག་གཉིས་རིགས་པས་ཁེགས་ལ། དེ་ཁེགས་པས་ཡུལ་ཅན་གཉིས་ཁེགས། དེ་ཁེགས་པས་སྒྲིབ་གཉིས་ཁེགས་ཏེ་མ་རིག་བག་ཆགས་ཀྱི་སའི་བར་དུ་འགག་ནས་ཡེ་ཤེས་ཀྱི་སྐ་འགྲུབ་བོ། །མུ་བཞི་ནི་དོན་དཔྱོད་ཀྱི་རིགས་པས་དགག་བྱ་ཡིན་ལ་ལམ་གྱིས་དགག་བྱ་མིན་པ་མེད་དེ་ལྟ་སྒོམ་ཀུན་གྱིས་སོ། །ཐ་སྙད་དཔྱོད་པས་ཡོད་པ་ཁེགས་པ་རི་བོང་རྭ་ལྟ་བུ་རིགས་པས་དགག་བྱ་ཡིན་ཀྱང་ལམ་གྱིས་མིན་ནོ། །ལམ་གྱི་དགག་བྱ་བདག་འཛིན་གཉིས་དང་དེ་ལས་བྱུང་བ་རྣམས། གཉིས་ཀས་དགག་བྱ་བདག་གཉིས་ལྟ་བུ། གཉིས་ཀས་དགག་བྱ་མིན་པ་གནས་ལུགས་ཆོས་ཉིད་དམ་བདག་མེད་རྟོགས་མཁྱེན་ལྟ་བུའོ། །དེ་ཡང་དོན་དཔྱོད་ཀྱི་རིགས་པས་དགག་བྱ་ཆོས་ཐམས་ཅད་ལ་ངོ་བོ་ཉིད་དམ་རང་བཞིན་གྱིས་གྲུབ་པ། བདེན་གྲུབ་དགག་བྱར་བརྗོད་དགོས་ཀྱང་། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་གང་ཟག་གི་བདག་རང་མཚན་ནམ་རང་གི་ངོ་བོ་མེད་པར་རྟོགས་ནས། དོན་དམ་པར་དམིགས་སུ་མེད་པ་ལ་གོ་དགོས་ཀྱི། བདེན་གྲུབ་ཡན་གར་བ་དགག་པ་ཡིན་ན། བདེན་མེད་དང་ཐ་སྙད་ཀྱི་བུམ་སོགས་གཉིས་ཀ་དོན་དམ་པར་དམིགས་པས་བདེན་གྲུབ་ཀྱི་འཁོར་གསུམ་མི་དམིགས་ཀྱི། ཆོས་རྣམས་ཀྱི་འཁོར་གསུམ་མི་ལྡོག་དེ་ལྟ་ན་དེ་ལ་མཉམ་པར་བཞག་པས་གཉིས་སྣང་མངོན་གྱུར་ཀྱང་ལོག་པ་མི་སྲིད་ན། ས་བོན་དང་བག་ཆགས་ལྟ་ཅི་སྨྲོས། སྤོང་ཚུལ་དང་པོ་མངོན་གྱུར། དེ་ནས་ས་བོན། དེ་ཟད་ནས་བག་ཆགས་སྤོང་བ་ཕྲ་རགས་ཀྱི་རིམ་པས་སོ། །དངོས་པོ་རྣམས་དོན་དམ་པར་མེད་པ་མིན་ན། བདེན་གྲུབ་ཡན་གར་བ་ཁེགས་པས་རང་གི་ངོ་བོ་མི་སྟོང་ལ། དེས་ན་དེ་ལ་དམིགས་པའང་དོན་དམ་མཉམ་བཞག་གིས་མི་ལྡོག་པས་གཉིས་སྣང་ལྡོག་ཐབས་མེད། ལྡོག་ན་སྟོང་ཉིད་དངོས་པོའི་འཇིགས་རྒྱུར་ཐལ་སོགས་གསུམ་འབྱུང་ངོ་། །དང་པོ་རིགས་པས་ངེས་པ་རྙེད་དུས་གཉིས་སྣང་མངོན་གྱུར་མི་ལྡོག་ཀྱང་དེར་ཞེན་ལྡོག སྦྱོར་ལམ་དུ་མངོན་གྱུར་ལྡོག་ཀྱང་ས་བོན་མི་སྤོང་། འཕགས་སློབ་ཀྱིས་ས་བདུན་དུ་ས་བོན་སྤོང་། དག་སར་བག་ཆགས་སྤོང་ངོ་། །དེས་ན་མདོར་བསྡུ་ན། བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་རྟོགས་པས་གཉིས་སྣང་སྤོང་བ་ཡིན་གྱི། བདེན་སྟོང་མེད་དགག་གིས་ཅུང་ཟད་མིན་ནོ། །འདི་གལ་ཆེ། བུམ་པའི་སྟེང་དུ་ཆོས་བདག་འགོགས་ཀྱི་བུམ་པ་མི་འགོག་པར་སྨྲ་དགོས་ཀྱང་། ཆོས་བདག་འདི་བུམ་པ་དོན་དམ་པར་དམིགས་པ་ཡིན་པས། དོན་དམ་དུ་བུམ་པ་མི་དམིགས་པ་ལ་གོ་དགོས་ཀྱི་ཡན་གར་དུ་མེད། དོན་དམ་པར་མི་དམིགས་རྒྱུ་བུམ་པ་དེ་ཉིད་ཡིན་པས་བདེན་གཉིས་དབྱེར་མེད་གནས་ལུགས་མཐར་ཐུག་ཡིན་པར་གོ་དགོས། ཁྱོད་ལྟར་ན་དོན་དཔྱོད་ཀྱིས་མི་དགག་རྒྱུའི་ཆོས་མེད་པས། གལ་ཏེ་སྙིང་རྗེ་དང་ཕར་ཕྱིན་གནས་ལུགས་དང་སྟོང་ཉིད། བདག་མེད་རྟོགས་མཁྱེན་རིགས་པས་དགག་བྱ་ཡིན་ན། དེ་མེད་པར་ལྟ་དགོས་པས་མི་འཐད་ཟེར་ན། དེ་དག་དོན་དམ་པར་མི་དམིགས་པར་ལྟ་དགོས་ཀྱང་། དེ་དག་མེད་པར་ལྟ་ག་ལ་དགོས་ཏེ། བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་ལྟ་བ་ཡིན་པས་ཡོད་མེད་དུ་ཁས་མི་ལེན་ནོ། ། ཁས་ལེན་རྣམ་གྲངས་པའི་ལྟར་ནའང་། དེས་དོན་དམ་པར་དམིགས་སུ་མེད་པར་ལྟ་བ་ལ་སྐྱོན་ཅི་ཡོད་དེ། བདེན་མེད་དང་བདག་མེད་བཞིན་ནོ། །གལ་ཏེ་གོང་རྣམས་ལམ་གྱི་དགག་བྱ་ཡིན་པ་ཅིའི་ཕྱིར་ཞེ་ན། མཉམ་བཞག་ཡེ་ཤེས་ཀྱི་ངོར་མི་སྣང་བའི་ཕྱིར། གཉིས་སྣང་ནུབ་པའི་མཉམ་བཞག་གི་ཁེགས་པས་སོ་ཟེར་ན་ཤིན་ཏུ་མི་འཐད་དེ། དོན་དཔྱོད་ཀྱི་རིགས་པས་ཁེགས་ཀྱང་ཐ་སྙད་དུ་ཁེགས་མི་དགོས་པས་སྐྱོན་མེད་ལ། ལམ་གྱིས་ཁེགས་ན་ལམ་མཐར་ཕྱིན་ནས་གཉིས་སྣང་ཟད་པའི་ཚེ་དེ་དག་གཏན་ཁེགས་སུ་འགྱུར་བས། སངས་རྒྱས་ལ་སྙིང་རྗེ་སོགས་མི་མངའ་བ་དང་། གནས་ལུགས་མི་གཟིགས་པར་འགྱུར་རོ། །དེས་ན་ལྟ་བ་ནི་བདེན་གཉིས་སོ་སོའི་ཕྱོགས་ལྷུང་ཅན་གྱི་ཁས་ལེན་བྱས་ན་མི་རུང་བས། བདེན་གཉིས་ཟུང་འཇུག་དབྱེར་མེད་སོ་སོ་རང་རིག་གི་ཡུལ་ལས་ཁས་ལེན་མེད་པར་རྟོགས་དགོས་སོ། །དེའི་ཕྱིར་གཉིས་སྣང་ནུབ་པ་ནི་མེད་དགག་ལ་ནུབ་པའི་ཅི་མེད་ཅང་མེད་ཡིན་ན་མི་རུང་སྟེ། བདེན་གཉིས་ཟུང་འཇུག་གི་དོན་མཐོང་བའི་སོ་སོ་རང་རིག་གི་ཡུལ་ཡིན་པས། རྣམ་རྟོག་གིས་ཡོད་པའམ་མེད་པའི་ཐ་སྙད་ཀྱིས་བསམ་པར་ནུས་པ་མིན་ནོ། །འོན་ཀྱང་གཉིས་སྣང་མེད་པའི་ཐ་སྙད་བྱ་དགོས་ཏེ། ཆོས་ཉིད་བདེན་གཉིས་དབྱེར་མེད་ཐིག་ལེ་ཉག་གཅིག་ཉིད། སོ་སོ་རང་རིག་པས་མཐོང་བ་ལ་གཉིས་ཆོས་གང་ཡང་མེད་དེ། གཟུང་འཛིན་གཉིས་དང་བདེན་གཉིས་དང་། སྐྱེ་སྐྱེ་མེད་གཉིས་སོགས་གཉིས་ཆོས་ཐམས་ཅད་མེད་པ་ཡིན་ནོ། །དེས་ན་བདེན་གཉིས་དབྱེར་མེད་རྟོགས་ན་གཉིས་སྣང་གི་བག་ཆགས་གཏན་ལོག་ནུས་ཀྱི་གཞན་དུ་མིན་ནོ། །གཉིས་སྣང་གི་བག་ཆགས་ཟད་པའི་ཚེ་ཆོས་དབྱིངས་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་རྣམ་པར་མི་རྟོག་བཞིན་དུ་འབད་མེད་མཁྱེན་པ་ཆོས་ཉིད་ཡིན་ཏེ། ཆོས་ཉིད་ལས་མི་གཡོ་བ་རྣམ་རྟོག་མེད་ལ། ཤེས་བྱ་ཇི་སྙེད་པའང་ཆོས་ཉིད་ཀྱིས་མ་བསྡུས་པ་མི་སྲིད་ཅིང་། ཆོས་ཉིད་ལ་བསྒྲིབ་པའི་གེགས་ཕྲ་མོའང་མི་མངའ་བའི་ཕྱིར་ན་ཅིས་མི་མཁྱེན། མཁྱེན་ཚུལ་མཐའ་དག་སོ་སྐྱེའི་སྤྱོད་ཡུལ་མ་ཡིན་ཏེ། གནས་མ་གྱུར་པའི་ཤེས་པས་དེའི་སྤྱོད་ཡུལ་ཤེས་མི་ནུས་སོ། །དེས་ན་རྩ་བ་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་གཅིག་པུ་ལས་ཆོས་ཉིད་གཞན་མེད་པ་འདི་གཙོ་བོའོ། །མེ་ལུག་ཟླ་གཉིས་པའི་ཚེས་བཅུ་གཉིས་ལའོ། ། ༈ བདེན་གཉིས་དཔྱོད་པའི་རིགས་པས་དགག་བྱ་མིན་ལ་ལམ་གྱིས་དགག་བྱ་འབའ་ཞིག་ཡིན་པ་མེད་དེ། རིགས་པས་མ་ཁེགས་པ་ལམ་གྱིས་ཁེགས་ན་དངོས་པོ་ལ་སྐར་འདེབས་ཀྱི་ལམ་དུ་འགྱུར་རོ། །འཇིག་རྟེན་པའི་ལམ་གྱི་དབང་དུ་བྱས་ན། སུན་འབྱིན་གྱི་གཉེན་པོས། བསམ་གཏན་དང་པོའི་ལམ་གྱིས་འདོད་ཉོན་སྤོང་བ་ལྟ་བུ། ལམ་དེས་རིགས་པས་ངོ་བོ་མེད་པར་དགག་པ་མིན་ཡང་། ཐ་སྙད་དཔྱོད་པས་སུན་འབྱིན་པར་ལྟ་བའི་ལྟ་བ་སྔོན་སོང་གི་ལམ་སྒོམ་པ་ཡིན་པས། དེས་རེ་ཞིག་སྤོང་ནུས་ཀྱི་གཏན་དུ་མི་ནུས་སོ། །འདས་ལམ་གཏན་དུ་བ་ཡིན་ན་ལྟ་བའི་ངེས་པ་སྔོན་དུ་སོང་བཞིན་བསྒོམ་པའི་ལམ་གྱིས་བརྟེན་པ་ཡིན་ནོ། ། ༈ ཡང་། དངོས་སྨྲ་བའམ་དེའི་ཕྱོགས་སུ་གཏོགས་པ་དག་ན་རེ། ཆོས་ཐམས་ཅད་དམིགས་སུ་མེད་པ་དང་བླང་དོར་མེད་པར་རྟོགས་ན། ཕན་འདོད་ཀྱི་སྦྱིན་པ་སོགས་ཇི་ལྟར་འབྱུང་སྟེ། དགེ་ཆོས་སྒྲུབ་པ་དང་། མི་དགེ་སྤོང་བ་ཐམས་ཅད་དམིགས་ནས་བླང་དོར་བྱེད་དགོས་སོ་སྙམ་ན། གནས་ལུགས་ལ་གོ་མྱོང་མ་སྐྱེས་པ་ཁྱོད་ཉོན་ཅིག གནས་ལུགས་ལ་དམིགས་མེད་དང་བླང་དོར་མེད་པར་མཉམ་ཉིད་དུ་རྟོགས་པས། ཀུན་རྫོབ་སྣང་ཚུལ་ཙམ་དུ་དམིགས་པ་ཁེགས་ག་ལ་དགོས་ཏེ། འཁོར་འདས་བླང་དོར་དགག་སྒྲུབ་སྣ་ཚོགས་མ་འདྲེས་པའི་ཆོས་སུ་སྣང་ཡང་། སྣང་བ་དེ་ཉིད་ཀྱི་གནས་ལུགས་དམིགས་མེད་ཡང་དག་མཐའ་མཉམ་པ་ཉིད་ལས་ནམ་ཡང་མི་གཡོའོ། །གནས་ལུགས་དེ་ལྟ་བུ་རྟོགས་ན། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ངང་གིས་འཇུག་སྟེ། སངས་རྒྱས་དང་བྱང་སེམས་བཞིན་ནོ། །ཐ་སྙད་དུ་དགེ་སྒྲུབ་སྡིག་སྤོང་བླང་དོར་བྱེད་ཀྱང་། གནས་ལུགས་ལ་བླང་དོར་དང་དམིགས་པ་ཡོད་པར་འཛིན་མི་དགོས་ལ། གནས་ལུགས་ལ་དེ་དག་དམིགས་སུ་མེད་པས་ཐ་སྙད་དུ་དམིགས་པ་དང་བླང་དོར་གང་ཡང་མེད་པར་འགྱུར་མི་དགོས་ཏེ། དེ་གཉིས་འགལ་མེད་ཡིན། གནས་ལུགས་ལ་དམིགས་པ་མེད་རྒྱུ་ཐ་སྙད་ཀྱི་ཆོས་འདི་རྣམས་ཡིན་ཏེ། མིན་ན་དེ་དག་གི་གནས་ལུགས་དེ་མིན་པར་འགྱུར་རོ། །དེས་ན་ཆོས་ཉིད་དང་ཆོས་ཅན་འགལ་མེད་དུ་རྟོགས་པའི་ངོར། དམིགས་མེད་ཀྱི་བྱམས་སོགས་འབྱུང་བ་ནི་ཤིན་ཏུ་རྣམ་པར་དག་པའི་ཐེག་ཆེན་གྱི་ལམ་ཡང་དག་ཡིན་ནོ། །གནས་ལུགས་ལ་དམིགས་སུ་མེད་ཀྱང་ཐ་སྙད་དུ་དམིགས་པ་དེ་གཉིས་གང་རུང་མེད་པར་ཕྱོགས་གཅིག་ཏུ་གྱུར་ན། ཆོས་ཅན་དང་ཆོས་ཉིད་ཀྱིས་ཕྱེ་བའི་བདེན་གཉིས་མེད་པར་འགྱུར་རོ། །ཡང་ན་ཐ་སྙད་དམིགས་པ་བཞིན་གཉིས་ཆོས་མེད་པའི་དམིགས་མེད་མི་སྲིད་པས་དོན་དམ་མེད་པར་འགྱུར་རོ། །ཡང་ན་གནས་ལུགས་གཉིས་ཆོས་གང་ཡང་མེད་པའི་དམིགས་མེད་བཞིན་ཐ་སྙད་གཉིས་ཆོས་ཐམས་ཅད་མི་སྣང་བར་དོན་དམ་འབའ་ཞིག་པར་འགྱུར་རོ། །དེས་ན་གཉིས་སུ་མེད་ཀྱང་གཉིས་སུ་སྣང་བ་དང་། གཉིས་སུ་མེད་ཀྱང་དམིགས་པར་སྣང་བ་གཉིས་འགལ་མེད་དུ་ཡོད་པ་འདི་བདེན་གཉིས་སུ་འབྱེད་པའི་དོན་ཡིན་ཏེ་སངས་རྒྱས་ཀྱིས་མཁྱེན་ནས་བསྟན་པའི་ཆོས་ཟབ་མོ་མུ་སྟེགས་སོགས་ལ་མེད་པ་ཡང་དག་པའི་ལམ་ཡིན་ནོ། ། ༈ དང་པོ་ནས་བདེན་གཉིས་འགལ་འཛིན་གྱི་བློས། དོན་དམ་པར་དམིགས་པ་ཐམས་ཅད་འགོག་མི་ནུས་པར། བདེན་གྲུབ་ཁེགས་པ་ལ་དོན་དམ་མཐར་ཐུག་ཏུ་བཟུང་། དེ་དག་གི་ལྟར་ན། གནས་ལུགས་ནི་དངོས་དངོས་མེད་གང་དུ་དམིགས་པ་མེད་པ་མིན་པར་དངོས་མེད་ཀྱི་བྱེ་བྲག་བདེན་གྲུབ་བཅད་པའི་མེད་དགག་ལ་གནས་ལུགས་སུ་རློམས། བདེན་གྲུབ་ནི་བདེན་པ་གཉིས་ཆར་མེད་པ་མཐའ་གཅིག་ཏུ་འགོག བུམ་པ་ནི་ཐ་སྙད་དུ་ཡོད། དོན་དམ་པར་མེད་ཟེར་བ་ལས་འོས་མེད་ཀྱང་། དེ་དག་ལ་དྲིས་ན་བུམ་པ་དོན་དམ་པར་མེད་ན་བུམ་པ་དོན་དམ་པར་མི་དམིགས་པར་ཡང་ཁས་ལེན་རུང་ལ། དེ་ལྟ་ན་དེས་གོ་མི་ཆོད་པར། བདེན་གྲུབ་ལོགས་སུ་ཕྱེ་བས་ཅི་བྱ། ཐ་སྙད་དུ་མེད་པའི་ཆོས་མི་དམིགས་པ་ཡིན་གྱིས། ཐ་སྙད་དུ་ཡོད་ཚད་མི་དམིགས་པར་འདོད་མི་རུང་བར་དམིགས་པར་ཁས་ལེན་དགོས་ན། བུམ་པའང་དམིགས་པར་འདོད་དགོས་ལ། དེ་ཡང་ཐ་སྙད་དུ་དམིགས་པ་ནི་རང་གཞན་གཉིས་ཀར་གྲུབ་མོད། འདིར་དོན་དམ་དཔྱོད་པའི་སྐབས་ཡིན་པས་དོན་དམ་པར་དམིགས་པར་འདོད་དགོས་སོ། །དེ་ལྟར་ན་བུམ་པ་དོན་དམ་པར་ཡོད། བདེན་གྲུབ་དེ་གཉིས་ཆར་མེད་པས་གཞལ་བྱ་བདེན་གྲུབ་བཀག་ཤུལ་དུ་བུམ་པ་དངོས་སུ་འཕེན་པས་མ་ཡིན་དགག་གི་སྟོང་ཉིད་དེས་སྟོང་གོ་མི་ཆོད་དེ། ཆོས་ཐམས་ཅད་མི་སྟོང་བདེན་གྲུབ་ཏུ་འགྱུར་རོ། །སྟོང་ཉིད་ནི་དངོས་དངོས་མེད་ཀྱི་མཚན་མ་ཐམས་ཅད་དང་བྲལ་བས། ཁས་ལེན་དང་དམིགས་པ་དང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་མིན་ན། སྟོང་ཉིད་ནི་དངོས་མེད་ཀྱི་མཚན་མ་དང་། ཁས་ལེན་དང་དམིགས་པ་ཅན་དུ་འགྱུར་ལ། དེ་ལྟ་ན། བདེན་པ་གཉིས་ཆར་དམིགས་པ་ཅན་ཡིན་པས། བུམ་པ་དངོས་པོའི་མཚན་མར་འཛིན་པ་དང་། བདེན་སྟོང་དངོས་མེད་གཉིས་སོ་སོའི་མཚན་ཉིད་ཅན་དུ་དམིགས་པ་ཡོད་བཞིན་དུ། ལམ་དེས་ཁམས་གསུམ་གྱི་ཆགས་པ་ལས་ངེས་པར་ཇི་ལྟར་འབྱུང་། མི་རྟོག་ཡེ་ཤེས་ཇི་ལྟར་འབྱུང་། གཉིས་སྣང་ཇི་ལྟར་ནུབ་སྟེ། སྟོང་ཉིད་དེ་འདྲ་རྟོགས་ཀྱང་། དེ་དག་འབྱུང་བའི་རྒྱུ་མེད་པའི་ཕྱིར་རོ། །གནག་རྭ་རི་རྭས་སྟོང་པ་ལ་བདེན་གཉིས་འགལ་མེད་ཀྱི་རྟོགས་པ་ཟབ་མོ་འཕགས་པའི་སྤྱོད་ཡུལ་ཇི་ལྟར་ཡོད་དེ། བྱིས་པ་རྣམས་ཀྱིས་ཀྱང་གནག་རྭ་རི་རྭས་སྟོང་པར་ཤེས་མོད་དེ་ལྟ་བུ་ལ་བདེན་གཉིས་འགལ་མེད་ཀྱི་དོན་ཅི་ཡང་མེད་པ་བཞིན་ཏེ། འགལ་བར་དོགས་པའང་མི་ཟ་བ་བཞིན་ནོ། ༈ །ཡང་། བདེན་མེད་དུ་འཛིན་པ་གཏོང་མི་རུང་ཟེར་ན། སྔ་རབས་པ་དག་གིས་སྤྲོས་པ་དང་བྲལ་བ་ཡིན་ནོ། །ཞེས་ཁས་ལེན་ཏེ། སྤྲོས་བྲལ་ཀྱང་མིན་ཞེས་ནམ་ཡང་ཁས་མི་ལེན་པས། སྤྲོས་བྲལ་ཡིན་ནོ་སྙམ་དུ་བཟུང་བའང་སྟོང་ཉིད་བསྒོམ་པའི་གོ་ཆོད་དེ། སྤྲོས་བྲལ་ཡིན་པ་ལས་ནམ་ཡང་མི་ལྡོག སྤྲོས་བྲལ་གནས་ལུགས་ཡིན། དེ་བཞིན་ཆོས་ཐམས་ཅད་སྟོང་པ་ཉིད་དམ། དམིགས་སུ་མེད་པའོ་ཞེས་སོགས་ཀྱང་དེ་དང་འདྲ། ཅིར་ཡང་ཡིད་ལ་བྱེད་དུ་མེད་པའོ་ཞེས་བཟུང་ནའང་དེ་དང་འདྲ་སྟེ། འདི་ཐམས་ཅད་ཚུལ་འདྲའོ། ། བདེན་གཉིས་དབྱེར་མེད་ཡིན་ནོ་ཞེས་སོགས་འཛིན་སྟངས་དོན་མཐུན་ཡིན་པར་བདེན་མེད་དུ་འཛིན་པ་དང་འདྲའོ། །རྟེན་འབྱུང་ཡིན་ནོའང་དེ་འདྲ་སྟེ། ཁྱོད་ལ་རྟེན་འབྱུང་མེད་ན་བདེན་མེད་ཁོ་ནས་དབུ་མའི་གོ་མི་ཆོད་པའི་ཕྱིར། ༈ ཅི་ཙམ་དུ་དམིགས་པ་དང་འདུ་བྱེད་ཐམས་ཅད་བདུད་ལས་སུ་བསྟན་པའི་དོན་ནི། མཐར་ཐུག་གི་གནས་ལུགས་ལ་དཔྱད་པའི་དབང་དུ་བྱས་ཏེ། གནས་ལུགས་ལ་དངོས་དངོས་མེད་སོགས་མཐའ་བཞིའི་སྤྲོས་པ་གང་ཡང་དམིགས་སུ་མེད་དོ། །དེའི་ཕྱིར་མཚན་མེད་ཀྱི་ཏིང་འཛིན་ཡིན། བདེན་མེད་དུ་དམིགས་པའང་མེད་པར་དམིགས་པ་ལས་མ་འདས་སོ། །སྤྲོས་བྲལ་ཀྱང་དེ་དང་འདྲ། སྤྲོས་བྲལ་ལ་དམིགས་རྒྱུ་དང་། དམིགས་མེད་ཉིད་དམིགས་པར་སོང་ན་བསྐྲུ་སྨན་དུག་སོང་འདྲའོ། །དོན་དམ་པར་དམིགས་སུ་མེད་པར་རྟོགས་ན་ཐ་སྙད་སྒྱུ་མ་ཙམ་དུ་དམིགས་ནས་ལམ་སྒྲུབ་པ་སོགས་མི་འགོག་སྟེ། དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་པ་མི་འགལ་བ་བཞིན། དམིགས་མེད་ཀྱི་བྱམས་སོགས་དང་། སྦྱིན་སོགས་བཞིན་ནོ། །དེས་ན་བདེན་གཉིས་འགལ་མེད་གོ་དགོས། བདེན་མེད་དང་དོན་དམ་པར་མེད་པ་དོན་གཅིག་ཏུ་གོ་དགོས། དོན་དམ་པར་མེད་པ་དང་ཐ་སྙད་དུ་ཡོད་པ་འགལ་མེད་དོན་གཅིག་ཏུ་འཆར་དགོས། དེ་ལྟ་ན་བདེན་གཉིས་ཟུང་འཇུག་སོགས་འཕགས་པའི་ལམ་ཡང་དག་ཏུ་འགྲོའོ། །དོན་དམ་དངོས་མེད་ཀྱི་མཚན་མར་འཛིན་པ་ནི། དོན་དམ་དམིགས་མེད་ལ་དམིགས་པར་བཟུང་བས་བསྐྲུ་སྨན་དུག་སོང་འདྲ་སྟེ། མཐར་ཐུག་དཔྱོད་པའི་དབང་དུ་བྱས་ནའོ། །དེ་བཞིན་མི་རྟག་པ་ཡིད་ལ་བྱེད་ཀྱང་། མཐར་ཐུག་གི་དོན་ལ་མི་རྟག་པར་དམིགས་སུ་མེད་པས། མདོར་ན་སྟོང་པ་ཉིད་ལ་མཚན་མར་བཟུང་ནས་དམིགས་པ་ཅན་ཐམས་ཅད་ཤེར་ཕྱིན་ལྟར་སྣང་ཡིན། དམིགས་པ་ཅན་ཐམས་ཅད་ཀུན་རྫོབ་ལས་མི་འདའ། དམིགས་མེད་ནི་དོན་དམ་པའོ། །དམིགས་དམིགས་མེད་འགལ་མེད་དུ་རྟོགས་ནས་ལམ་ཚོགས་གཉིས་ལ་སློབ་པ་ནི་ཤེར་ཕྱིན་ཡང་དག་པའོ། །དགེ ༈ ལས་དང་པོ་པ་གནས་ལུགས་ལ་གོ་མྱོང་གནད་དུ་མ་སོང་བ་དག་གི་བསམ་ངོར། སྟོང་པས་སྣང་བ་བཀག་པ། སྣང་བས་སྟོང་པ་བསྒྲིབ་པ་ལྟར་སོང་ནས་དོན་གཅིག་ཏུ་འཆར་མ་བཏུབ་པའི་ཚེ་དབུ་མའི་དོན་མ་གོ་བ་ཡིན། དེ་རེ་ཞིག་བདེན་མེད་སོགས་བློ་ཡུལ་དུ་འཆར་བ་དེས་ཁ་ཁྲིད་བྱ་བ་ལས་འོས་མེད། བདེན་གཉིས་དོན་གཅིག་ཤར་ཚེ། སྟོང་བས་སྣང་བ་མ་བཀག སྣང་བས་སྟོང་བ་མི་སྒྲིབ་པར་སྣང་སྟོང་དབྱེར་མེད་དོན་གཅིག་རྟོགས་ཚེ་དབུ་མའི་དོན་གོ་བ་ཡིན། དེའི་ཚེ་ཡེ་ནས་མ་སྟོང་ན་སྣང་ཚུལ་རྒྱུ་འབྲས་བྱ་བྱེད་སོགས་ཐམས་ཅད་མི་འཐད་ལ། སྟོང་པའི་ཕྱིར་དེ་ལྟར་འཐད་པ་དང་། སྣང་བ་མིན་ན་སྟོང་པའང་མེད་པར་འགྱུར་ཏེ། རི་རྭ་ལྟ་བུ་གཏན་མེད་ནི་སྟོང་ཉིད་ཀྱི་དོན་མིན་ཞིང་། ཆོས་གཅིག་ལ་ཕན་ཚུན་གཅིག་མེད་པ་དང་། སྔར་ཡོད་ཞིག་ནས་མེད་པ་དང་། མ་འོངས་པ་ད་ལྟ་མ་སྐྱེས་ནས་མེད་པ་དང་ཕྱོགས་ཁ་ཅིག་ན་བུམ་པ་མེད་པ་ལྟ་བུ་སོགས་མེད་པའི་བྱེ་བྲག་ཇི་སྙེད་པ་ཐ་སྙད་དུ་མེད་ཚུལ་གྱི་བྱེ་བྲག་ཡིན་པས། དེ་འཇིག་རྟེན་པས་རྟོགས་ནུས་ན། རང་བཞིན་མེད་པའམ་སྟོང་ཉིད་ཀྱི་ཕྱོགས་མགོ་ཡང་མིན། སྟོང་ཉིད་ནི་ཐ་སྙད་དུ་ཡོད་པའི་ཆོས་རྣམས་གདོད་ནས་སྐྱེ་བ་མེད་པའི་སྟོང་པར་གནས་པ་གོ་བ་ཡིན་ལ། དེ་གཅིག་དུ་བྲལ་སོགས་ཀྱི་གཏན་ཚིག་ལ་བརྟེན་ནས་གོ་དགོས་པ་ཡིན། དེས་ན་ཐ་སྙད་དུ་ཡོད་པའི་ཆོས་རྣམས་མེད་ན་དེའི་སྟོང་པའང་མེད་པར་འགྱུར་ཏེ། རང་བཞིན་ཅན་མེད་པའི་རང་བཞིན་དང་། ཆོས་ཅན་མེད་པའི་ཆོས་ཉིད་ནི་མོ་གཤམ་གྱི་བུ་བཞིན་དུ་གཏན་མེད་དུ་འགྱུར་རོ། །དེས་ན་སྣང་སྟོང་འདི་གཉིས་དངོས་པོའི་ཆོས་ཉིད་ཀྱིས་འབྲལ་མེད་ཡིན་པས། ཀུན་རྫོབ་སྣང་བ་སྤང་བའི་ཕ་རོལ་ན་དོན་དམ་མམ་སྟོང་ཉིད། སྟོང་པ་སྤང་བའི་ཚུ་རོལ་ན་སྣང་བའམ་ཀུན་རྫོབ་ཡོད་མི་ཤེས་པས། ཡེ་ནས་འབྲལ་མེད་དུ་གོ་དགོས། དེ་ལྟར་ན། དམིགས་པ་དང་མི་དམིགས། སྟོང་སྣང་། ཀུན་རྫོབ་དོན་དམ་མཉམ་པ་སྟེ། །ཚིག་དང་ལྡོག་པའི་ཁྱད་ཡོད་ཀྱང་། །དོན་གྱི་ངོར་དབྱེར་མེད་ཡིན་པར་ཤེས་པར་བྱའོ། ། ༈ གནས་ལུགས་བདེན་པ་དབྱེར་མེད་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་དེ་ཉིད་མངོན་དུ་བྱས་པའི་སྤྱོད་ཡུལ་དུ་ཁས་ལེན་མེད་པ་དང་། དམིགས་པ་མེད་པ་དང་། འཛིན་པ་མེད་པ་དང་། བསམ་བྱ་དང་། བརྗོད་པར་བྱ་བ་ལྡོག་པ་ལ། དེ་ལྟར་མ་རྟོགས་ནས་ཅི་ཡང་མི་འཛིན་པ་ཧ་ཤང་གི་ལྟ་བ་དང་། སྐྱོན་གདགས་སུ་དོགས་པས་ཁས་ལེན་མེད་པ་ངན་གཡོའི་ལྟ་བ་དང་། ལྐུག་པས་བུ་རམ་མྱོང་བའམ་བྱིས་པས་ལྷ་ཁང་མཐོང་བ་ལྟར་བརྗོད་མི་ནུས་པ་དང་། ཡང་ན་ཤེས་བྱ་དང་བརྗོད་བྱ་གཏན་མེད་དུ་བཟུང་ནས་བློ་ཡུལ་དུ་མ་ཤར་བའི་བསམ་མེད་བརྗོད་མེད་འདྲ་བར་འཛིན་པ་ནི་ཤིན་ཏུ་བཞད་གད་ཀྱི་གནས་ཏེ། སྟོང་ཉིད་དང་དེ་ཁོ་ན་ཉིད་ཀྱི་མིང་བརྗོད་ཤེས་ཀྱང་དོན་ཕྱོགས་ཙམ་འཆར་མ་མྱོང་བའི་རང་མཚངས་ལྷུག་པར་བསྟན་པར་ཟད་དོ། །༈ དཔེར་ན་བདེན་གྲུབ་མེད་པར་རིགས་པའི་ལམ་ནས་ངེས་ཤེས་མ་སྐྱེས་པར། བདེན་པར་གྲུབ་པ་མེད་དོ་སྙམ་པ་དང་། རིགས་པའི་ལམ་ནས་བདེན་མེད་དུ་ངེས་ནུས་བདེན་གྲུབ་མེད་དོ་སྙམ་པ། བདེན་གྲུབ་མེད་པར་ཡིད་ལ་བྱེད་པར་འདྲ་ཡང་སྔ་མས་གོ་མི་ཆོད་ལ། ཕྱི་མས་ཆོད་པའི་ཁྱད་ཡོད་པ་ལྟར། ཧ་ཤང་གིས་ཆོས་ཐམས་ཅད་མཐའ་བྲལ་དམིགས་པ་མེད་པར་རིགས་པས་དཔྱད་པ་སྔོན་དུ་བཏང་ནས་ངེས་པ་མ་སྐྱེས་པར་ཅི་ཡང་མི་འཛིན་པ་དང་། མཐའ་བཞིའི་སྤྲོས་བྲལ་དུ་རིགས་པས་ངེས་པ་རྙེད་པའི་ཅི་ཡང་མི་འཛིན་པ་གཉིས་འདྲ་བའི་གོ་སྐབས་ག་ལ་ཡོད་དེ་སྔ་མ་བཞིན་ནོ། །༈ སྤྲོས་བྲལ་ནི་མཚན་མ་མེད་པའི་རིགས་པས་འགྲུབ་ལ་བདེན་མེད་མེད་དགག་གི་མཚན་མ་ཙམ་རིགས་པས་གྲུབ་བོ་སྙམ་ན། ཐ་སྙད་དམ་དོན་དམ་དཔྱོད་རིགས་གང་གིས་འགྲུབ། ཐ་སྙད་དུ་འགྲུབ་པར་ངེད་ཀྱང་འདོད་མོད། དེ་ཙམ་གནས་ལུགས་མཐར་ཐུག་མིན་ལ། མཐར་ཐུག་དཔྱོད་རིགས་ཀྱིས་གྲུབ་ན། བདེན་མེད་དུ་དམིགས་པ་ཉིད་དཔྱད་བཟོད་དང་བདེན་གྲུབ་ཏུ་འགྱུར་དགོས་ན་དེ་མི་འཐད་པའི་ཕྱིར་རོ། ། ༈ མདོར་ན་རེ་ཞིག་རྣམ་གྲངས་པའི་དོན་དམ་སྒྲུབ་པའི་ཚེ། དོན་དམ་པར་དཔྱད་བཟོད་མེད་པ་ལ་བདེན་མེད་དང་། དེ་ཡོད་པ་ལ་བདེན་གྲུབ་ཀྱི་ཐ་སྙད་སྦྱར་བ་རང་གཞན་སུས་ཀྱང་འདོད་པས། དོན་དམ་པར་མེད་པ་དང་། བདེན་མེད་དོན་དམ་དཔྱོད་པས་དཔྱད་བཟོད་དུ་མེད་པ་རྣམས་དོན་གཅིག་ཏུ་ཁས་ལེན་ན་རྩོད་པ་མི་འབྱུང་ལ། ཐ་སྙད་ཇི་ལྟར་བྱས་ཀྱང་འགལ་བ་མེད་མོད། དེ་ལྟར་ན་མཐར་ཐུག་སྤྲོས་བྲལ་དུའང་འགྲུབ་མོད། བདེན་མེད་མེད་དགག་གི་མཚན་མར་ཞེན་ནས་དེ་གནས་ལུགས་མཐར་ཐུག་ཏུ་འདོད་ནས་སྤྲོས་བྲལ་འགོག་པ་ལྟར་ན། ཁྱོད་ཀྱི་སྟོང་ཉིད་ནི་བདེན་གྲུབ་ཁོ་ནའི་སྟོང་ཉིད་ཡིན་པས། བདེན་གྲུབ་མེད་ན་ཟུང་འཇུག་ཀྱང་མེད་པར་འགྱུར་ཏེ། སྟོང་སྣང་དོན་གཅིག་པའི་བདེན་གྲུབ་མེད་པ་རི་རྭ་དང་། དེའི་སྟོང་པ་བཞིན་ནོ། །སྐྱེ་འགག་མེད་པ་ནི་བདེན་གྲུབ་འབའ་ཞིག་ཡིན་དགོས་ཏེ། བདེན་གྲུབ་ཡེ་ནས་མ་སྐྱེས་མ་འགག་པ་ཡིན་གྱི། བུམ་སོགས་ཆོས་ཐམས་ཅད་ནི་སྐྱེ་འགག་ཡོད་པས་སྟོང་ཉིད་དུ་མི་རུང་ངོ་། །དེས་ན་སྟོང་ཉིད་དེ་རྟོགས་པས་བདེན་གྲུབ་སྐྱེ་འགག་མེད་པར་རྟོགས་ཏེ་རི་རྭ་བཞིན་ནོ། །སྣང་སྟོང་ཟུང་འཇུག་ཡོད་ན་བདེན་གྲུབ་ཏུ་སྣང་བ་དང་། དེ་སྟོང་པ་ཟུང་འཇུག་དགོས་ན་བདེན་གྲུབ་རི་རྭ་གཉིས་མེད་མཉམ་ལ་སྣང་རྒྱུ་ག་ལ་ཡོད། སྣང་རྒྱུ་མེད་པ་ལ་སྟོང་རྒྱུ་ག་ལ་ཡོད་དེ། སྟོང་པར་གདགས་པའི་གཞི་མེད་པའི་ཕྱིར། རི་རྭ་ལའང་སྟོང་པར་མི་གདགས་སམ་ཞེ་ན། དེ་གཏན་མེད་ཡིན་པས་དེ་འདྲས་སྟོང་ཉིད་ཀྱི་གོ་མི་ཆོད་དེ། རང་བཞིན་མེད་པ་དང་མེད་པའི་ཁྱད་པར་ཇི་ལྟར་འབྱེད། འོ་ན་ཁྱོད་ཀྱི་ལུགས་ལ་བདེན་གྲུབ་ཐ་སྙད་དུ་ཡོད་ཟེར་རམ་ཟེར་ན། བདེན་གྲུབ་ཞེས་པ་དོན་དཔྱོད་ཀྱིས་དཔྱད་བཟོད་ལ་འཇོག་པས། བདེན་པར་གྲུབ་པའི་གྲུབ་ཚད་དོན་དཔྱོད་ཀྱིས་དཔྱད་བཟོད་དུ་གྲུབ་པ་ལ་འཇོག་པས། དེ་ཐ་སྙད་དུའང་མེད་མོད། བདེན་གྲུབ་དེ་ཡང་ཅི་ཞིག་བདེན་པ་གྲུབ་ཅེས་གཞི་དང་མ་འབྲེལ་བར་མེད་པས་ན། བུམ་པ་དོན་དཔྱོད་ཀྱིས་དཔྱད་བཟོད་པ་ཐ་སྙད་དུའང་མེད་པ་ལ་བདེན་གྲུབ་མེད་པའི་བརྡ་སྦྱར་བ་ཡིན་པས། དོན་དཔྱོད་ཀྱིས་བུམ་པ་མ་གྲུབ་པ་ལ་བདེན་མེད་ཅེས་པ་ལས་འཇོག་བྱེད་གཞན་མེད་པས། ངེད་ཀྱི་ལུགས་ལ་དེ་གཉིས་ཁྱད་མེད། ཁྱོད་ཀྱི་ལུགས་ལ་དོན་དཔྱོད་ཀྱིས་བུམ་པ་མི་འགོག བདེན་གྲུབ་ཡན་གར་བ་འགོག་པའི་ཕྱིར་རོ། །དེ་ལྟར་ན་དོན་དཔྱོད་ཀྱི་བུམ་པ་མ་དམིགས་པ་བདེན་མེད་མིན་ཅིང་། བདེན་གྲུབ་ཡན་གར་བ་འགོག་པ་བདེན་མེད་ཡིན་པའི་ཕྱིར། དེ་ལྟ་ན་དེ་འདྲའི་སྟོང་པ་དེ་བུམ་པ་ལ་ལྡན་པར་བརྗོད་པའི་ལྡོག་པ་ཙམ་དུ་འགྱུར་བས་སྲད་བུ་དཀར་ནག་བསྒྲིལ་བ་ལྟར་བུམ་པ་མི་སྟོང་བ་ལ་བདེན་གྲུབ་ཡན་གར་བས་སྟོང་པའི་སྟོང་པ་ཡོད་པ། གནག་རྭ་རི་རྭས་སྟོང་པའི་སྟོང་པ་ལྟ་བུར་འགྱུར་རོ། །འདི་འབྲས་སྟོང་གོ་ཆོད་ན་བུམ་པའི་སྟེང་ན་དེར་མ་ཟད་རང་མིན་གཞན་གྱིས་སྟོང་པའི་སྟོང་པའི་རྣམ་གྲངས་ཚད་མེད་པར་འགྱུར་རོ། ། ༈ གཞན་ཡང་། སྟོང་ཉིད་རྒྱུ་འབྲས་སུ་འཆར་བར་གསུངས་པ་ལྟར་ན། སྐྱེ་བ་མེད་པ་སྐྱེ་སོགས་སུ་སྣང་། སྐྱེ་བར་སྣང་བས་སྐྱེ་མེད་ཡིན་པར་འགྲུབ་དགོས་ན། ཁྱོད་ལྟར་ན། བདེན་གྲུབ་དང་བདེན་མེད་རྒྱུ་འབྲས་སུ་འཆར་དགོས་ན་དེ་མི་སྲིད་དེ། རི་བོང་རྭ་དང་རྭ་མེད་རྒྱུ་འབྲས་སུ་འཆར་མི་རུང་བ་བཞིན་ནོ། །དེ་དག་ཐ་སྙད་དུ་མེད་པ་འབའ་ཞིག་དོན་རིགས་ཀྱི་དགག་བྱ་མིན་ཏེ། དེ་ཐ་སྙད་དུ་ཡོད་ཀྱང་སྟོང་པར་སྒྲུབ་དགོས། ཐ་སྙད་དུ་མེད་པ་ནི་ཐ་སྙད་དཔྱོད་རིགས་ཀྱིས་མེད་པར་འགྲུབ་པ། ཐག་སྦྲུལ་དང་། ཟླ་གཉིས་རི་རྭ་ལྟ་བུ་ཡིན། དེ་མེད་པར་ཤེས་ཀྱང་སྟོང་ཉིད་ཀྱི་དོན་ཅུང་ཟད་མེད། འཇིག་རྟེན་པས་ཀྱང་རྟོགས་ནུས་ཏེ། སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟག་པ་ཡང་། ཞེས་སོགས་བཞིན་ནོ། །དེས་ན་སྒྱུ་མ་སོགས་འཇིག་རྟེན་པས་སྟོང་པར་རྟོགས་པ་འདི། རྟ་གླང་དང་ཟླ་བ་དངོས་མིན་ཡང་དེ་ལྟར་སྣང་བ་ཡོད་པ་ལ་མི་བདེན་པར་རྟོགས་པ་དཔེར་བྱས་ན། སྣང་ཚད་བདེན་མི་དགོས་པའི་དཔེར་བྱ་རུང་གི འཇིག་རྟེན་རང་ག་པའི་བློས། ཟླ་གཉིས་སོགས་ངོ་བོ་ཉིད་ཀྱིས་སྟོང་པ་ཅུང་ཟད་ཀྱང་མ་རྟོགས་ཏེ། འཇིག་རྟེན་རང་ག་བའི་བློས། སྣང་བའི་ཆོས་གཅིག་སྟོང་ཉིད་དུ་རྟོགས་མི་ནུས་སོ། །ཟླ་གཉིས་སོགས་ཟླ་བ་དངོས་ཀྱིས་སྟོང་པར་ཤེས་ཀྱང་། ཟླ་གཉིས་སོགས་རྫུན་སྣང་ཙམ་རང་གི་ངོ་བོ་ཉིད་དུ་འཛིན་པ་ཡིན་ནོ། །ཐག་སྦྲུལ་སོགས་འཁྲུལ་བློས་བཟུང་བ་རྣམས་ཡུལ་དེ་འདྲ་མེད་པར་ཤེས་ཀྱི། ཡུལ་གྱི་ངོ་བོ་ཉིད་ཡེ་ནས་སྐྱེ་མེད་དུ་མི་ཤེས་ཏེ། འཁྲུལ་རྐྱེན་གྱིས་སྐྱེས་ལ། འཁྲུལ་པ་ལྡོག་ཚེ་འགག་པར་ཤེས་ཀྱི། ཡེ་ནས་སྐྱེ་འགག་མེད་པར་མི་རྟོགས་སོ། །ཆོས་ཐམས་ཅད་སྣང་བཞིན་ཡེ་ནས་སྐྱེ་འགག་མེད་པར་ཤེས་པ་ནི་སྟོང་ཉིད་རྟོགས་པ་རྣམས་ཀྱིའོ། །དེ་ལ་ཟླ་གཉིས་སྦྲུལ་སྣང་རྫུན་པར་ཤེས་པའི་སྟེང་དུ་སྐྱེ་འགག་མེད་བཞིན་སྣང་བ་ཡིན་པའི་རིགས་པས་བརྡ་སྤྲད་ནས་ཆོས་ཐམས་ཅད་དེ་དང་འདྲ་བར་དབུ་མ་པས་བསྟན་ན་ཤེས་པར་འགྱུར་ཏེ། གཉིས་ཀ་ལ་ནི་འདོད་པའི་དཔེས། ། ཞེས་དང་། གཟུགས་ལ་སོགས་དེ་མ་སྐྱེས་པས། །རེ་ཞིག་དེ་གཉིས་བཙད་བྱ་སྟེ། ། ཞེས་སོགས་གསུངས་པ་བཞིན་ནོ། །དགེ ༈ ཡང་ཁ་ཅིག་ན་རེ། གང་ཟག་བདག་འཛིན་གྱི་རྩ་བ་ཕུང་པོ་བདེན་འཛིན་ཡིན་པས། དེ་མ་སྤང་བར་གང་ཟག་བདག་མེད་ཡན་གར་དུ་རྟོགས་ཐབས་མེད་སྙམ་ན། ཡོད་དེ། ཐག་ཁྲ་མེད་པར་མ་ཤེས་ཀྱང་སྦྲུལ་བློ་ལྡོག་པ་བཞིན་ནོ། །གལ་ཏེ་རང་རྒྱུད་ཀྱི་ཕུང་པོར་བཟུང་བ་ཙམ་གྱིས་ངའོ་སྙམ་པ་ལྷན་སྐྱེས་མི་ལྡོག་སྙམ་ན། ཅིའི་ཕྱིར་དྲི། དེའི་གདགས་གཞི་དེ་ཡིན་པའི་ཕྱིར་ཞེ་ན། ཕུང་པོ་ལྔ་བདེན་མེད་དུ་ཤེས་ཀྱང་། ཇི་སྲིད་ཐ་སྙད་དུ་ཕུང་པོར་སྣང་བ་སྲིད་དུ་བདེན་འཛིན་ཡང་མི་ལྡོག་སྟེ། ཁྱེད་ཀྱི་ལུགས་ལ་བདེན་གྲུབ་བཀག ཕུང་པོ་མི་དགག་པའི་ཕྱིར། བདེན་འཛིན་གྱི་གདགས་གཞི་ཐ་སྙད་དུ་ཡོད་པའི་ཆོས་རྣམས་ཡིན་ཏེ། ཐག་སྦྲུལ་བཞིན་ནོ། །དེས་ན་ཕུང་པོ་ལྔ་རྒྱུན་ཆད་མི་སྣང་བར་མ་གྱུར་བའི་བར་དུ། བདེན་མེད་མི་ལྡོག་པར་ཐལ་ལོ། །ངེད་ཀྱི་ལུགས་ལ་ཕུང་པོ་ལྔ་ཉིད་སྟོང་པའི་ཕྱིར་སྣང་བས་མི་འཆིང་སྟེ། བློས་རྐྱེན་བྱེད་ཀྱི་འཁྲུལ་རྐྱེན་འབའ་ཞིག་མི་ནུས་སོ། །ཁྱེད་ཀྱི་ལུགས་ལ་འཁྲུལ་གཞི་བྱེད་དོ། །འདི་གལ་ཆེའོ། ། ༈ ཡང་དབང་ཤེས་ལ་རང་རིག་མེད་པའི་གཏན་ཚིགས་སུ། རྣམ་འགྲེལ་ལས། གཅིག་གི་གཉིས་ཤེས་མ་ཡིན་ཞེས་ལུང་དྲང་བ་བློ་ཆོས་ལ་མཚར་མཚར་བརྗོད་པ། སྒོ་ལྔའི་རྣམ་ཤེས་ཆོས་ཅན། བདེ་སྡུག་མི་ཤེས་པར་ཐལ། རང་ཡུལ་གཅིག་པུ་ཤེས་པ་ལས་གཞན་མི་ཤེས་པར་འདོད་པའི་ཕྱིར། འདོད་ན། ལུས་ཤེས་ཀྱིས་བདེ་སྡུག་མི་ཤེས་པ་སོགས་འཆི་དུས་ཀྱི་ཐིམ་རིམ་དམ་བཅའ་བ་ཁྱོད་ལ་བྱུང་བ་མིན་ནམ་ཅི། བདེ་སྡུག་ཤེས་ན་དེ་རང་རིག་ཏུ་འགྱུར་ཏེ། སྒོ་ལྔའི་རྣམ་ཤེས་དང་མཚུངས་ལྡན་དུ་གྱུར་པའི་ཚོར་བ་དེ་ཉིད་དེས་ཤེས་པ་ཡིན་གྱི། དེ་ཤེས་བྱེད་ཤེས་པ་གཞན་དགོས་པ་མིན་ནོ། ། དཔེར་ན་ལུས་ཤེས་ཀྱིས་ཚ་གྲང་གི་རེག་བྱ་གཅིག་པུ་མྱོང་གི རེག་བྱ་དེ་ལས་བྱུང་བའི་རང་གི་ཚོར་བ་བདེ་སྡུག་མི་ཤེས་པའི་དོན་དུ་བསམ་ནས་རྣམ་འགྲེལ་གྱི་ལུང་དོན་འཆད་མ་ཤེས་པར་གོ་ལོག་ཏུ་འཛིན་པས་ནི། ལུས་ཤེས་ཀྱིས་བདེ་སྡུག་མི་ཚོར་བར་ཁས་ལེན་དགོས་པས་གདན་སའི་མཁས་པ་ཆེན་པོར་གྲགས་པའི་ཁས་ལེན་འདི་མཁས་པའི་ཚོགས་སར་དབྱུང་བྱ་མིན་པས་སྦས་ན་ལེགས་སོ། །གཅིག་གིས་གཉིས་ཤེས་མ་ཡིན་ཏེ། ཞེས་སོགས་ཀྱི་དོན། དབང་པོ་སོ་སོ་ལས་བྱུང་བའི་ཤེས་པས་རང་ཡུལ་སོ་སོ་འཛིན་པར་ངེས་ཀྱི། དབང་པོ་གཞན་གྱི་ཡུལ་མི་ཤེས་པའི་དོན་ཡིན་པར་རྒྱ་བོད་མཁས་པ་ཀུན་གྱིས་བཤད་པ་མ་གོ་བར་ཁྱོད་ཀྱི་རྣམ་འགྲེལ་འཆད་ཚུལ་འདི་ཆེས་ངོ་མཚར་ཆེ་སྟེ། ཤེས་པ་གཅིག་གི་ཡུལ་གཉིས་མི་འཛིན་ན། མིག་ཤེས་ཀྱིས་སྔོན་པོ་ལྟ་བུ་གཅིག་ལས། དེ་དང་དུས་མཉམ་པར་སེར་པོ་སོགས་མི་འཛིན་པ་དང་། རྣ་ཤེས་ཀྱིས་དུང་དང་རྔ་སྒྲ་མཉམ་དུ་མི་ཤེས་པར་འདོད་དགོས་ན། མངོན་སུམ་གྱིས་བསལ་བ་ཁས་ལེན་པ་ཧ་ཅང་དགོད་བྲོ་བའི་གཏམ་འདི་ཁྱེད་ལས་གཞན་སུ་ཞིག་གིས་སྨྲ། ཧ་ཧ། གཞན་ཡང་ཁྲ་འཛིན་མིག་ཤེས་ཀྱི་ཡུལ་དུ་གྱུར་པའི་ཁ་དོག་དཀར་དམར་སྔོ་སོགས་ཡུལ་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ཡིན་ན་མངོན་སུམ་དང་འགལ་ལ། ཐ་དད་ཡིན་ན་གཅིག་གིས་གཉིས་ཤེས་མ་ཡིན་པར་དམ་བཅའ་བ་ཉམས་པར་འགྱུར་རོ། །དེ་བཞིན་རྔ་དུང་སོགས་ཀྱི་སྒྲ་སྣ་ཚོགས་ཀྱི་ཅ་ཅོ་ཐོས་པའི་རྣ་ཤེས་དང་། ཡུལ་སྔོན་པོ་ལྟ་བུའི་རྡུལ་ཤར་མ་དང་ནུབ་མ་མཐོང་བའི་མིག་ཤེས་ཀྱི་ཡུལ་དེ་གཅིག་ཐ་དད་ཀྱང་དེ་བཞིན་དུ་དཔྱད་ན། དབང་ཤེས་གཅིག་གིས་ཡུལ་གཅིག་ཁོ་ན་ཤེས་པར་ཁས་བླང་བའི་གཅིག་དེ་ཅི་འདྲ་ཞིག་ལ་ངོས་འཛིན་བརྗོད་པར་གྱིས་ཤིག ཡང་བདེན་གཉིས་གོ་ཆོད་མི་ཆོད་ཐད། འཕགས་པའི་དོན་དམ་གཟིགས་པ་ལ་དགོས་པ་མེད་པར་ཐལ། དོན་དམ་པར་མེད་པས་མེད་གོ་མི་ཆོད་པའི་ཕྱིར། སོ་སྐྱེའི་གཉིས་སྣང་གཉིས་ཞེན་འགོགས་པའི་ལམ་མེད་པར་ཐལ། ཀུན་རྫོབ་གཉིས་སྣང་ཡོད་པས་ཡོད་གོ་ཆོད་ཅིང་། དོན་དམ་པར་མེད་པས་མེད་གོ་མི་ཆོད་པའི་ཕྱིར། དེ་ལྟར་ན་འཕགས་ལམ་ལ་སྐར་འདེབས་ཆོས་སྤོང་གི་ལས་བསགས་པའི་ཚིག་འདི་ངོ་མཐོན་དུ་སྨྲས་པ་ལ་ལེགས་པ་ཅི་ཞིག་འདུག་སོམས་ཤིག ནམ་མཁར་སོགས་བཞིན་རྗེས་འཇུག་གཞན་ཕྱིས་ནས་རྣམ་དབྱེ་སྦྱར་བ་བླ་མའི་མན་ངག་ཡིན་གསུངས་པ། མན་ངག་ཅེས་པ་ཚེགས་ཆུང་ལ་དོན་ཆེན་པོ་བདེ་བླག་བྱེད་ནུས་པ་ཡིན་ན། འདི་འདྲའི་སྒྲ་སྦྱར་བས་ཚིག་ཉམས་དོན་མི་གོ་བ་འདི་བླ་མ་སུས་མན་ངག་ཏུ་གནང་། ཁྱེད་ཡི་གེ་པས་ཡིག་ནོར་བྱུང་བ་ལའང་ཐུགས་བརྩེ་ཆེན་པོ་སྐྱེ་བ་ཞིག་གིས། ཡི་གེ་པ་ལས་གཉན་པའི་བླ་མར་རྫུན་ལྷང་ཞུ་བ་འདི་འོས་སམ་ཐུགས་དཔྱད་མཛོད་ཅིག ཧེ་ཧེ། ། ༈ ཡང་། དངོས་མཐའ་ཆོས་ཉིད་ལ་ཐུག་ནས། རྒྱུ་མཚན་འཚོལ་དུ་མེད་པ་ཅིའི་ཕྱིར་ན། དེ་ལྟར་སྣང་བ་འདི་ཉིད་ཐ་སྙད་བདེན་པའི་མཐའ་ཡིན་པའི་ཕྱིར་རོ། །གལ་ཏེ་མེ་ཚ་བར་སྣང་བ་ལའང་རྒྱུ་མཚན་གཞན་གྱིས་མ་བསྒྲུབ་བར་དུ་མི་འགྲུབ་ན། མངོན་སུམ་ཚད་མས་གྲུབ་པ་བསྒྲུབ་པ་མིན་པར་འགྱུར་ཞིང་། རྗེས་སུ་དཔག་པ་ཐུག་མེད་དུ་གྱུར་ནས་ཚད་མ་གང་ཡང་མེད་པར་འགྱུར་རོ། །དེས་ན་བློ་མ་འཁྲུལ་པ་ལ་ཇི་ལྟར་སྣང་བ་ཉིད་ཀྱིས་ཐ་སྙད་ཀྱི་གོ་ཆོད་པས་སུ་ཡང་དེ་ལ་ཐེ་ཚོམ་ཟ་བ་མེད་པའི་ཕྱིར་རྒྱུ་མཚན་མི་འདྲི་སྟེ། དྲིས་ན་མེ་ཚ་བ་ཡིན་མིན་ཐེ་ཚོམ་དུ་འགྱུར་དགོས་ན། དེ་འདྲའི་གང་ཟག་དེ་སྨྱོན་པ་མིན་པ་སུ་ཞིག་ཡོད་དེ་རང་གིས་རང་ལ་ཅོ་འདྲི་བར་འགྱུར་རོ། ། གལ་ཏེ་མེ་ཚ་བ་དང་ཆུ་གཤེར་བར་སྣང་བ་ནི་མྱོང་བས་གྲུབ་ཕྱིར་སྙོན་དུ་མེད་མོད། ཚ་བ་དང་གཤེར་བ། བདེ་བ་དང་སྡུག་བསྔལ་ཞེས་མི་འདྲ་བ་སྣ་ཚོགས་སུ་སྣང་བ་ལ་འདི་ཅི་ལས་བྱུང་ཞེས་འདྲི་ན། སེམས་ཀྱི་ཀུན་ཏུ་རྟོག་པ་ལས་བྱུང་སྟེ། སེམས་མེད་ན་ཚ་གྲང་སོགས་ཀྱི་མཚན་མ་མི་འཛིན་ནོ། །ཀུན་ཏུ་རྟོག་པ་གང་ལས་བྱུང་ཞེ་ན་སེམས་ལས་སོ། །སེམས་གང་ལས་བྱུང་ཞེ་ན་སྔ་མ་སྔ་མའི་སེམས་ལས་སོ། །སྔ་མ་སྔ་མའི་སེམས་གང་ལས་བྱུང་ཞེ་ན། ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་བག་ཆགས་ལའོ། །སྤྲོས་པའི་བག་ཆགས་གང་ལས་བྱུང་ཞེ་ན། སྔ་མ་སྔ་མ་སྟེ་ཇི་སྲིད་དུ་བརྗོད་ཀྱང་མཐའ་མེད་དོ། ། མཐའ་མེད་པ་ཅི་ལས་དེ་ལྟར་གྱུར་ཞེ་ན། སེམས་དང་ཆོས་རྣམས་ཀྱི་ངོ་བོ་དམིགས་སུ་མེད་པ་ལས་བྱུང་སྟེ། དམིགས་སུ་ཡོད་པ་ལ་ནི་ཐོག་མེད་མཐའ་མེད་མི་སྲིད་དོ། ། དམིགས་སུ་མེད་པ་ཅི་ལས་བྱུང་ཞེ་ན། དམིགས་སུ་མེད་པ་ལ་ནི་ཅི་ལས་བྱུང་བའི་རྒྱུ་མཚན་དང་བྱུང་བ་ངོ་བོ་རང་གི་ངོ་བོ་དམིགས་སུ་མེད་ན་དེ་ལ་རྒྱུ་མཚན་འཚོལ་བ་གང་ཡང་མེད་དེ་མཐར་ཐུག་པ་སྟེ། དཔེར་ན་ས་སོགས་རླུང་། རླུང་ནམ་མཁར་གནས་པ་བཞིན་ནོ། །ནམ་མཁའ་ཅི་ལ་གནས་ཞེས་དྲིས་ཚེ། སངས་རྒྱས་ཀྱིས། བྲམ་ཟེ་ཧ་ཅང་ཐལ་ཏེ། ནམ་མཁའ་གནས་མེད་པའི་ཕྱིར། ཅི་ལའང་མི་གནས་སོ། །ཞེས་གསུངས་པ་ལྟར་རོ། །དེས་ན་ཐམས་ཅད་ཀྱི་མཐའ་སྟོང་པ་ཉིད་ལ་ཐུག་པས་ངོ་བོ་ཉིད་ཀྱིས་མ་བྱུང་མ་སྐྱེས་པའི་ཕྱིར། ཐོག་མ་ཐ་མ་མེད་དོ། །མཐའ་དང་དབུས་མེད་དོ། །འཕེལ་བ་དང་འགྲིབ་པ་མེད་དོ། །ཇི་ལྟར་ཀུན་ཏུ་རྟོག་པ་ཅན་ལ། སྐྱེ་འགག་དང་བདེ་སྡུག་སོགས་མི་མཉམ་པས་སྣང་བ་ཐམས་ཅད། རྟོག་པའི་དབང་གིས་སྣང་ཞིང་དེ་ལྟར་ཐ་སྙད་བྱེད་པའི་ཚད་གྲུབ་ལྟར་བརྗོད་དོ། །རྟོག་པས་བཏགས་པ་ཙམ་ལས་ཆོས་གང་ཡང་ངོ་བོས་གྲུབ་པ་མེད་དེ་ཀུན་རྫོབ་ཅེས་པ་འདི་ཙམ་དུ་ཟད་དོ། །ཡང་དག་པར་ན་ངོ་བོས་གྲུབ་པ་གང་ཡང་མེད་པ། དེའི་ཕྱིར་ནམ་མཁའ་ལྟར་མཉམ་པ་ཉིད་ལས་མི་འགྱུར་རོ། །དེའི་ཕྱིར་མེ་ཚ་བའི་དངོས་གཞི་ལོག་པ་རྣམས་ལ་མེ་མི་ཚ་ཡང་། དེས་ཐུན་མོང་པའི་ངོར་ཚ་བ་དགག་མི་ནུས་ཏེ། རྟོག་པ་གོམས་པའི་བྱེ་བྲག་གིས་གང་སྣང་བ་ལྟར་ཀུན་རྫོབ་ཏུ་རང་རང་གིས་འཛིན་དགོས་པའི་ཕྱིར། དེའི་ཕྱིར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱང་ཆོས་ཀྱི་དབྱིངས་འཕེལ་འབྲི་མེད་པ་སོགས་ཚུལ་འདིས་ཁོང་དུ་ཆུད་པར་བྱའོ། ། མེ་རྟ་ཟླ་གསུམ་པའི་ཚེས་གཉིས་ལ་འཕྲལ་དྲན་དགེ ༈ དངོས་མཐའ་ཆོས་ཉིད་ལ་ཐུག་ནས་རྒྱུ་མཚན་མི་འཚོལ་བ། རྟོག་པས་བཞག་པ་ཙམ་ལ་ཐུག དེའི་ཕྱིར་ན་ཕྱི་དོན་གྱི་མེ་ཚ་བ་ལོག་པའི་རི་དྭགས་མེའི་གཙང་སྦྲ་ཅན་སོགས་ལྟ་བུས་ཚད་མ་མ་གྲུབ་པ། ནང་གི་རྟོག་པས་བཞག་པ་ཙམ་ལས་ཕྱི་དོན་རང་དབང་དུ་མ་གྲུབ་པའི་གནད་ལ་ཐུག དེ་ལྟར་ན་རྒྱུ་འབྲས་འཆོལ་ལོ་སྙམ་ན། མི་འཆོལ་བའི་ཚུལ། རྟེན་འབྱུང་གི་སྣང་བ་བསླུ་མེད་ཚད་གྲུབ་ལ་དཔྱད་ན། མེ་ཚ་བ་ཚད་གྲུབ་ལ། རི་དྭགས་མིའི་གཙང་སྦྲ་ཅན་ལ་མེ་ཚ་བ་དང་། བཙན་དུག་གིས་འཆིའམ་གནོད་པ། རྨ་བྱ་ལ་ཕན་པ་སོགས་ཀྱིས་མཚོན། ཆུ་གཅིག་ལའང་སྣ་ཚོགས་སུ་སྣང་བ་དང་། བསམ་གཏན་གྱི་སྒོ་ནས་མེ་ནང་བརྫིས་ཀྱང་མི་འཚིག་པ་དང་། སྔགས་ཀྱིས་མེ་མི་ཚ་བ་སོགས་རྟེན་འབྲེལ་སྣ་ཚོགས་ཀྱིས། དངོས་པོ་གཅིག་ཀྱང་མི་འདྲ་བའི་བྱེད་པ་སྣ་ཚོགས་སུ་སྣང་བ། ལས་དང་། བསམ་གཏན་དང་སྔགས་དང་རྫུ་འཕྲུལ་གྱི་རྣམ་པ་སྣ་ཚོགས་སུ་འགྱུར་བ་ནི་བསྙོན་དུ་མེད་པ་འདི། ཕྱི་དོན་ནམ་དངོས་པོ་བདེན་གྲུབ་མེད་པའི་གནད་ཡིན་ཏེ། རྒྱུ་རྐྱེན་ཚོགས་ལུགས་ཀྱི་སྣ་ཚོགས་སུ་འགྱུར་བས། ཆོས་ཉིད་བྱ་བྱེད་ལྟོས་རིགས་གསུམ་ཇི་ལྟར་སྣང་བ་བསླུ་མེད་དང་སྦྱར་ནས་དཔྱད་དོ། །འོ་ན་མི་དགེ་བའི་ལས་ཀྱིས་ཀྱང་སྤྱིར་སྡུག་བསྔལ་བསྐྱེད་མོད། རྐྱེན་གྱི་ཁྱད་པར་འཚེ་བ་ཆོས་སུ་སྨྲ་བ་ལྟ་བུ་ཁ་ཅིག་ལ་བདེ་འབྲས་སྐྱེད་པ་ཡོད་དམ། ཡོད་ན་རྒྱུ་འབྲས་བསླུ་མེད་མིན་ནོ་སྙམ་ན། སྲོག་གཅོད་སོགས་འབྲས་བུ་སྡུག་བསྔལ་བསྐྱེད་པའི་བྱ་བ་བྱེད་པའི་ཆ་ནས་མི་དགེར་བཞག་པ་དེ་ཉིད་ནི་སེམས་ཀྱི་སྟེང་གི་རྣམ་སྨིན་གྱི་རྒྱུ་ཡིན་ན། དེ་བདེ་འབྲས་སྐྱེད་པའི་དགེ་བར་བཏགས་ཀྱང་དེར་མི་འགྱུར་ཏེ། མེ་ཚ་བ་ལ་མི་ཚ་བར་བཏགས་པ་གོམས་ཀྱང་ཚ་བ་མི་ལོག་པ་བཞིན་ནོ། །རི་དྭགས་བཞིན་དུ་མེ་ཚ་དུས་ཡོང་སྲིད་ཟེར་ན་སྲོག་གཅོད་ལྟ་བུས་ཀྱང་སྲོག་མ་བཅད་པར་འགྱུར་ན་འབྲས་བུ་སྡུག་བསྔལ་ཡང་མི་སྐྱེད་མོད། སྲོག་བཅད་ན་རྣམ་སྨིན་ངན་པའང་མི་བཟློག་སྟེ། མེ་མ་བཏང་ན་སྲེག་པ་མི་གཏོང་བ་བཞིན་ནོ། །དེས་ན་སྲོག་གཅོད་པ་ལ་སྲོག་གཅོད་པར་ཤེས་བཞིན། དེས་འབྲས་བུ་བདེ་བ་བྱེད་ཅེས་ལོག་རྟོག་ཡིན་པས་དེས་འབྲས་བུ་བདེ་བ་མི་འབྱིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔས་ལུས་བཅད་པ་ལྟ་བུའི་སྡུག་བསྔལ་བདེ་བར་ཚོར་ཞིང་། རྒྱལ་སྲིད་ཀྱི་བདེ་བ་ལྟ་བུའང་སྡུག་བསྔལ་དུ་མཐོང་བ་ཡོད་མོད་ཀྱི་རྐྱེན་ཇི་ལྟར་བྱས་ཀྱང་འདྲ། སེམས་རང་ཉིད་ལ་བདེ་དང་ཡིད་བདེ། སྡུག་བསྔལ་དང་ཡིད་མི་བདེ་དངོས་སུ་ཤར་བ་དེ་ལ་བདེ་མི་བདེ་ཞེས་འདོད་པས་ན། བདེ་སྡུག་ཕན་ཚུན་འཚོལ་བ་ནམ་ཡང་མེད་དོ། །དེ་བཞིན་དུ་དུག་གསུམ་ཡོད་པ་དང་མེད་པའི་ཀུན་སློང་གི་སེམས་ཀྱིས་ཀུན་ནས་བསླང་བའི་ལས་ལ་དགེ་མི་དགེར་འཇོག་གི འདི་དགེའོ་སྡིག་གོ་སྙམ་དུ་རྟོག་པས་ནི་མ་ཡིན་ནོ། །དེའི་ཕྱིར་ན་དགེ་སྡིག་གི་འབྲས་བུ་ནམ་ཡང་མི་འཆོལ་ལོ། །བསད་ནས་ཤ་ཟོས་པས་ཕན་པ་དང་། དགྲ་བསད་པས་ཡིད་བདེ་བ་སོགས་མྱོང་བ་ནི། ད་ལྟའི་རྐྱེན་ཡིན་གྱི་རྐྱེན་དེས་བྱས་པའི་བདེ་སྡུག་ནི། རྐྱེན་དེའི་རྣམ་སྨིན་འབྲས་བུ་མིན་ནོ། །དེས་ན་དགེ་སྡིག་གི་རྒྱུ་འབྲས་ནམ་ཡང་མི་བསླུ་ལ། རྐྱེན་གྱིས་བྱེད་པ་ནི་རྐྱེན་གང་དང་གང་འཚོགས་པའི་རྗེས་སུ་བྱེད་དེ་བདེ་སྡུག་མྱོང་བའི་ངེས་པ་མེད་དོ། །ངེས་པ་མེད་པའི་ཕྱིར་མཐའ་ཆོས་བྱ་ལྟོས་གསུམ་ཚུགས་ཐུབ་པ་མེད་པས་ཐལ་དྲག་གི་སྐྱོན་མི་འབྱུང་ངོ་། །དེ་ལྟར་ན་རིགས་པ་ལ་ངེས་པ་མེད་པས་ཡིད་བརྟན་མི་རུང་བར་འགྱུར་རོ་སྙམ་ན་མི་འགྱུར་ཏེ། རྐྱེན་ཅི་དང་ཅི་ཚོགས་པའི་སྣང་ཡུལ་དུ་སྣང་བའི་ངོ་བོ་ཆོས་ཉིད་དང་། ཆོས་ཉིད་དེ་འདྲའི་རྒྱུ་བྱ་བྱེད་དང་། རྒྱུ་ལ་ལྟོས་པ་ལྟོས་རིགས་དང་། དེ་ལྟར་མ་ནོར་གཏན་དབབ་འཐད་རིགས་ཡིན་ཏེ་ནམ་ཡང་། དེ་ལས་གཞན་དུ་མི་འགྱུར་རོ། །དེའི་ཕྱིར་ཕྱི་དོན་བལྟ་བྱ་ཐུན་མོང་བ་ཆུ་སོགས་ལ་རླན་གཤེར་རམ། ཁ་དོག་དབྱིབས་སོགས་ཅུང་ཟད་མཐུན་པ་དེ་སྲིད་དུ་བལྟ་བྱ་ཐུན་མོང་པར་འཇོག་ལ་དག་མ་དག་གི་ཁྱད་ཀྱང་འབྱེད་དོ། །མི་ལ་ཆུ་དང་རྣག་དང་ཁྲོ་ཆུ་ཐ་དད་སོ་སོར་སྣང་། ཡི་དྭགས་ལ་ཆུ་ཉིད་རྣག་གམ་ཁྲོ་ཆུར་སྣང་བས་སྣང་བ་ཐ་དད་དེ་གང་བདེན་མ་དཔྱད་པར། བག་ཆགས་ཀྱི་སྣང་བ་ཡིན་ཕྱིར་ཁྱད་མེད་པར་བསྒྲུབ་ན་བལྟ་བྱ་ཐུན་མོང་པ་མཐའ་གཅིག་ཏུ་མི་ངེས་པའི་སྐྱོན་ཡོད་དོ། །གལ་ཏེ་བག་ཆགས་ཀྱི་སྣང་བ་མཐར་དཔྱད་ན་ཆུ་ལྟ་བུ་མཐོང་བ་གང་རུང་གཅིག་ཏུ་བདེན་པ་ནམ་ཡང་མི་འགྲུབ་པས་མཚུངས་པར་འགྱུར་མོད་ཀྱི། སྣང་ཚུལ་གྱི་ཚད་གྲུབ་མི་འགལ་ཏེ། སོ་སོ་ལ་གང་སྣང་བ་དེ་ཉིད་རང་ངོར་བསླུ་མེད་དུ་གྲུབ་པ་དེ་ཙམ་ཐ་སྙད་ཚད་གྲུབ་ཡིན་ནོ། །དེ་ལྟ་ནའང་། རེ་ཞིག་ཡི་དྭགས་ལ་ཆུ་ཐམས་ཅད་རྣག་ཏུ་སྣང་ཡང་ཆུའི་སྣང་བ་གཏན་ཁེགས་མི་འབྱུང་སྟེ་ཆུ་སྣང་ཡོད་པས། སྤྱིར་ཐ་སྙད་དུ་ཆུ་དང་རྣག་སོགས་གང་སྣང་བསླུ་མེད་ཀྱི་ཐ་སྙད་མྱོང་བ་ཡོད་ཚད། མྱོང་བས་ཚད་གྲུབ་ཏུ་སོངས་ཀྱི་དཔྱད་བཟོད་བདེན་གྲུབ་གཅིག་ཀྱང་མེད་དོ། །འོ་ན་དུང་དཀར་སེར་ཚད་གྲུབ་ལ་ཁྱད་མེད་དུ་ཐལ། དེ་བཞིན་རྟོག་རྟོག་མེད་འཁྲུལ་མ་འཁྲུལ་ཐམས་ཅད་མཚུངས་སོ་ཞེ་ན། བག་ཆགས་བརྟན་མི་བརྟན་སོགས་ཀྱིས་ཚད་ཚད་མིན་འཐད་དོ། །མཐར་ནི་ཕྱི་དོན་མེད་དེ་བག་ཆགས་ཀྱི་སྣང་བ་ཙམ་ཡིན་པར་དངོས་སྟོབས་ཀྱིས་འགྲུབ་སྟེ། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། སོགས་བཞིན་དུ་ངེས་པར་འགྲུབ་བོ། །ཕྱི་དོན་ཡོད་ཡོད་ལྟ་བུར་བསྒྲུབ་པའི་གཞུང་ཐམས་ཅད་རེ་ཞིག་སྣང་ངོའི་དབང་དུ་བྱས་ཏེ་ཡོད་པར་བཞག་པ་རྨི་ལམ་རང་ངོའི་རྟ་གླང་བཞིན་ནོ། །དཔྱད་ཅིང་དཔྱད་ན་ནང་གི་བག་ཆགས་ཀྱི་རྟེན་འབྱུང་ལ་མཐར་ཐུག་པ་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའི་ཕུག་སྟེ། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། སོགས་བཞིན་ནོ། །དེའི་ཕྱིར་སྲིད་པར་རང་སེམས་དབང་གིས་འཆིང་ལ། རང་སེམས་གྲོལ་ན་གྲོལ་བ་ཡིན་གྱི་དབང་ཕྱུག་སོགས་ཀྱིས་འཆིང་གྲོལ་མི་བྱེད་པར་དངོས་སྟོབས་ཀྱིས་གྲུབ་བོ། །གོམ་པའི་དབང་གིས་མེ་གཅིག་ལ་ཁ་ཅིག་གིས་ཚ་བ། ཁ་ཅིག་གིས་མི་ཚ་བ། ཁ་ཅིག་གིས་གནས། ཁ་ཅིག་གིས་སྲེག་བྱེད་སོགས་སུ་འཛིན་པ་བཞིན་ཏེ་མི་དང་མེ་ལྷ་སོགས་བཞིན་ནོ། ། དེ་བཞིན་ཕྱི་དོན་ལའང་འཕྲལ་དུ་སྔགས་སོགས་ཀྱིས་མེ་མི་ཚ་བ། དུག་མེད་པར་ཡང་བྱེད་དེ། དེ་དག་ཀྱང་འཕྲལ་གྱི་རྟེན་འབྱུང་ལས་མི་འདའོ། །ཕུག་བཅད་ན་སྣོད་བཅུད་རྣམས་ལས་ཀྱིས་བཀོད་ལ་དེ་ཡང་སེམས་ཀྱིས་བྱས་ཏེ། ལས་དང་ཉོན་མོངས་རྣམ་རྟོག་ལས། སོགས་བཞིན་ནོ། །དེས་ན་འཁོར་བ་ལས་གྲོལ་བའི་ཐབས་སུ་སྤྲོས་པ་ལོག་དགོས་ལ། དེ་ལྡོག་བྱེད་དེ་ཉིད་རྟོགས་པ་ཡིན་པར་གྲུབ་བོ། །སྤྲོས་པ་ནི་རང་སེམས་ཀྱི་རང་རྩལ་ཏེ། སྣང་བ་སྣ་ཚོགས་ལ་འཛིན་པའི་དབང་གིས་སོ། །དེའི་ཕྱིར། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །ཞེས་གསུངས་སོ། །གཟུང་འཛིན་གྱི་སྤྲོས་པ་ཅི་ལས་བྱུང་ན་སེམས་ལས་བྱུང་སྟེ། སེམས་ངོ་བོ་ཉིད་ཀྱི་གཟུང་འཛིན་ཅན་འདིའོ། ། སེམས་གང་ལས་བྱུང་ན་འོད་གསལ་བའི་དབྱིངས་ལས་བྱུང་སྟེ། རྒྱུད་བླ་མར། ས་ནི་ཆུ་ལ་ཞེས་སོགས་གསུངས་པ་བཞིན་ནོ། །དེས་ན་མདོ་སྡེ་གོང་འོག་གི་བསྟན་དོན་ནི། སྔགས་ལས། གང་ལས་སྲིད་པ་གསུམ་པོ་མཐའ་དག་ཏུ་འགྱུར་སོགས་གསུངས་པ་བཞིན་ནོ། །དེའི་ཡང་འགྱུར་ཚུལ་ཕུག་ཐག་བཅད་ན་རྫོགས་ཆེན་ལས། དང་པོ་གཞི་འཁོར་འདས་གང་ཡང་མིན་པ་ལས། ལམ་འཁོར་འདས་སུ་བྱུང་ཚུལ་གསུངས་པར་ཕུག་ཆོད་དོ། །དེའི་ཕྱིར་སེམས་ཅན་དང་སངས་རྒྱས་སུ་སྔ་ཟེར་ན། སེམས་ཅན་སྔོན་སོང་གི་སངས་རྒྱས་མ་གཏོགས། ཡེ་ནས་འཁྲུལ་མ་མྱོང་བའི་གདོད་མའི་མགོན་པོ་མེད་ན། སེམས་ཅན་སྔ་བར་ཁས་ལེན་དགོས་ལ། དེ་ལྟར་ན་འཁྲུལ་མཉམ་ལ་ལམ་སྟོན་པ་མེད་པའི་སྐྱོན་གསུང་བ་ངེས་པར་འབབ་བོ། །དེའི་ཕྱིར་སངས་རྒྱས་དང་སེམས་ཅན་སྔ་ཕྱི་མེད་ཅེས་བྱ་སྟེ། སེམས་ཅན་དང་པོ་འཁྲུལ་པ་དང་མཉམ་དུ་ཐོག་མའི་སངས་རྒྱས་དང་པོར་གྲོལ་བ་དང་དུས་མཉམ་པའི་ཕྱིར་རོ། །གྲོལ་འཁྲུལ་གྱི་ཐོག་མར་འདི་ཞེས་ཐ་སྙད་ཀྱི་བློས་བཟུང་དུ་མེད་མོད། འོད་གསལ་གྱི་དབྱིངས་རྒྱུ་དང་། དེ་ཉིད་རྟོགས་མ་རྟོགས་ཀྱི་ལམ་དེ་ལས་བྱུང་བའི་སྔ་ཕྱིའི་ཚུལ་དུ་མི་འཇོག་ན། གྲོལ་འཁྲུལ་གཉིས་ཀ་གཞི་འོད་གསལ་རྟོགས་མ་རྟོགས་ཀྱི་གནད་ལས་མིན་པར། འོད་གསལ་ཐོག་མཐའ་མེད་པའི་འདུས་མ་བྱས་དང་སྔ་ཕྱི་ནམ་ཡང་བཞག་ཏུ་མེད་པའི་འཁྲུལ་པ་ཡོད་པས། དེ་འདྲའི་འཁྲུལ་བ་དེ་འོད་གསལ་གྱི་གཞི་རྟོགས་ཀྱང་མི་ལྡོག་པར་འགྱུར་རོ། །འོད་གསལ་ལ་མ་བརྟེན་པའི་རང་རྐྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་འགྲོ་བ་རྣམས་གང་ལས་བྱུང་བ་མི་འཐད་ལ། ས་ནི་ཆུ་ལ་སོགས་ཀྱི། རླུང་ནམ་མཁའ་ལ་བརྟེན་པའི་དཔེ་ཡང་མི་འཐད་དེ། རླུང་ལ་རླུང་བརྟེན་པར་འགྱུར་རོ། །ལམ་གྱི་འོད་གསལ་གྱི་སྐབས་སུའང་། འཁྲུལ་སེམས་མཐའ་དག་འོད་གསལ་གྱི་དབྱིངས་སུ་ཐིམ་པ་མི་སྲིད་དེ། འཁྲུལ་སེམས་རང་གི་རྒྱུ་དང་འོད་གསལ་ལྡོག་ན་མཉམ་ལྡོག མི་ལྡོག་ན་མཉམ་དུ་མི་ལྡོག་དགོས་སོ། །འོད་གསལ་རྒྱུར་མི་འཐད་དེ། འོད་གསལ་གྱི་རྒྱུ་བྱས་ནས་སེམས་ཅན་འཁྲུལ་ན་ཕྱིས་སུ་ཡང་འོད་གསལ་མི་ལྡོག་པར་དུ་འཁྲུལ་ལོ་སྙམ་ན། མི་འཁྲུལ་ཏེ། འོད་གསལ་ཡོད་པ་ཙམ་ཞིག་གིས་ཉེར་ལེན་གྱི་རྒྱུ་བྱས་ནས་འཁྲུལ་པ་མིན་ཀྱང་། འོད་གསལ་རྣམ་པ་ཐམས་ཅད་པ་རྒྱུ་རྐྱེན་ལས་འདས་པ་ཡིན་མོད། ལྷུན་གྲུབ་ཀྱི་རྩལ་ལས་འཛིན་པ་འབྱུང་རུང་ཡོད་པ་ལས་གཟུང་འཛིན་གྱི་སྤྲོས་པའི་སེམས་བྱུང་ཞིང་། མ་རིག་པས་སེམས་ཅན་འཁྲུལ་པ་དང་། རང་རིག་པས་གྲོལ་བའི་ཡེ་ཤེས་གཉིས་འབྱུང་སྲིད་པའོ། །དེའི་ཕྱིར་སེམས་འཁྲུལ་པ་ཡེ་ཤེས་སུ་གྱུར་ཀྱང་འབྲས་བུ་རྒྱུར་མི་ལྡོག་གོ །འོན་ཀྱང་ད་དུང་ཡང་འོད་གསལ་བའི་སྣང་ཆ་ལས་འཁྲུལ་སྲིད་སྙམ་ན། འདོད་དེ་དེ་ལྟར་གསུངས་པས་སོ། །དེས་ན་གཟུང་འཛིན་མེད་པའི་ཡེ་ཤེས་འདི་འོད་གསལ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། འདི་རྟོགས་ན་གྲོལ། འདི་མ་རྟོགས་པར་གཟུང་འཛིན་དུ་ཞེན་ན་འཁྲུལ་སྣང་རྒྱུན་མི་འཆད་ཅིང་ལས་སྣ་ཚོགས་པའི་དབང་གིས་སྲིད་པའི་སྐྱེ་བ་འཛིན་པ་རྒྱུན་མི་འཆད་དོ། །གང་ཟག་གི་བདག་མེད་རྟོགས་པས་མཐའ་ཉི་ཚེ་བཀག་ཀྱང་གཟུང་འཛིན་གྱི་སེམས་གཏན་འགག་མི་ནུས་པས། སླར་ཐེག་ཆེན་དུ་འཇུག་པ་དང་། འགོག་དབྱིངས་ཞུགས་པས་རེ་ཞིག་སེམས་འགག་ཀྱང་སེམས་ཀྱི་ས་བོན་ལྡང་བ་ཡོད་དོ། །དེས་ན་འཁོར་འདས་རིགས་མ་རིག་གི་ཁྱད་པར་ཡོད་པ་ཙམ་སྟེ། འདིའི་ཕུ་ཐག་རྫོགས་ཆེན་གྱི་གཞུང་ཁོ་ནས་ཆོད་དགོས་སོ། །འོད་གསལ་གྱི་དབྱིངས་ལས་རླུང་གིས་སྐྱོད་དེ་སྣང་གསུམ་ཤར་བ་འདིས་རྫོགས་ཆེན་གྱི་གཞུང་ལས་ཡེ་ཐོག་གི་ངང་ནས་འཁྲུལ་ལུགས་གསལ་བར་བྱས་སོ། །ལས་རླུང་གིས་མ་བསྐྱོད་པའི་རྐྱེན་མེད་པའི་ནམ་མཁའ་ལྟ་བུའི་འོད་གསལ་ནི་གཞིའོ། །གཞི་ལས་གཞི་སྣང་ངམ་རྐྱེན་གསུམ་གྱི་སྣང་བ་ཤར་བའི་འོད་གསལ་བུ་ཡི་སྣང་བ་ཞེས་གཉུག་མ་ངོས་འཛིན་པའི་ཤེས་རབ་ཕྲ་བ་དེས། འོད་གསལ་མ་ཡི་རང་བཞིན་རྟོགས་ནས་མ་བུ་འདྲེས་ཏེ། འོད་གསལ་ཟིན་པ་ནི་ཡེ་ཤེས་ཀྱི་རླུང་གི་གདངས་ཀྱིས་འབྱེད་པའོ། །དེའི་ཕྱིར་བུའི་འོད་གསལ་གྱིས་མ་མ་ཟིན་པ་དེ་སྲིད་མ་ཡི་དུས་ན་སེམས་འགགས་ལ་ཡེ་ཤེས་མ་སྐྱེས་པའི་ཕྱིར། འོད་གསལ་ཡོད་ཀྱང་སུས་མངོན་དུ་བྱ་བའི་ཡུལ་ཅན་མ་སྐྱེས་པའི་ཕྱིར་སེམས་མེད་ཀྱི་གནས་སྐབས་ཞེས་བྱའོ། །དེའི་ཕྱིར་ད་ལྟ་ནས་བཅས་བཅོས་མེད་པའི་འོད་གསལ་རང་རིག་གི་བབ་ལ་ཅི་གནས་བྱ་བ་འདི་རྫོགས་རིམ་ཀུན་གྱི་བླ་མ་ཡིན་ནོ། །དེ་ལྟར་མ་ནུས་ན་རླུང་དབུ་མར་གཞུག་པ་སོགས་ཀྱིས་གཡོ་བྱེད་ལས་རླུང་གི་རྒྱུ་བ་བཅོམ་པས་གཟུང་འཛིན་གྱི་སེམས་ཇེ་ཐིམ་གྱི་མཐར་ཡེ་ཤེས་སྐྱེས་ཏེ་སེམས་དང་ལས་རླུང་གི་སྟོབས་ཐམས་ཅད་དེས་ཟ་བར་བྱེད་དོ། །ས་ཀྱི་དབང་གིས་འབྱུང་བ་ལྔ་དང་འབྱུང་འགྱུར་གྱི་སྣང་བ་སྨིན་ཟིན་གྱི་དུས་ན་སྣང་ངོར་མི་བསླུ་ཡང་། ནང་གི་རྐྱེན་སྟོབས་ལྡན་དང་འཚོག་ན་རྣམ་པ་གཞན་དུ་སྣང་སྲིད་པས། ནང་གི་རྟེན་འབྲེལ་ཉིད་དབང་བཙན་པ་ཡིན་ནོ། །དེའི་ཕྱིར་འབྱུང་བ་ལྔ་པོ་འདི་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་སྣང་ཞིང་ཇི་སྲིད་དུ་བརྟན་པར་སྣང་མོད། དོན་ལ་སེམས་ལ་མི་ལྟོས་པའི་རང་དབང་ཅན་དུ་མེད་དེ། དབང་འབྱོར་པས་ས་སོགས་གཞན་དུ་བསྒྱུར་པ་དང་། རྫུ་འཕྲུལ་གྲུབ་པས་རི་བྲག་ཟང་ཐལ་དང་། ཟད་པར་སོགས་བཞིན་ནོ། །སེམས་ཀྱི་དབང་གིས་མིན་ན་འབྱུང་བ་ལ་ཅི་ཡང་བསྒྱུར་དུ་མེད་དོ། །དང་པོར་སེམས་ཀྱི་དབང་གིས་སྐྱེ། བར་དུ་གནས། མཐར་སེམས་ཀྱི་ངང་དུ་འགག་སྟེ། རྨི་ལམ་གྱི་ཡུལ་སྣང་བཞིན་ནོ། །དེས་ན་འབྱུང་བ་ཆེ་ལ་སོགས་བཤད་པ། ཅེས་སོགས་དང་། ས་སྙིང་གི་མདོར་འབྱུང་བ་རྣམས་གང་དུ་འགག་པའི་གཞི་སེམས་སུ་གསུངས་པ། ས་ནི་ཆུ་ལ་སོགས་འབྱུང་བཞི་ནམ་མཁའི་ངང་ལས་བྱུང་བར་བཤད་པ་སྟེ། ནམ་མཁའ་སྟོང་དང་རྒྱུ་མེད་དུ་འབྱུང་བ་མ་ཡིན་ཏེ། སེམས་ཀྱི་དབང་གིས་བྱུང་ངོ་། །དེ་བཞིན་ནམ་མཁའ་ལ་དངོས་པོ་མེད་པས་འགག་པ་མེད་མོད་ཀྱི། དེའི་གོ་འབྱེད་པའི་སྣང་ཆའང་སེམས་ཀྱི་དབང་གིས་སྣང་བ་ཙམ་སྟེ་སེམས་མེད་ན་ནམ་མཁའི་ཐ་སྙད་ཀྱང་མི་འབྱུང་ན་དོན་ཇི་ལྟར་འབྱུང་ཞེས་དམིགས་སུ་མེད་དོ། །དེས་ན་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ་སེམས་མ་ཟད་བར་དུ་ཕྱོགས་ཀྱི་མཐའ་དང་དབུས་ཀྱི་མུ་ཡང་མི་འཛད། དངོས་དངོས་མེད་སོགས་ཤེས་བྱ་གང་ཡང་མི་འཛད། ནམ་སེམས་ཉེ་བར་ཞི་བ་ན་མཐའ་དང་མུ་དང་ཆ་གང་ཡང་མི་གྲུབ་སྟེ། སེམས་ནི་ཡོངས་སུ་གྱུར་པ་ན། ཐེག་པ་མེད་ཅིང་སོགས་གསུངས་པ་བཞིན་ནོ། །དེའི་ཕྱིར་ཐོག་མ་མེད་པའི་སེམས་འདི་ནི་རང་བཞིན་རྒྱུན་འཆད་པ་ནམ་ཡང་མི་སྲིད་དེ་ཡེ་ཤེས་ཀྱི་ངོ་བོར་གནས་གྱུར་ཚེ་སེམས་ཟད་ལ་ཡེ་ཤེས་ཐོབ། ཡེ་ཤེས་དེ་ནམ་ཡང་སེམས་སུ་མི་ལྡོག་སྟེ། འཚེ་བ་མེད་དང་ཡང་དག་དོན། །སོགས་བཞིན་ནོ། །དེ་འདྲའི་ཡེ་ཤེས་མཐར་ཐུག་དེ་སངས་རྒྱས་ཞེས་བྱའོ། ། དེའི་ཕྱིར་ཆོས་ཉིད་མཐར་ཐུག་སོ་སོ་རང་གི་རིག་བྱ་ཆོས་ཀྱི་དབྱིངས་ཡིན་ལ། དེར་མཐར་ཐུག་པའི་གནད་ཀྱིས་སྣང་སྟོང་དབྱེར་མེད་དུ་འགྲུབ་སྟེ། གཉིས་སྣང་ཅན་རྟོག་བཏགས་ཀྱི་ངོར། འདུས་བྱས་མི་རྟག འདུས་མ་བྱས་རྟག་པའི་ཐ་སྙད་གདགས་ཀྱང་། དབྱིངས་ཀྱི་ངང་ན་དེ་གཉིས་མེད་དེ་མཉམ་པ་ཉིད་དོ། །འོན་ཀྱང་ཆོས་ཀྱི་དབྱིངས་ནི་མེད་དགག་ཕྱོགས་གཅིག་པའི་མཐར་ལྷུང་བ་མེད་པས། དངོས་དངོས་མེད་སོགས་ཀྱི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཕྱིར་འདུས་མ་བྱས་ཆེན་པོ་ཞེས་གདགས་པའི་གཞི་ཡོད་པས། དེ་ལྟར་གདགས་པ་ཐ་སྙད་དོན་མཐུན་ཡིན་པས་སྐྱོན་མེད་དུ་གྲུབ་བོ། །མདོར་ན་བརྗོད་མཐའ་བརྗོད་བྲལ། རྟོག་མཐའ་མི་རྟོག རྣམ་ཤེས་མཐའ་ཡེ་ཤེས། ཆོས་ཅན་མཐའ་ཆོས་ཉིད་ལ་ཐུག་སྟེ། གཉིས་སུ་མེད་པའི་ཆོས་ཉིད་ཡིན་ནོ། ། དེ་ལྟར། རྟོག་བཞག ཚད་གྲུབ། ཡེ་ཤེས་འདུས་མ་བྱས་གྲུབ་པའི་གནད་ཆེན་པོ་གསུམ་ལེགས་པར་ཤེས་ན། གཞུང་གི་དཀའ་གནད་མཐར་ཐུག་པ་ཡིན། འདི་རྟོགས་ན་ཆོས་ཐམས་ཅད་ཀྱི་གཏིང་སླེབ་པ་ཞེས་བྱའོ། ། ཤིང་འབྲུག་ཟླ་བཅུ་པའི་ཚེས་སུམ་ཅུ་ལ་ཐ་སྙད་ཚད་གྲུབ་འགོགས་འདྲའི་རྣམ་རྟོག་ཤར་བའི་ཚེ་དོགས་སེལ་དུ་ཤར་བ་དགེ ༈ ཡང་། ཆོས་སུ་སྣང་བ་ཐམས་ཅད་རྩ་བ་དེད་ན་རང་གི་རྟོག་པའི་དབང་གིས་བཞག་པ་ཙམ་མ་གཏོགས་དོན་རང་གི་ངོ་བོས་གྲུབ་པ་ཅུང་ཟད་མེད་པར་རྟོགས་ན། ཇི་སྲིད་རྟོག་པས་མེ་ཚ་བར་བཏགས་པ་མི་གཏོང་བ་དེ་སྲིད་མེ་ཚ་བར་ཚད་མས་གྲུབ་སྟེ། སེམས་མ་འཁྲུལ་བར་ཚད་མར་བཏགས་པ་དེས་གྲུབ་པའོ། །མེ་ཚ་བའི་མཚན་མར་འཛིན་པ་མེད་ན་ཚ་བར་ཡང་མི་འགྲུབ་སྟེ་རི་དྭགས་མེ་ཡི་གཙང་སྦྲ་ཅན་བཞིན་ནོ། །རྣམ་པར་རྟོག་པས་བཞག་པའི་ཚད་མ་གང་ལ་མི་བརྟེན་པ་དེ་ཚོ་མི་རྟོག་ཡེ་ཤེས་འབྱུང་བར་འགྱུར་རོ། །རྟོག་པས་བཏགས་པ་ལས་གཞན་པའི་ཀུན་རྫོབ་ཀྱི་སྣང་བ་རྡུལ་ཙམ་མེད་པར་འདྲ་ཡང་། ཀུན་རྫོབ་མེད་པར་མི་འགྱུར་ཏེ། རྟོག་པ་བདེ་སྡུག་གནས་ལུས་ལོངས་སྤྱོད་དུ་སྣང་བ་ཇི་སྙེད་པ། འཁོར་འདས་བཟང་ངན་ལྷ་མི་ངན་སོང་སངས་རྒྱས་ཀྱི་ཞིང་སོགས་སུ་བཏགས་པས་འདོགས་མཁན་ཤེས་པ་ལ་དེ་ལྟར་སྣང་ཞེན་གཉིས་ཡོད་པས་ཀུན་རྫོབ་ཀྱི་གོ་ཆོད་པ་མིན་པ་གཞན་རྡུལ་ཙམ་མི་རྙེད་དོ། །འོ་ན་མེ་ཚ་བ་དང་དབང་ཕྱུག་རྟག་པ་བྱེད་པོར་རྟོག་བཏགས་འདྲ་སྙམ་ན། དབང་ཕྱུག་བྱེད་པོར་ལོག་ཤེས་ཀྱིས་བཏགས་མོད་ཀྱི། མེ་ཚ་བ་ལྟར་དེས་དོན་བྱེད་ནུས་དངོས་སུ་རྣམ་རྟོག་ལས་སྣང་བ་མེད་དེ། བདེ་བ་སྡུག་བསྔལ། མེ་དང་ཆུ་ཐོགས་མེད་གོམས་པའི་རྟོག་བརྟགས་ལ། གློ་བུར་ཟློག་ཏེ་བཏགས་པས་མི་འགྱུར་བ་བཞིན་ནོ། །དེ་མི་འགྱུར་བ་ནི་རྟོག་བཏགས་གཉུག་མ་དང་། གློ་བུར་བའི་ཁྱད་ཀྱིས་སོ། །ཀུན་ཏུ་རྟོག་པའི་མཚན་མ་དེ་ལས་མ་གྲོལ་བའི་རིང་ལ། ཀུན་ཏུ་རྟོག་པའི་སྤྱོད་ཡུལ་ཅན། །བྱིས་པ་གང་ལ་སེམས་ཆགས་པ། །དེ་ནི་བྱིས་པ་རྨོངས་པ་སྟེ། །ཞེས་གསུངས་པ་ལྟར། དངོས་པོ་དེ་དེའི་འདུ་ཤེས་མི་འགོག་ལ་གཉིས་ཞེན་གྱིས་ལས་སོགས་སོ། །ནམ་ཀུན་རྟོག་ལས་གྲོལ་བའི་ཚེ་ཆོས་ཐམས་ཅད་མཚན་མ་མེད་པར་རྟོགས་སོ། །དེའི་ཕྱིར་མི་དམིགས་པ་ནམ་མཁའ་ལྟར་མཉམ་པ་ཉིད་ལ་གནས་སོ། །འདུས་བྱས་འདུས་མ་བྱས་གཉིས་མི་རྟག་པ་དང་རྟག་པ་ནམ་ཡང་འདྲེ་མི་རུང་བ་ལྟ་བུའང་རྟོག་པས་དེ་ལྟར་བཏགས་ཀྱི་དོན་ལ་མ་གྲུབ་བོ། །དེས་ན་ཀུན་རྟོག་ལས་གྲོལ་བའི་མི་རྟོག་ཡེ་ཤེས་ཀྱི་ངོར། འདུས་བྱས་འདུས་མ་བྱས་ཐ་དད་དུ་མི་དམིགས་སོ། །སྣང་སྟོང་དབྱེར་མེད་མཉམ་པ་ཉིད་དེ་ལ། ཡུལ་ཡུལ་ཅན་མེད་པས་གཟུང་འཛིན་ལས་འདས་པའོ། །དེ་ལྟར་མི་དམིགས་པའི་ཏིང་འཛིན་ལྷུན་གྲུབ་ཀྱང་། ཀུན་ཏུ་རྟོག་པ་ཅན་ཀྱི་གདུལ་བྱ་ལ་ཕྲིན་ལས་ཅུང་ཟད་ཡོལ་བ་མེད་དེ། ཡང་དག་པའི་དབྱིངས་རིག་གི་བྱིན་རླབས་ལས་རྩོལ་མེད་དུ་ཐུགས་རྗེ་འབྱུང་བ་ནི། དབྱིངས་ཉིད་ཀྱི་ཆོ་འཕྲུལ་ལས་འཁོར་འདས་ཀྱི་སྣང་བ་རྒྱ་ཆེ་མུ་མེད་དག་མེད་བཞིན་སྣང་བ་དང་། དུས་གསུམ་མཉམ་ཉིད་ལས་མ་གཡོས་བཞིན་དུས་གསུམ་གྱི་སྣང་བ་བཀོད་པའི་ཡ་མཚན་ཆེན་པོའི་ཆོ་འཕྲུལ་ལྷུན་གྲུབ་ཏུ་མངའ་བའི་སྟོབས་ལས་སོ། །གདུལ་བྱའི་གཞན་སྣང་གི་སྣང་བ་མུ་མེད་ཀྱང་དམིགས་པ་མེད་པར་རྩོལ་མེད་ལྷུན་གྲུབ་ཏུ་མཁྱེན་ནོ། །དབྱིངས་ཀྱི་ཆོས་ཉིད་ལ་མཐའ་དབུས་སྐྱེ་འགག་མེད་དོ། །རོལ་པའི་ཆོ་འཕྲུལ་ལ་མུ་དང་ཟད་པ་མེད་དོ། །སྐྱེ་དང་སྐྱེ་མེད་མཉམ་པའོ། ། དམིགས་པ་མེད་པ་ནི་རྒྱུ་རྐྱེན་མེད་དོ། །དམིགས་པ་ལ་ནི་རྒྱུ་རྐྱེན་ཡོད་དེ། རྩ་བའི་རྒྱུ་ཀུན་ཏུ་རྟོག་པ་སྟེ། དེ་ལས་བྱུང་བའི་ཕྱིར་རྟེན་འབྲེལ་མིན་པ་ཞིག་སྣང་མི་སྲིད་དོ། །རྟེན་འབྲེལ་ལྟར་སྣང་བའི་སྣང་ཚུལ་བསླུ་མེད་དེའི་དབང་དུ་བྱས་ཏེ། ཐུགས་རྗེ་དང་ཡེ་ཤེས་སྨོན་ལམ་ཆེན་པོའི་དབང་གིས་གདུལ་བྱ་རྣམས་ལ་སངས་རྒྱས་ཀྱི་སྐར་བསྟན་ཏེ་ཆོས་བསྟན་པས་མཐར་ཐུག་གི་རྣམ་གྲོལ་དང་། གནས་སྐབས་ཀྱི་བདེ་འབྲས་འབྱུང་བ་བསླུ་མེད་ཀྱང་། ཡང་དག་པའི་དོན་ཏུ་རྟོགས་པས་བཏགས་པ་ཙམ་ལས། དངོས་པོ་རང་མཚན་པ་མེད་དེ། ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས་གསུངས་པ་བཞིན་ནོ། །དེ་ལྟར་ན་མཐར་ཐུག་གི་དོན་ལ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་རང་སེམས་ཀྱི་རང་སྣང་ཡིན་ལ། དེ་ལ་ཡུལ་དང་ཡུལ་ཅན་བདེ་དང་སྡུག་བསྔལ་སྣ་ཚོགས་སུ་རྟོག་པས་བཏགས་སོ། །དེའི་ཕྱིར་སེམས་ཙམ་ཡང་གྲུབ་བོ། །གལ་ཏེ་མེ་ཚ་བ་ཡིན་པ་ཅེས་ཕྱིར་ཞེས་འདྲི་ན། ཁྱོད་ལ་མེ་ཚ་བར་མི་སྣང་ངམ། སྣང་ན་སྣང་བ་དེས་དེ་ལྟར་ཡིན་ནོ་ཞེས་བཞག་གི སེམས་ལ་སྣང་བའི་ཚུལ་དེ་མིན་པར་ཡུལ་ཅན་ཚད་མ་དང་། ཡུལ་རང་གི་ངོ་བོས་ཚད་གྲུབ་ངེད་ཀྱི་ལུགས་ལ་མེད་དོ། ། མཚན་མར་མི་འཛིན་པའི་ཚེ་ན་རྟོག་པས་བཏགས་པའི་ཆ་ལས་གྲོལ་ཏེ་མི་རྟོག་ཡེ་ཤེས་ལ་གནས་པ་ཡིན་ལ། དེ་ལ་ཚ་བ་དང་མི་ཚ་བ་བདེ་བ་དང་སྡུག་བསྔལ་སོགས་མཚན་མའི་དམིགས་པ་མཐའ་དག་ག་ལ་ཡོད། དེའི་དབང་གིས་སྐ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ནི། མྱང་འདས་ཀྱི་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་རང་སྣང་ཡིན་ནོ། །གལ་ཏེ་མེ་ཚ་སྣང་བློ་ཡི་སྣང་བ་ཡིན་མོད། ཚ་བའི་མེ་བློ་སྣང་མིན་ནོ་སྙམ་ན། རེ་ཞིག་མཐུན་སྣང་ཐུན་མོང་བ་ཡོད་ཡོད་འདྲ་བའི་བློའི་ངོར་བྱས་ནས་དེ་ལྟར་བརྗོད་པ་ཡོད་མོད། དམ་པའི་དོན་དུ། ཕྱི་དོན་བློ་སྣང་མིན་པའི་མེ་དེ་རྟོག་བཏགས་ཙམ་མིན་ན། མེ་དེ་ཡོད་པར་ཁྱོད་ཀྱིས་ཇི་ལྟར་ཤེས་ཞེས་དྲིའོ། །མེ་སྣང་འགག་ཀྱང་མེ་མི་འགག་པའི་ཕྱིར་ཞེ་ན། མེ་མི་འགག་པར་བློས་ཤེས་སམ་མ་ཤེས། མ་ཤེས་ན་དེ་ཡོད་ཅེས་ཚད་མ་གང་གིས་འཇོག ཤེས་ན་དེ་བློ་སྣང་མིན་པ་ཇི་ལྟར་བཞག་སྟེ། བློ་གང་གིས་མི་ཤེས་པའི་ཡུལ་ནི་བློ་སྣང་མིན་ཞེས་བརྗོད་མི་རིགས་ཏེ། བློས་མ་བཞག་པ་ཤེས་བྱའི་ཡུལ་ཡོད་པར་འཇོག་བྱེད་མི་སྲིད་ན་བློ་སྣང་མིན་པར་གང་གིས་འཇོག བདག་མ་སྐྱེས་པའི་དུས་ནས་རང་གི་ཕ་མའི་ལུས་དང་ཁང་པ་སོགས་ཡོད་པ་སོགས་ཀྱི་ཕྱིར་ཞེ་ན། དེ་ཡོད་པར་ཅིས་ཤེས་དྲིས་ན། འོ་ན་མེད་ཟེར་རམ་ཟེར་ན། དེ་ཕ་མ་སོགས་དེ་དུས་ཀྱི་གང་ཟག་དེའི་ངོར་ཡོད་ཀྱི། ཡུལ་ཅན་བློ་གང་གི་གང་སྣང་བ་མིན་པའི་མ་ཤེས་པའི་ཕ་མ་སོགས་ཀྱི་ལུས་ཡོད་ཟེར་རམ། རང་གཞན་ཀུན་ལ་ད་ལྟ་སྣང་བ་འདི་སྔ་ནས་ཡོད་ཟེར། དང་པོ་ལྟར་ན་འགལ་ཞིང་ཕ་མའི་ལུས་སུ་ལ་སྣང་མ་མྱོང་ན་སྔར་ནས་ཡོད་པ་སུས་ཤེས། གཉིས་པ་ལྟར་ན་སྔར་གྱི་ཕ་མའི་ལུས་དེ་ད་ལྟ་སྣང་བ་མིན་ཏེ། དེ་སྐད་ཅིག་མ་ཡིན་པའི་ཕྱིར། ད་ལྟ་སྣང་བ་འདི་སླད་མའི་དུས་སུ་ཡོད་པའང་དེ་དང་འདྲའོ། །གང་ཟག་སོ་སོའི་རྒྱུད་ཀྱང་སྐད་ཅིག་མ་དང་། རྒྱུད་ཐ་དད་ཡིན་པས། དུས་ཐ་དད་ཀྱི་སྣང་ཡུལ་ཐུན་མོང་བ་མི་སྲིད་ལ། དུས་གཅིག་ཏུ་རྒྱུད་ཐ་དད་པའི་སྣང་ཡུལ་གཅིག་ནི་ཡོད་ན། དེ་ཡུལ་དུས་གང་དུའང་བློས་དངོས་སུ་དམིགས་མི་རུང་བས། ཕ་མའི་ལུས་སོགས་དངོས་སུ་མཐོང་བའི་གང་ཟག་གཅིག་ཀྱང་མི་སྲིད་པར་ཐལ་ཟེར་ན་ཐམས་ཅད་ཐུན་མོང་བའི་སྣང་ཡུལ་ཞེས་པ་བློ་གང་གིས་མཐོང་ནས་འཇོག གལ་ཏེ་བྲག་རི་གཅིག་ལ་སུས་བལྟས་ཀྱང་དེ་དེའི་རྣམ་བདེན་གྱི་ཤེས་པ་སྐྱེ་བ་དེ་ཁོ་ནས་དེ་ལྟར་སྣང་ཡུལ་འདོད་ན། རེ་ཞིག་ལས་མཐུན་པའི་བག་ཆགས་ཅན་ལ་བརྟན་པར་སོགས་རྟག་ཏུ་དེ་ལྟར་གནས་པའི་སྣང་བ་ཤར་བ་ནི་བདེན་ཀྱང་། རི་དེ་ལའང་། ལས་སྣང་མི་མཐུན་པའི་སྟོབས་གཞན་གྱིས། ལ་ལས་སྤང་རི། ལ་ལས་རིན་པོ་ཆེ། ལ་ལའི་ཁང་བཟང་། ལ་ལས་ཟས། ལ་ལས་སྲོག་ཆགས་སོགས་སུ་མཐོང་བ་མི་སྲིད་དགོས་ན། དེ་ལྟར་སྣང་བ་འགོག་ཏུ་མེད་པའི་ཕྱིར། རྨི་ལམ་གྱི་སྐབས་ན། རང་དང་འཁྲོམ་མང་པོས་གླང་ཆེན་མཐོང་ན་ཐམས་ཅད་འདྲ་བར་གླང་ཆེན་མཐོང་སྙམ་དུ་འཛིན་པ་ལྟར། ངེད་ཅག་གི་སྣང་ཡུལ་གཅིག་ཕྱི་དོན་ན་ཡོད་སྙམ་དུ་རྟོག་པས་བཏགས་ཀྱི་བཏགས་པ་ལྟར་ཡོད་དགོས་པ་མིན་མོད། རེ་ཞིག་ཕྱི་དོན་འདོད་པའི་ངོར་དེ་ལྟར་བཞག་དགོས་སོ། །དེས་ན་ཇི་སྲིད་མཐུན་སྣང་གི་སྐྱེ་བོ་འདྲ་སྣང་གི་བག་ཆགས་སམ་ལས་ཀྱི་ནུས་པ་དེ་ཉིད་ལ་སྣང་ཡུལ་དུ་ཞོན་པ་ཙམ་ཡིན་ནོ་དགེ ༈ བློ་ལ་ཇི་ལྟར་སྣང་བའི་ཚུལ་བསླུ་མེད་དུ་མྱོང་བ་འདི་ལས་ཀུན་རྫོབ་ཅེས་བྱ་བ་ཅུང་ཟད་གཞན་དུ་མི་དགོས་ལ། ཡོད་ཀྱང་མེད་དེ། མེ་ཚ་བ། ཆུ་གཤེར་བ། དགེ་བས་བདེ་བ། མི་དགེས་སྡུག་བསྔལ། བདག་མེད་རྟོགས་པ་ལས་ཐར་བ། བདག་འཛིན་གྱིས་འཁོར་བ། དུག་གིས་ན་བ། སྨན་གྱིས་ཕན་པ་སོགས་བཞིན་ཏེ། མནར་མེད་ཀྱི་སྡུག་བསྔལ་མྱོང་ཡང་། མེ་དང་ལུས་སུ་འཕྲད་པའི་ཚོར་བ་མྱོང་ན་སྣང་བ་དེ་ལས་གཞན་མེད་ཅིང་། དེ་བཞིན་ཚངས་དབང་གི་བདེ་བ། འཕགས་པའི་རྣམ་གྲོལ་ཉམས་སུ་མྱོང་བའི་བར་ཀུན་སྣང་ནི་སྣང་ཡང་རྟོག་པས་བཏགས་པ་ཙམ་ལས་ངོ་བོས་མ་གྲུབ་པར་འདྲའོ། །རྟོག་པས་བཏགས་པ་ཡིན་ཀྱང་དེ་ལྟར་སྣང་བ་ཡོད་པ་དེས་ཚད་གྲུབ་ཀྱང་བཞག་ཆོག སྣང་བ་དེས་བློ་མ་ཚིམ་པར་སྣང་བ་ལྟར་དོན་རང་ངོས་ནས་ཡོད་དགོས་ན་བདེན་གྲུབ་ཏུ་འགྱུར་མོད་དེ་མི་སྲིད་དོ། །དེས་ན་སེམས་ཀྱི་ལས་བསགས་སེམས་ལ་སྣང་། སེམས་ཀྱི་ཞེན་པ་འདི་ཙམ་ཀུན་རྫོབ་ཀྱི་ཆོས་ཡིན་ཏེ། དེ་མིན་ན་དོན་དམ་དུ་འགྱུར་རོ། །རྟོག་པས་ཕར་བཏགས་པ་ཙམ་ཞིག་ཀུན་རྫོབ་ཀྱི་གྲུབ་ཚད་མཐར་ཐུག་ཡིན། དེ་ལས་གཞན་མི་རྙེད། དེས་ན་ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་དུ་གསུངས་སོ། །རྟོག་པས་འདོགས་ཚུལ་ནི། འདི་ནི་ཀ་བ། འདི་ནི་བུམ་པ། འདི་ནི་བདེ་བ། འདི་ནི་སྡུག་བསྔལ་སོགས། རྟག་མི་རྟག འདུས་བྱས་མ་བྱས་སོགས་ཆོས་སྣ་ཚོགས་ཀྱི་མཚན་མར་འཛིན་ཅིང་ཞེན་ལ་དམིགས་པར་བྱེད་དོ། །དེའི་ངོར་མི་མཉམ་ཞིང་གཉིས་ཆོས་ཅན་གཟུང་འཛིན་ཅན་ནོ། །མཉམ་ཉིད་མི་དམིགས་པ་དོན་དམ་དེ་ཁོ་ན་ཉིད་ལ། དངོས་དངོས་མེད་རྟག་མི་རྟག་སོགས་ཀྱི་མཚན་མ་སྲིད་པ་མ་ཡིན་ན། བདེན་མེད་ཀྱི་མཚན་མར་འཛིན་པ་ག་ལ་སྲིད། དམིགས་པ་ཐམས་ཅད་ཞི་བའོ། །དེས་ན། རྣམ་པར་རྟོག་ལས་མ་གཏོགས་པའི། །ཞེས་སོགས་གསུངས། མདོར་ན་རྟོག་པས་བཏགས་ཙམ་གྱི་ཀུན་རྫོབ་འཇོག་པ་ལས་བརྒལ་ན་བདེན་གྲུབ་ཏུ་འགྱུར་རོ། །དོན་དམ་པ་ནི་རྟོག་པས་བཏགས་པ་མ་ཡིན་ཏེ། རྟོག་ཡུལ་ལས་འདས་པའོ། །དེ་ཅིའི་ཕྱིར་ན་མཚན་མ་ཐམས་ཅད་ཉེ་བར་ཞི་བ་ལ་ཅི་ཞིག་ཏུ་རྟོག་པས་བཏགས། རྟོག་པས་བཏགས་ནས་སྣང་བ་བསླུ་མེད་འདི་ལྟར་སྣང་བཞིན་རྟོག་བཏགས་ཙམ་ཡིན་ཕྱིར། དམིགས་སུ་མེད་བཞིན་ཐ་སྙད་དུ་རྟོག་པའི་དབང་གིས་དམིགས་པའོ། །མི་རྟོག་པས་ནི་ཅིར་ཡང་མི་འཛིན་མོད་ཀྱི་རྟེན་འབྱུང་གི་སྣང་བ་མེད་པར་མི་རྙེད་དེ། དེས་རྫོགས་སྨིན་སྦྱང་བ་སྒྱུ་མ་ལྟར་བསྒྲུབ་བོ། །མེ་རྟ་ཟླ་གསུམ་པའི་ཚེས་དྲུག་ལ་ཁྲ་འགུ་རི་ཁྲོད་དུ་ཤར་བ་དགེ ༈ ཡང་། མེ་ཚ་བ་ཡིན་པའི་རྒྱུ་མཚན་བཤད་དུ་མེད་པ་ནི། སེམས་ཀྱི་སྤྱོད་ཡུལ་དུ་དེ་ལྟར་བསླུ་མེད་དུ་རང་གཞན་ཀུན་ལ་སྣང་བའི་དབང་གིས་ཚ་བར་བཞག་གོ །དེའི་ཕྱིར་དེ་ལ་རྒྱུ་མཚན་གཞན་བཤད་དུ་མེད་ཅིང་བཤད་མི་དགོས་ཏེ། ཐ་སྙད་ཀྱི་རྣམ་བཞག བདེ་སྡུག་བདག་གཞན་སོགས་ཇི་ལྟར་སྣང་བ་ཐམས་ཅད་ཇི་ལྟར་སྣང་བ་དེ་བཞིན་དུ་རྣམ་པར་བཞག་པ་ཡིན་ལ། སྣང་བ་དེ་ཉིད་ཀྱིས་ཐ་སྙད་ཚད་གྲུབ་བམ་ཐ་སྙད་ཀྱི་དོན་རྫོགས་པ་ཡིན་ཏེ། དེ་ལྟར་སྣང་བ་ལས་གཞན་པའི་དོན་གྱི་ངོ་བོ་ཉིད་ཡོད་པའི་རྒྱུ་མཚན་མེད་དེ། ཡོད་ན་དོན་རང་གི་ངོ་བོ་ཉིད་ཡོད་པར་འགྱུར་ཞིང་། ཐ་སྙད་ཀྱི་ཆོས་ཉིད་བདེན་པར་གྲུབ་པས་རང་བཞིན་རྒྱུར་སྨྲ་བའི་སྐྱོན་འོང་སྟེ། ཆོས་ཉིད་ཀྱི་རིགས་པ་ཐལ་དྲག་ན་ཞེས་པའི་སྐྱོན་འབབ་པའི་དོན་ཏོ། དེས་ན་ཆོས་ཐམས་ཅད་རྟོག་པའི་དབང་གིས་བཞག་པ་ཙམ་དུ་ཉེ་བར་འཁོར་གྱིས་ཞུས་པ་ལས་འབྱུང་བ་ལྟར། སེམས་ལ་སྣང་བའི་དབང་གིས་སམ། རྣམ་པར་རྟོག་པའི་དབང་གིས་བཞག་པ་ཙམ་ལས་ཅུང་ཟད་མེད་དེ། སྤྲོས་ཀུན་སེམས་ཀྱི་རྣམ་པར་ཕྱེ་བ་ཡིན། ཅེས་མདོ་ལས་གསུངས་པ་ལྟར་རོ། །སེམས་མེད་ན་བདེ་སྡུག་དང་ཚ་གྲང་སོགས་ཇི་ལྟར་འཇོག གལ་ཏེ་རྟོག་པའི་དབང་གིས་བཞག་ཙམ་ཡིན་ན། དོན་མེ་ལྟ་བུའི་རང་མཚན་མེད་པར་འགྱུར་ན། རྟོག་པས་ཀྱང་ཇི་ལྟར་འཇོག་སྟེ། མེ་མེད་ཀྱིས་ཕྱོགས་སུ་མེ་རྟོག་པའི་དབང་གིས་མི་འཇོག་པ་ལྟ་བུའོ་ཟེར་ན། འདིའི་རྟོག་པའི་དབང་གིས་བཞག་པའི་དོན་ནི། ཐ་སྙད་དུ་ཡུལ་ཕྱི་དོན་མེད་པར། ཡུལ་ཅན་བློས་བཏགས་པའི་དོན་མིན་ཏེ། རྟེན་འབྲེལ་གྱི་དབང་གིས་བློ་ལ་ཡུལ་དུ་སྣང་བ་ཙམ་ལ། དེ་དང་དེར་བཞག་ནས་བཏགས་པའི་དོན་ཏོ། །འོ་ན་ཡུལ་མེའི་ཚ་བ་ཐ་སྙད་དུ་རང་གི་ངོ་བོས་ཇི་ལྟར་མེད་སྙམ་ན། ཐ་སྙད་དུ་ཡུལ་ཡུལ་ཅན་གཉིས་ཀ་ཡོད་མོད། དེ་གཉིས་ཀའང་རྟོག་པའི་དབང་གིས་བཞག་པ་སྟེ། རྨི་ལམ་གྱི་ཡུལ་ཡུལ་ཅན་བཞིན་ནོ། །དེས་ན་མེ་ཚ་བར་བློ་ལ་སྣང་བ་དེ་ཚ་བ་ཡིན་པར་གྲུབ་པ་ནི། ཡུལ་གྱི་དབང་གིས་མིན་ཏེ། བློ་ལ་སྣང་བའི་ཕྱིར་ཏེ། བློ་ལ་ཚ་བར་མ་སྣང་ན་ཚ་བར་བཞག་ཏུ་མེད་དེ། རི་དྭགས་མེའི་གཙང་སྦྲ་ཅན་བཞིན་ནོ། །འོ་ན་ཕྱི་དོན་གྱི་མེ་ཚ་བར་ཚད་མས་མི་འགྲུབ་སྙམ་ན། ཚ་བའི་དངོས་གཞི་མ་ལོག་པ་རྣམས་ལ་བསླུ་མེད་འགྲུབ་སྟེ་རང་ཅག་བཞིན་ནོ། །རྣམ་པ་ཀུན་ཏུ་ཚ་བར་གྲུབ་ན་བདེན་གྲུབ་ཏུ་འགྱུར་ཏེ། མེའི་གཙང་སྦྲ་ཅན་ལ་མི་ཚ་བར་མི་འགྲུབ་དགོས་ན། དེ་མི་རིགས་ཏེ། མེ་ལ་གནས་སུ་སོང་བ། ཟས་སུ་སོང་བ་སོགས་སྣ་ཚོགས་ཡོད་པའི་ཕྱིར། དེས་ན་རྟོག་པའི་དབང་གིས་བཞག་པར་འགྲུབ་སྟེ། ཇི་ལྟར་སྣང་བ་བསླུ་མེད་དེས་ཐ་སྙད་ཚད་མའི་བྱ་བ་བྱས་པར་གསལ་ལོ། །འོ་ན་ཟླ་གཉིས་སྐྲ་ཤད་སྒྱུ་མ་སོགས་ཀྱང་ཚད་གྲུབ་ཏུ་འགྱུར་རོ་ཞེ་ན་ཅི་ཡིས་འགྲུབ་དྲི། དེ་དག་དེར་འཛིན་པའི་རྟོག་པའི་དབང་གིས་བཞག་པ་དེས་དེ་ལ་ཚད་མའི་བྱ་བ་བྱས་སོ་ཟེར་ན། དེ་དག་སུ་ལ་སྣང་བ་དེར་སྣང་བ་ཙམ་གྱིས་བྱ་བ་བྱས་པར་འདོད་ལ། ཐ་སྙད་དུ། ཟླ་བ་གཉིས་པ་དང་། སྐྲ་དངོས་དང་། སྒྱུ་མའི་རྟ་གླང་། རྟ་གླང་དངོས་ཀྱི་ཚད་གྲུབ་འདི་མེད་དེ། དེ་མི་མཉམ་པ་ཐ་སྙད་རང་ལ་དཔྱོད་པའི་ཆ་ནས་འབྱེད་དགོས་ཀྱི། ཇི་ལྟར་སྣང་བའི་དབང་དུ་སྐྲ་ཤད་ལ། རྫུན་སྣང་སྐྲ་ཤད་དུ་སྣང་བ། ཟླ་གཉིས་ལ་མིག་ཡོར་དུ་སྣང་བ། སྒྱུ་མའི་རྟ་གླང་ལ་དེར་ཤེས་པའི་སྣང་བ་ནི། དེར་སྣང་ཙམ་གྱིས་དེ་ཉིད་རང་རང་སོ་སོར་ཚད་མ་གྲུབ་པར་སོང་ངོ་། །ཐ་སྙད་འཁྲུལ་མ་འཁྲུལ་ནི་སྣང་བ་ཙམ་གྱི་ཆ་ནས་མ་ཡིན་ཏེ། དེ་ལ་ཡིད་ཤེས་འཁྲུལ་མ་འཁྲུལ་གྱིས་བརྟག་པའི་ཆ་ནས་ཕྱེ་བའོ། ། སྣང་བ་དེ་དག་ནི་དོན་དུ་གྲུབ་པ་མེད་པས་བདེན་མིན། སྣང་བ་ཙམ་ཡོད་པ་ལ་རྫུན་མིན་ཡིན་པ་དེ་བཞིན་ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ། ། ༈ རྟོག་པའི་དབང་གིས་བཞག་པའི་མེ་ཚ་བ་སོགས་ཇི་ལྟར་སྣང་བ་དེ་ལ་དེ་ལྟར་གདགས་པའི་ཐ་སྙད་ནི། རྟོག་པ་ཅན་དེ་དག་ལ་མི་བསླུའོ། །ཡང་དག་པའི་དོན་དུ་མཚོན་བྱ་མེ་དང་། དེའི་མཚན་ཉིད་ཚ་བའང་བརྟག་ན་དབེན་པ་སྟོང་པ་ཉིད་ཡིན་པས། རང་བཞིན་རྒྱུའམ་གཞིར་སྨྲ་བ་ག་ལ་ཡོད་དེ། རྟོག་པའི་དབང་གིས་བཞག་པ་ནི། རྟོག་པ་དེའི་ངོར་བྱས་ཏེ་དེ་ལྟར་བརྗོད་ཀྱི་དོན་གྱི་རང་གི་ངོ་བོས་གྲུབ་པ་མིན་པའི་ཕྱིར་ཏེ། བརྟག་ན་ཆོས་ཐམས་ཅད་ཀྱི་མཚན་ཉིད་མེད་པའོ། །མཚན་ཉིད་མེད་པར་རྟོག་པ་ལ་མཚན་ཉིད་ཡོད་པར་སྣང་ན། མེད་པ་ལས་བྱུང་བའི་ཕྱིར་ཆོས་ཐམས་ཅད་རྒྱུ་མེད་དུ་འགྱུར་རོ་ཞེ་ན། མེད་པ་ལས་བྱུང་བ་མེད་དེ། མེ་ཚ་བར་སྣང་བཞིན་མཚན་ཉིད་མེད་པ་མིན་པས། མཚན་ཉིད་མེད་པའི་ཆོས་ལས་བྱུང་བ་ག་ལ་ཡོད་དེ། ཡེ་ནས་མ་སྐྱེས་པ་ཡིན་པའི་ཕྱིར། དེའི་ཕྱིར་ཆོས་ཐམས་ཅད་ནི་མཚན་ཉིད་ཚ་བ་སོགས་རྟོག་ངོར་སྣང་བ་འདི་ཉིད། མཚན་ཉིད་མེད་པའི་ཕྱིར། རང་གི་མཚན་ཉིད་ཀྱིས་མ་སྐྱེས་པའམ། ངོ་བོ་ཉིད་དང་། རང་བཞིན་གྱིས་མ་སྐྱེས་པ་ཞེས་བྱའོ། །དཔེར་ན་ཟླ་བ་གཉིས་སྣང་དང་ཐག་སྦྲུལ་ལ། དེ་དག་རྒྱུ་མེད་དུ་བྱུང་ཞེས་བྱ་སྟེ། ཟླ་བ་གཉིས་པ་དང་། སྦྲུལ་ཡེ་ནས་སྐྱེ་མ་མྱོང་བ་བཞིན་ནོ། །སྐྱེ་བ་མེད་ན་སྐྱེ་བར་སྣང་མི་སྲིད་སྙམ་པ་ཡང་དཔེ་འདིས་སེལ་ལོ། །དཔེ་འདི་བཞིན་ཆོས་ཀུན་ཀྱང་ཤེས་པར་བྱའོ། །དེས་ན་ཆོས་ཐམས་ཅད་ནི་ཡེ་ནས་སྐྱེ་འགག་སོགས་མཐའ་བརྒྱད་བྲལ་བ་སྟེ་ཁས་ལེན་མེད་པའོ། ། དེ་ཡང་རྗེས་ཐོབ་གཉིས་སུ་སྣང་བའི་ཚེ། སྣང་ཡང་རང་བཞིན་མེད་པ་སྒྱུ་མ་ལ་སོགས་པ་ལྟ་བུའོ། །དེའི་ཕྱིར་ཡང་དག་དང་ཡང་དག་མིན་པ་སོགས་ཀྱི་ཁས་ལེན་བྲལ་ཏེ། བདེན་མིན་རྫུན་མིན། སྣང་ཡང་རང་བཞིན་མེད་པའོ། །འདི་ལ་བདེན་གཉིས་ཕྱེ་སྟེ་བདེན་མིན་རྫུན་མིན་གྱི་ཁས་ལེན་དཔྱད། མཉམ་གཞག་ཏུ་ནི་སྣང་མི་སྣང་བདེན་རྫུན་སོགས་ཀྱི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའོ། །དེའི་ཕྱིར་སྤྲོས་པའི་མཐའ་སྤྲོས་མེད་ཀྱི་དབྱིངས་སུ་བསྐྱལ་བ་ན། སྤྲོས་མེད་ལ་ནི་སྤྲོས་མེད་ཡིན་པའི་རྒྱུ་མཚན་སོགས་བཤད་པ་དང་འདྲི་བའི་གཞི་མེད་དེ། སྤྲོས་པ་མེད་པ་ལ་ཅི་ཞིག་ཡིན་མིན་སོགས་ཐ་སྙད་ཀྱིས་གདགས་པར་བྱ་བའི་གཞི་མེད་དོ། །དེའི་ཕྱིར་ཆོས་ཐམས་ཅད་ཀྱི་མཐའ་སྤྲོས་བྲལ་ལ་ཐུག་ནས་སྐྱོན་གདགས་སུ་མེད་དེ། ང་ལ་ཁས་ལེན་མེད་པས་ན་ཞེས་སོགས་བཞིན་ནོ། །དེ་ལྟར་དེས་མཚོན། མིག་སོགས་དབང་པོ་དྲུག་ལས་མེད་པ་ཅི། འདི་ལྟར་འཁོར་འདས་གཉིས་དང་། བདེ་སྡུག་སོགས་སྣ་ཚོགས་སུ་སྣང་བ་ཅི་ཞེས། རྒྱུ་མཚན་དྲི་ན། རྟེན་འབྲེལ་གྱི་དབང་གིས་ཞེས་ལན་གདབ། རྟེན་འབྲེལ་ཡིན་པ་ཅིའི་ཕྱིར་ཞེ་ན། དེ་ལྟར་སྣང་བའི་ཕྱིར་ཞེས་བརྗོད། དེ་ལྟར་སྣང་བའང་ཐ་སྙད་ཀྱིས་བྱས་ལ། ཡང་དག་པར་ན་བརྟེན་ནས་བྱུང་བའང་མེད་དོ། །གལ་ཏེ་གཏི་མུག་བརྟེན་ནས་ལས་བྱུང་སོགས་ཀྱི་དོན་ལྟར་རོ། །རྟོག་པ་ལ་འདི་ལྟར་སྣང་བ་ནི་ཐོག་མ་མེད་པའི་སྤྲོས་པའི་བག་ཆགས་ལས་སོ། །སྤྲོས་པ་ནི་སེམས་ཀྱིས་ཕྱེ་བའོ། །སེམས་ནི་གདོད་མའི་འོད་གསལ་ལས་བྱུང་ངོ་། །འོད་གསལ་ནི་སྤྲོས་པའི་དྲ་བ་ཀུན་གྱི་ཡུལ་མིན་པའོ་སོགས་ཅི་རིགས་བཤད། རྟོག་པའི་དབང་གིས་བཞག་པ་ཙམ་དུ་སྨྲ་བ་འདི་ཐ་སྙད་ཚད་མའི་མཐའ་གཏུགས་ས་ཡིན་ཏེ། དོན་དམ་དཔྱོད་པའི་ལག་རྗེས་ལས་འོང་དགོས། འདི་རྟོགས་ནས་བལྟ་བྱ་ཐུན་མོང་བ་འདོད་པའི་ལུགས་ཀྱི་ཐ་སྙད་ཚད་གྲུབ་དང་། མི་འདོད་པ་སེམས་ཙམ་ལུགས་ཀྱི་ཚད་གྲུབ་གང་ཡིན་ཀྱང་། འདིས་སྐྱོན་མེད་དུ་བསྒྲུབ་དགོས་སོ། ། འདི་མ་ཤེས་ན་མཐར་གྱིས་ཐ་སྙད་ཚད་མས་གྲུབ་ཚུལ་མི་ཤེས་ཏེ། ཕྱི་དོན་ཚད་གྲུབ་འབའ་ཞིག་གིས་བསྒྲུབ་ན། མེའི་ཚ་བ་ལོག་པའི་སེམས་ཅན་རིགས་དང་། དངོས་གཅིག་ཡིད་ནི་ཐ་དད་ཀྱིས་མི་འགྲུབ། དེ་མ་གྲུབ་ན་སེམས་ཙམ་ལུགས་ཀྱི་བག་ཆགས་བརྟན་བྱུང་མ་བྱུང་གི་ཚད་མ་ཚད་མིན་དེ་ཡང་བག་ཆགས་ཙམ་དུ་འདྲ་བས་མཐར་མི་འགྲུབ་འདྲ་དཔྱད། རྟོག་བཞག་ཤེས་ན། ཕྱི་དོན་འདོད་མི་འདོད་སུའི་ལུགས་ཀྱི་དེའང་དེ་དག་གི་ངོར་འགྲུབ་སྟེ། དེ་དག་སོ་སོར་སྣང་བ་དེ་བཞིན་བསླུ་མེད་ཀྱི་ཚད་མ་ཡོད་པར་འགྱུར། ཇི་སྲིད་སྣང་བའི་བར་དུ་ཚད་གྲུབ་འགྲུབ། མ་སྣང་ན་ཚད་གྲུབ་བཞག་པའི་གཞི་མེད་དོ། །སྤྲོས་ཀུན་ཞི་བ་སངས་རྒྱས་ཀྱི་ས་ན་ཇི་སྙེད་པས་གཟིགས་པའི་ཡེ་ཤེས་མི་གྲུབ་སྟེ། སྤྲོས་ཀུན་དང་གཉིས་སྣང་མི་མངའ་བའི་ཕྱིར་ཞེས་འདོད་པ་མང་ཡང་། གཉིས་སྣང་གི་སྤྲོས་པ་མི་མངའ་མོད། དེས་བདེན་གཉིས་དབྱེར་མེད་གཟིགས་པ་ཡིན་པས་མཁྱེན་གཉིས་ཡོད་དགོས་ལ། མེད་ན་སྟོབས་བཅུ་མཁྱེན་པ་མིན་པར་འགྱུར་རོ། །དེ་ལྟར་གྱུར་ན་རྣམ་མཁྱེན་མིན་པར་འགྱུར་བས། འཁོར་འདས་དང་ཀུན་རྫོབ་གཏན་ནས་མེད་ན་མ་གཏོགས། ཡོད་ན་སངས་རྒྱས་ཀྱིས་གཟིགས་དགོས་ཏེ། རྣམ་མཁྱེན་ཡིན་པའི་ཕྱིར། དེའི་གཟིགས་པ་ནི་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་རང་བཞིན་རྟོགས་པའི་གཟིགས་ཚུལ་ཕལ་པས་བསམ་གྱིས་མི་ཁྱབ་བོ། ། ༈ ཟླ་གཉིས་ལྟ་བུ་འཁྲུལ་སྣང་ཡིན་དགོས་ཏེ། མིན་ན་ཕྱི་དོན་ཡོད་པར་འགྱུར་ལ། དོན་མེད་ཀྱང་སྣང་ན་འཁྲུལ་སྣང་ལས་མི་འདའ་བས། ཀུན་རྫོབ་གཉིས་སྣང་ཐམས་ཅད་ཀྱང་མེད་བཞིན་སྣང་བའི་ཕྱིར་འཁྲུལ་སྣང་ཅིས་མ་ཡིན། དེའི་ཕྱིར་སངས་རྒྱས་ཀྱི་ས་ན་ཀུན་རྫོབ་ག་ལ་ཡོད་ཟེར་ན། ཟླ་གཉིས་ཆུ་ཟླ་ལ་སོགས་འཁྲུལ་སྣང་དུ་བཞག་པ་ནི་ཐ་སྙད་ཆད་པའི་དབང་གིས་བཞག་གི སྣང་བ་ཙམ་འཁྲུལ་པའང་མ་ཡིན་ཏེ། རྟེན་འབྲེལ་གྱི་སྣང་བའོ། །དེ་ཉིད་འཁྲུལ་པར་བརྗོད་པས་དོན་ལ་མེད་ཚུལ་ཤེས་པར་བྱེད་པའི་ཕྱིར། དེ་ལྟར་རྣམ་པར་བཞག་པའང་འགྲུབ་མོད་ཀྱི། འོན་ཀྱང་སྐྱེ་མེད་ཉིད་དུ་འགྲུབ་པ་ནི། རྟེན་འབྱུང་ཡིན་པས་འགྲུབ་སྟེ། ཟླ་བ་དངོས་མ་འཁྲུལ་པའི་སྣང་བར་འདོད་པའང་རྟེན་འབྱུང་གི་རིགས་པས་སྐྱེ་མེད་དུ་གྲུབ་པའི་ཕྱིར། ཀུན་རྫོབ་ཡིན་ཚད་འཁྲུལ་སྣང་ཡིན་མི་དགོས་སོ། །འོ་ན། གཏི་མུག་རང་བཞིན་སྒྲིབ་ཕྱིར་སོགས་དང་། སད་པར་གྱུར་ན་གསུམ་ཆར་སོགས་ཀྱི་དོན་ཇི་ལྟར་ཞེ་ན། བདེན་གྲུབ་ཏུ་འཛིན་པའི་ཕྱིར། སྒྲིབ་པའམ་འགེབ་པའི་དོན་གྱིས་ཀུན་རྫོབ་ཏུ་བཤད་དོ། །སུམ་ཆར་མེད་པ་ནི་སྤྲོས་པ་མེད་པའི་དོན་ཏོ། །གཉིས་སྣང་མེད་པས་ཀུན་རྫོབ་ཇི་ལྟར་སྣང་ཞེ་ན། ཆོས་ཐམས་ཅད་ལ་ཡེ་ནས་གཉིས་སུ་ཡོད་པའི་རང་བཞིན་མེད་ཀྱང་། སྣང་བ་ལྟར། གཉིས་སྣང་མི་མངའ་བཞིན། ཆོས་ཐམས་ཅད་དབྱིངས་འབའ་ཞིག་གི་རང་བཞིན་ལས་མ་གཡོས་པར། རྣམ་པ་སྣ་ཚོགས་པའི་སྣང་བ་ཙམ་ཡོད་པར་ཅི་འགལ་ཏེ། མཉམ་རྗེས་ཐ་དད་མེད་པའི་གཟིགས་པ་དང་། བདེན་གཉིས་ཐ་དད་མེད་པའི་དུས་གཅིག་ཆར་གཟིགས་པ་དང་། མཁྱེན་གཉིས་ཐ་དད་དུ་མེད་པའི་གཟིགས་པ་ཡིན་པའི་ཕྱིར། འདིའི་གཟིགས་ཚུལ་འཕགས་པ་སློབ་པ་རྣམས་ཀྱིས་ཇི་བཞིན་གཞལ་མི་ནུས་ན། སོ་སྐྱེས་ལྟ་ཅི་སྨྲོས་ཏེ། རིག་པའི་དབང་ཕྱུག་ཆོས་ཀྱི་གྲགས་པས། སངས་རྒྱས་ཀྱི་ཡེ་ཤེས་དཔག་ནུས་རེ་སྐན་ཞེས་གསུངས་ལ། སངས་རྒྱས་ཉིད་ཚད་མར་བྱས་ནས་མོས་པར་བྱ་ཞིང་། ཡིད་ཆེས་བའི་རིགས་པས་གཞི་དུས་ནའང་བདེན་གཉིས་འགལ་མེད་དོན་གཅིག་ཡིན་པའི་ཚུལ་གྱིས་མོས་པར་བྱའོ། །མེ་རྟ་ཟླ་བཅུ་པའི་ཚེས་ལྔ་ལ་སྲོད་སྒྲོན་འོད་ལས་སོ། ། ༈ ཡང་། སངས་རྒྱས་ལ་བདག་རྟོག་མེད་ཀྱང་ང་དང་ང་ཡིར་གསུངས་པ་འཇིག་རྟེན་མཐུན་འཇུག་ཡིན་པ་དང་། ང་བདག་མེད་ཀྱང་བྱིས་པའི་ངོར་དེ་ཡོད་པ་ལྟར་སྣང་བ་གཟིགས་པ་མི་འགལ་བ་བཞིན་དུ། སྣང་སྲིད་སྐ་དང་ཡེ་ཤེས་སུ་གཟིགས་ཀྱང་མ་དག་པའི་ངོར་སྡུག་ཀུན་ལྟར་སྣང་བ་དེ་ལྟར་གཟིགས་ནས་དེ་བསྟན་པ་མི་འགལ་ཏེ། དོན་དམ་དང་ཀུན་རྫོབ་འདི་གཉིས་སྒོ་ཀུན་ནས་མཚུངས་པར་བསྒྲེ་ནུས་པ་འདི་སྣང་བ་ལྟར་སྒྲུབ་ལ་གལ་ཆེ་བས། འདིར་འབུམ་ཊིག་བལྟ་སྐབས་འབུམ་གྱི་གཞུང་ཚིག་ཞིག་གི་རྐྱེན་བྱས་ཏེ། དྲན་པ་བརྗེད་ཐོར་བྲིས་པའོ། ། ༈ ཡང་ཁ་ཅིག་ན་རེ། རིགས་པས་དགག་བྱ་མིན་ཀྱང་། ལམ་གྱིས་དགག་བྱ་དུ་མ་ཡོད་ཟེར། དེ་ཅི་ཞེ་ན། ཉན་ཐོས་པའི་ལམ་གྱི་རིགས་པས་དགག་བྱ་གང་ཟག་གི་བདག་འགོག ཕུང་ལྔ་མི་འགོག་ཀྱང་། ཕུང་ལྔ་སྒོམ་ལམ་གྱི་སྤང་བྱའམ་དགག་བྱ་ཡིན་པ་དང་། བདག་འཛིན་སོགས་བཞིན་སྙམ་ན། ཉན་ཐོས་པས་གང་ཟག་གི་བདག་བཀག་པས་བདག་འཛིན་ལྡོག་ལ། དེ་ལྡོག་པས་དེ་ལས་བྱུང་བའི་ཉོན་མོངས་ཐམས་ཅད་ཁེགས། དེ་ཁེགས་པས་ཕུང་པོའང་ཁེགས་པ་ནི་རིགས་པས་དགག་བྱ་བཀག་པའི་སྟོབས་ཀྱིས་འགྲུབ་སྟེ། འདིའི་ལུགས་ཀྱི་སྤང་བྱ་སྤོང་ཚུལ་ལ། ཐོབ་པ་ཆད་པ། འདུན་པ། འདོད་ཆགས་བྲལ་བ་སོགས་ཞིབ་པར་ཕྱེ། དེའི་ཕྱིར་ཟག་བཅས་ཀྱི་རྒྱུ་ལས་ཉོན་ལོག་པས་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་འགག་སྟེ། ལུས་ཞིག་ཚོར་བ་སོགས་བཤད་དེ། འདུ་ཤེས་སོགས་འགག་པ་སེམས་གཏན་དུ་རྒྱུན་ཆད་པར་འདོད་མོད། སེམས་རྒྱུན་ཆད་དོན་མེད་པར་རིགས་པས་གྲུབ་ལ། བདག་མེད་རྟོགས་པ་ལས་སླར་མི་ལྡོག་པས་ལས་ཉོན་གྱི་སྐྱེ་བ་གཏན་ཁེགས་རིགས་པས་འགྲུབ་སྟེ། དེ་དག་གི་དགག་བྱ་ཁེགས་པ་དེ་དག་ལྷག་མཐོང་གི་སྟོབས་ཀྱིས་ཡིན་གྱི། གཞན་དུ་ན་འདུ་ཤེས་མེད་པའི་སྙོམ་འཇུག་ཐོབ་པས་རེ་ཞིག་སེམས་འགགས་ཀྱང་སླར་སྐྱེ་བ་དང་ཅིས་མི་འདྲ། དེས་ན། སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམ་འཇུག་བཞིན། །ཞེས་གསུངས། འགོག་པའི་སྙོམ་འཇུག་གིས་སེམས་རེ་ཞིག་ཁེགས་ཀྱང་སླར་སྐྱེ་བ་ནི་ཆོས་ཐམས་ཅད་སྟོང་པར་རྟོགས་པའི་ལྷག་མཐོང་གིས་སེམས་ཚོགས་བརྒྱད་གནས་མ་གྱུར་བའི་ཕྱིར། རེ་ཞིག་ཚོགས་བདུན་འགག་ཀྱང་ཀུན་གཞི་ཡོད་པ་དེ་ལས་སླར་སྐྱེ་བར་འགྱུར། ཉོན་ཡིད་ནི་བདག་མེད་རྟོགས་པས་བདག་འཛིན་གྱི་ས་བོན་ཆོམས་ཕྱིར་སླར་མི་སྐྱེའོ། །འདུ་ཤེས་མེད་པའི་སྙོམ་འཇུག་གིས་རེ་ཞིག་ཚོགས་དྲུག་ཁེགས་ཀྱང་ཀུན་གཞི་ལྷག་མར་ལུས་པ་དེ་ལས། སླར་ཚོགས་བདུན་སྐྱེའོ། །གཞན་ལུགས་ལྟར་ཉན་ཐོས་པས་སྟོང་ཉིད་རྫོགས་པར་རྟོགས་པ་ཐེག་ཆེན་དང་འདྲ་ན། རིགས་པས་མི་འགོག་ལམ་གྱིས་འགོག་རྒྱུའི་ཆོས་ཅི་ཡིན་ཀྱང་མེད་དོ། །ཕུང་སོགས་ཆོས་རྣམས་ཐ་སྙད་དུ་མེད་པ་ནི་ཐེག་ཆེན་པས་ཀྱང་མི་འདོད་མོད། ཀུན་རྫོབ་ལམ་གྱི་དགག་བྱ་ཡིན་པར་ཡང་ཁས་མི་ལེན་ཏེ། ཡིན་ན་སངས་རྒྱས་ཀྱི་ས་ན་ཀུན་རྫོབ་གཟིགས་པ་མེད་པར་འགྱུར་རོ། །གཉིས་སྣང་རིགས་པས་དགག་བྱ་ཡིན་ཏེ། ཆོས་བདག་མེད་རྟོགས་པས་འཁོར་གསུམ་དུ་རྟོག་པ་ལྡོག་ལ། དེ་ལྡོག་པས་ཆོས་ཐམས་ཅད་ལ་གཉིས་ཞེན་སྤོང་ཞིང་། མཐར་གྱིས་གཉིས་སྣང་ཡང་ལྡོག་སྟེ། བདེན་ཞེན་དང་བདེན་སྣང་བཞིན་ནོ། །གཉིས་སྣང་མེད་ན་ཀུན་རྫོབ་ཇི་ལྟར་དམིགས་ཏེ། ཀུན་རྫོབ་གཉིས་སྣང་ཅན་ཡིན་པར་ངེས་སོ་སྙམ་ན། འོ་ན་སངས་རྒྱས་ལ་གཉིས་སྣང་གི་བག་ཆགས་ཀྱང་ཟད་པར་ཁྱོད་འདོད་ན། སངས་རྒྱས་ཀྱི་ས་ན་ཀུན་རྫོབ་མེད་པ་དང་། ཀུན་རྫོབ་མི་གཟིགས་པར་འགྱུར་རོ། །དེ་ལྟ་ན་བདེན་གཉིས་གཅིག་ཆར་གཟིགས་པའི་ཁས་ལེན་མེད་པར་འགྱུར་རོ། །དེས་ན་ཀུན་རྫོབ་ནི་རྟེན་འབྱུང་གི་དབང་གིས་སྣང་བའི་སྣང་བ་རྣམས་ཡིན་ལ། གཅིག་སངས་རྒྱས་ཀྱང་འཁོར་འདས་ཀྱི་རྟེན་འབྱུང་གི་སྣང་བ་ཐམས་ཅད་རྒྱུན་ཆད་པར་ག་ལ་འགྱུར། མ་ཆད་ན་དེ་རྣམ་མཁྱེན་གྱིས་མི་གཟིགས་དོན་ཅི་ཡོད་ན། གཟིགས་པའི་ཕྱིར་སྟོབས་བཅུ་པར་བཞག་སྟེ་ཁམས་སྣ་ཚོགས་དང་མོས་པ་སྣ་ཚོགས་སོགས་མཁྱེན་པ་ཀུན་རྫོབ་ཡིན་པའི་ཕྱིར། མི་མཁྱེན་ན་སྟོབས་བཅུ་མེད་པ་དང་། རྣམ་མཁྱེན་མེད་པར་འགྱུར་རོ། །དེས་ན་རང་ཅག་རྣམས་ལ་ཀུན་རྫོབ་རྣམས་གཉིས་སྣང་དང་བཅས་པར་སྣང་ཡང་། སངས་རྒྱས་ཀྱི་ས་གཉིས་སྣང་མི་མངའ་བར་གཟིགས་པའི་གཟིགས་ཚུལ་སོ་སྐྱེས་ལྟ་ཅི་འཕགས་སློབ་པས་ཀྱང་གཞལ་དཀའ་སྟེ། རྣམ་རྟོག་མི་མངའ་ཅིར་ཡང་ས་ལེར་མཁྱེན། ཞེས་སོགས་གསུངས། རྣམ་རྟོག་མེད་ན་གཉིས་སྣང་ག་ལ་ཡོད་དེ། གང་སྣང་གང་ལ་སྣང་། ཇི་ལྟར་སྣང་བའི་འཁོར་གསུམ་མི་དམིགས་པའི་ཕྱིར། ཞེས་སོགས་དཔྱད་དོ། །མཉྫུ་ཤྲཱི་ཧེ། ༈ཡང་། རྒྱུ་ཐོ་བུམ་འཕྲད་པ་ནི་ད་ལྟ་བ་ཕྲད་པ་སྟེ། འདས་འོངས་ཕྲད་མི་ཤེས། ཐོ་བུམ་ཕྲད་ཚེ་བུམ་པ་ལ་ཐོ་རྗེས་དོད་པ་དེ། ཕྲད་པའི་སྐད་ཅིག་དེ་ཉིད་དུ་འབྱུང་སྟེ། དེ་གསུམ་དུས་ལ་སྔ་ཕྱི་མི་འཐད་དོ། །དེ་ལྟ་ན་རྐྱེན་དང་རྐྱེན་ཅན་འཕྲད་པའི་སྐད་ཅིག་དེར་སྔར་དང་མི་འདྲ་བའི་འགྱུར་བ་འབྱུང་བ་དེ། དངོས་རྒྱུ་གཉིས་པོ་དང་དུས་གཅིག་པ་ཡིན་དགོས་འདྲ་ལ། དེ་ལྟ་ན། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །སོགས་འཐད། དབང་ཡུལ་འཕྲད་པའང་དེ་དང་འདྲ། ཤེས་པ་ཐོ་རྗེས་ལྟ་བུའི་རྣམ་པ་དེས། ཡུལ་རྗེན་ཅིར་བཟུང་ཞེས་ཀྱང་རུང་ལ། རྣམ་པའི་ཕག་ཏུ་ཡོད་རྒྱུ་ཡུལ་ད་ལྟ་བ་ཡིན་རྒྱུ་འདྲ་བས། དེ་མདོ་སྡེ་པ་སོགས་ཀྱི་བཞེད་པ་དང་མི་འདྲ་བས་འདི་ཅི་ཡིན་དཔྱད། མདོར་ན་རྟེན་འབྲེལ་གྱི་སྣང་བ་ཡིན་པ་ནི་ཚད་མས་གྲུབ། ཐོ་བུམ་དུས་མཉམ་པ་ལ་གཅིག་གཅིག་གིས་བསྐྱེད་པ་མིན་པ་ནི་འགྲུབ་མོད། ཕྲད་པའི་དུས་དེར་གཉིས་ཀར་སྐད་ཅིག་སྔ་མ་དང་མི་འདྲ་བའི་ཁྱད་པར་བྱུང་བ་དེ། དེ་དུས་ཀྱི་སྐད་ཅིག་དེ་དག་གི་དངོས་པོའི་ཆོས་ཉིད་ཡིན་པ་ལ། མེད་ན་མི་འབྱུང་བའི་རྒྱུ་འབྲས་སུ་བཏགས་པ་ཡིན་དགོས་འདྲ། དེ་དུས་མཐའི་སྐད་ཅིག་མ་ཡིན་དགོས་ཀྱང་། དེ་ལའང་ད་ལྟ་བ་ཕྲད་པ་ལས་འོས་མེད་འདྲ། འདི་དངོས་པོ་མི་འགལ་བ་ཡིན། འགལ་བ་ཚ་གྲང་དང་། བློ་འགལ་དུས་གཅིག་ཕྲད་ཤེས་སམ་མི་ཤེས་དཔྱོད། ཕྲད་ན་ཕྲད་དུས་དེར་གཅིག་ཤོས་མེད་འདྲའོ་དཔྱོད། ༈ ཐལ་འགྱུར་པའི་ལུགས་ལ་རང་རིག་དང་ཀུན་གཞི་ཐ་སྙད་དུ་ཡོད་མེད་གང་ཁས་ལེན་ཟེར་ན། ཐ་སྙད་དུ་དེའི་རྣམ་བཞག་མེད་པའི་ཆ་ནས་མེད་པར་ཁས་ལེན་མོད། དེས་དེ་སྤྱིར་ཐ་སྙད་དུ་མེད་པར་མི་འགྱུར་ཏེ། འགྱུར་ན་ཐ་སྙད་དཔྱོད་བྱེད་ཀྱིས་ཁེགས་དགོས་ཏེ་སྒྲ་རྟག་པ་བཞིན་ནོ། །ཐལ་འགྱུར་ལུགས་ལ། བློ་ཤེས་བྱེད་ཡིན་པ་ཉིད་ཀྱིས་ཤེས་པ་མིན་པ་ཤུགས་རྟོགས་དང་། མར་མེ་གསལ་བྱེད། རལ་གྲི་གཅོད་བྱེད་སོགས་ཀུན་ལ་འདྲ། བློ་ཡུལ་ཤེས་པས་རང་ཉིད་དེ་ཤེས་པར་གྲུབ་པ་ཉིད་ཀྱིས་ཆོག་གོ ། ཚོགས་དྲུག་གིས་ཡུལ་དུས་ཤེས་པས་ཆོག་གི རང་རིག་གི་ཐ་སྙད་མ་བྱས་ཀྱང་རུང་། ཡང་དག་པར་ན་མར་མེ་ལ་གསལ་བྱེད་གཞན་མི་དགོས་པར་གྲུབ་པ་ཡིན་མོད། རང་གསལ་བ་མིན་ཏེ། མུན་གྱིས་སྒྲིབ་པ་མིན་པས་སོ། །རང་རིག་ན་མུན་པས་རང་སྒྲིབ། རལ་གྲིས་རང་གཅོད་ལྟར་འགྱུར་ཏེ། འདི་ནི་དོན་དམ་པར་དཔྱད་པའོ། །རང་རིག་གི་ཐ་སྙད་བཏགས་པས་གྲུབ་པ་ནི་མི་འགོག་སྟེ་ཁེགས་མི་ནུས་ལ། བཏགས་པའི་ཐ་སྙད་དོན་མཐུན་འགོག་ཀྱང་མི་དགོས་སོ་སྙམས། མེ་རྟ་ཟླ་བཅུ་གཅིག་པའི་ཚེས་བཅུ་ལ་དྲན། ༈ ཡང་། གཞན་སེལ་སྐོར། དོན་དང་བློ་ཡི་གཞན་སེལ་གཉིས་ཡོད། བློ་ཡི་གཞན་སེལ་འདི་ལ་ཡང་ཞིབ་ཏུ་ཕྱེ་ན། རྟོག་མེད་ཀྱི་བློས་སྣང་བའི་སྒོ་ནས་སྔོན་པོར་བཟུང་བས་སྔོ་མིན་ཤུགས་ཀྱིས་སེལ། མ་སེལ་ན་སྔོན་པོར་ཡང་འཛིན་པར་མི་རིགས་སོ། །རྟོག་བཅས་ཀྱི་བློས་སེལ་ཚུལ་ལ། རྟེན་སྒྲ་ཡི་གཞན་སེལ་དང་། དེ་ལ་བརྟེན་པ་རྟོག་བློའི་གཞན་སེལ་གཉིས། དང་པོ་སྒྲ་ཐམས་ཅད་སེལ་བའི་སྒོ་ནས་འཇུག་སྟེ། བུམ་པ་ཞེས་པས་བུམ་མིན་གཅོད། བུམ་པ་སེར་པོ་ཞེས་པས་བུམ་མིན་དང་ཁ་དོག་སེར་མིན་གཅོད། བུམ་པ་སེར་པོ་ཆེ་བ་ཞེས་པས་བུམ་མིན་སེར་མིན་ཆེ་མིན་གཅོད་པ་སོགས་སྒྲ་ཐམས་ཅད་ལ་རྣམ་གཅོད་ཡོད། ཡོད་པ་ལྟར་བློས་བཟུང་བས། བློ་ཡིས་སེལ་ཚུལ་ལོ། །སྒྲ་ཡི་གཞན་སེལ་དང་ཕན་ཚུན་མེད་ན་མི་འབྱུང་སྟེ། བློ་དང་མ་འབྲེལ་ན་ཀ་བུམ་སོགས་ཀྱི་སྒྲ་བརྗོད་ཀྱང་མ་འདྲིས་པའི་མིས་ཅི་ཡང་མི་གོ་བས་སྒྲ་ཙམ་གྱི་ནུས་པས་མིན་ཏེ། བརྡའ་ཐོགས་ཤིང་བརྡ་ལ་བྱང་བའི་བློའི་སྟོབས་ཀྱིས་སེལ་ལོ། །དོན་གྱི་གཞན་སེལ་ལ་ཡང་ཞིབ་ཏུ་ཕྱེ་ན། བུམ་པ་བཟུང་བས་བུམ་མིན་སེལ་བ་ལྟ་བུ་མ་ཡིན་དགག་གི་གཞན་སེལ་ཏེ་བུམ་པ་ཀ་བ་མིན་པ་ལྟ་བུ། བུམ་པ་ལ་ཀ་བ་མེད་པ་ལྟ་བུ་མེད་དགག་གི་གཞན་སེལ་ལོ། །ཡང་ཕྱོགས་འདིར་བུམ་མེད་སོགས་མེད་པ་བཞི་པོའང་དོན་གྱི་ངོ་བོ་མེད་དགག་གི་གཞན་སེལ་ཏེ་ཡོད་པ་སེལ་ལོ། །རྣམ་བཅད་ཀྱི་སྟོབས་ལས། བུམ་པ་རང་ཉིད་ཡོངས་གཅོད་དུ་བློ་ངོར་འཕེན་པ་སེལ་འཇུག་ལ་བརྟེན་པ་ན་བུམ་པ་བསྒྲུབ་པའི་འཇུག་ཚུལ། སྣང་འཇུག་ནི་སྒྲུབ་འཇུག་ཡིན་ཏེ། བུམ་པ་སྣང་བའི་སྟོབས་ཀྱིས་བུམ་པ་ཡོངས་གཅོད་དུ་གྲུབ་པའི་ཤུགས་ཀྱིས་བུམ་མིན་རྣམ་བཅད་ལ་ཁེགས་དེས་ན་དེ་གཉིས་ཀྱི་ཐ་སྙད་འབྲལ་མེད་དུ་ཡོད་ཀྱང་། སྒྲ་རྟོག་རྣམས་སྒྲ་ཡི་སྟོབས་ཀྱིས་བློ་སྣང་སྐྱེད་ཀྱི་དོན་གྱི་སྟོབས་ཀྱིས་མིན་པས་ཐོག་མར་སྒྲས་གཞན་བསལ་ལ་ལྟོས་པའི་སེལ་འཇུག་ཅེས་བྱའོ། ། ༈ ཡང་། དཔའ་བོ་རྡོ་རྗེས་མཛད་པའི་བདེ་མཆོག་འགྲེལ་ཆེན་ལས། སྣོད་བཅུད་ཐམས་ཅད་དཔལ་ཧེ་རུ་ཀ་ཡིན་པས་ཕྱི་དང་ནང་དུ་ལས་སོ་སོའི་སྦྱིན་བསྲེགས་བྱས་པས་ལས་འགྲུབ་པར་གསུངས། འདི་ཤིན་ཏུ་ཚད་མ་སྟེ། ཕྱི་རོལ་རི་མོར་བྲིས་པ་སོགས་ལྷར་དམིགས་པའི་མཚན་མ་བཟུང་ནས་དེར་མཆོད་སོགས་ཀྱིས་ལས་འགྲུབ་པས་ན། ཕུང་ཁམས་རང་བཞིན་གྱིས་ལྷའི་གདན་ཡིན་པས་ནང་གི་དཀྱིལ་འཁོར་ཆེས་ཟབ་ལ། དེའི་ཕྱིར་དུས་འཁོར་ནང་ལེ་སོགས་གསང་སྔགས་རབ་འབྱམས་ཀྱི་ལུས་དཀྱིལ་ལ་ཡིད་ཆེས། ཡང་མཚན་མ་དང་སྔགས་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་མཁྱེན་བརྩེའི་ཐུགས་རྗེས་ཕྲལ་དུ་བྱིན་རློབ་ན་ལུས་ལ་བསམ་པའང་དེ་ལྟར་རློབ་པར་འགྱུར་ལ། ཕྱིའི་དམ་རྫས་ཀྱང་བདུད་རྩི་ལྔ་སོགས་གཙོ་བོ་ཡིན་ན་ནང་རང་བྱུང་དུ་གནས་པས་ཡང་ལྷག་ལ། ཕྱི་སྣང་ཀུན་ནང་གི་དབང་ལས་བྱུང་ཞིང་ནང་གི་དམ་རྫས་རང་བྱུང་སྟོབས་ཆེ་ཞིང་ལྷུན་གྱིས་གྲུབ་པའི་ལྷའི་དལ་ཡིན་པས། སྦྱིན་སྲེག་སོགས་ལས་སྒྲུབ་དེ་ཕྱི་ལ་མི་བྱ་བར་ནང་དུ་ལྷ་སྔགས་ལྟེ་བ་སོགས་སུ་དམིགས་པའམ། གདོད་ནས་གྲུབ་པའི་ངེས་པས་རླུང་སོགས་གཅུན་པའམ། བྱ་བྲལ་དུ་སྤྱོད་པ་གསུམ་རྣལ་འབྱོར་པའི་བློ་གདེང་ལྟར་ཉམས་སུ་བླང་བ་ནི་ནང་ཟབ་མོའི་སྒྲུབ་པ་ཕྱི་ཡི་སྟོབས་ལས་འབུམ་འགྱུར་གྱིས་འཕགས་པ་ཡིན་པས་འདི་འདྲའི་ཚུལ་ལ་ངེས་ཤེས་ཁྱད་པར་ཅན་ཞིག་རྒྱུད་འགྲེལ་མཐོང་མ་ཐག་སྐྱེས་པས། འདི་ནི་རྡོ་རྗེ་ཐེག་པའི་གནད་ཕྱེད་ངེས་པར་རེད་སྙམ་དགའ་སྤྲོ་ཁྱད་པར་ཅན་ཡང་བྱུང་ངོ་། ། ཡང་། ཀྱེ་རྡོར་སོགས་ནས་བསྐྱེད་རིམ་ལ་དེ་བཞིན་གཤེགས་པས་དབུགས་དབྱུང་བ་ཞེས་དང་། རྫོགས་རིམ་ལ་རྡོ་རྗེ་འཆང་གིས་དབུགས་དབྱུང་བ་ཞེས་གསུངས། གསང་འདུས་ན་བསྐྱེད་རིམ་ལ་སྔགས་ཀྱི་སྐ་དང་། རྫོགས་རིམ་ལ་ཡེ་ཤེས་ཀྱི་སྐ་གསུངས། རིམ་ལྔ་ལས་སེམས་རྣམ་དག་གམ་སེམས་དབེན་ལ། སྣང་མཆེད་ཐོབ་གསུམ་པོ། །ཡེ་ཤེས་ནི་གཉེན་པོ། རང་བཞིན་བརྒྱད་ཅུའི་ཀུན་རྟོག་ནི་སྤང་བྱ་སྟེ། དང་པོ་འཇུག་ཤེས་དྲུག་གི་འཁོར་སེམས་བྱུང་། གཉིས་པ་ཉོན་ཡིད་ཀྱི། གསུམ་པ་ཀུན་གཞིའི་སྟེ། དང་པོའི་འཁོར་སེམས་བྱུང་ང་གཅིག་གི་ཁོང་ཅི་རིགས་པར་སོ་གསུམ་པོ་འདུ་ཞིང་། གཉིས་པའི་བདག་ཏུ་ང་རྒྱལ་སོགས་ཀྱི་ཁོངས་སུ་བཞི་བཅུ་པོ་འདུ། གསུམ་པོའི་འཁོར་ལྔ་པོའི་ཁོངས་སུ་བདུན་པོ་འདུའོ། །སེམས་སེམས་བྱུང་དེ་དག་མཁའ་ལ་སྤྲིན་བཞིན་འོད་གསལ་ལས་བྱུང་ཞིང་དེར་ཐིམ་པ་སྟེ། སྟོང་པ་བཞི་གཉེན་པོ་ཡིན་ནོ། །གཉེན་པོ་བསྐྱེད་ཅིང་སྤང་བྱ་སེམས་རྣམས་འགོག་པའི་ཐབས་ནི་སྔགས་དང་ཕྱག་རྒྱ་གཉིས་ཏེ། སྔགས་ནི་གནས་གསུམ་དུ་འབྲུ་གསུམ་ལ་དམིགས་པས་སྣང་བ་གསུམ་རིམ་བཞིན་ཉམས་སུ་མྱོང་བའོ། །ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་བརྟེན་པས་ཡེ་ཤེས་གསུམ་རིམ་བཞིན་སྐྱེ་བའོ། །དེས་ན་ལས་དམ་ཚིག་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་དེ་ཉིད་མཐོང་བར་བྱ། བཞི་པ་འོད་གསལ་ལྷན་སྐྱེས་ནི་སེམས་ཀུན་འགགས་པའི་གནས་སྐབས་ཤིན་ཏུ་དྲི་མ་མེད་པའི་ཡེ་ཤེས་ཡིན་པར་གསུངས་ཀྱི་སེམས་མིན། སམ་ཊ་ལས། ཆགས་སོགས་དགག་དཀའི་དྲི་མས་གོས་པ་ཡི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །ཞེས་སོགས་ལུང་དྲང་། རིམ་ལྔ་ལས། བཞི་པ་ལ། ཡེ་ཤེས་དག་གནས་དེ་ཉིད་དང་། །ཐམས་ཅད་མཁྱེན་པ་བླ་མེད་པ། །འགྱུར་བ་མེད་ཅིང་སྣང་བ་མེད། །གཉིས་མེད་མཆོག་ཏུ་ཞི་བ་སྟེ། །ཞེས་གསུངས། རིགས་པས་ཀྱང་ཐམས་ཅད་འབྱུང་ཞིང་ཐིམ་པའི་འོད་གསལ་འདི་རྒྱུ་རྐྱེན་ལས་འདས་པའི་འདུས་མ་བྱས་མིན་ན་འདི་ཡང་གང་ལས་བྱུང་བའི་རྒྱུ་མཐར་ཐུག་པར་རྩད་བཅད་དུ་ཡོད་ཅིང་། འདི་གང་ལའང་མི་བརྟེན་པ་མིན་ཏེ་འདུས་བྱས་ལ་མི་རྟེན་པ་མི་སྲིད་པའི་ཕྱིར། རྒྱུད་བླ་ལས། ས་ནི་ཆུ་ལ་སོགས་དང་། སེམས་ཀྱི་དག་པ་གང་ལའང་མི་བརྟེན་པར་གསུངས་པ་འདྲའོ། །ཡེ་ཤེས་གསུམ་གྱི་དཔེ་ནི། །ཟླ་ཉི་མཚམས་ཀྱི་སྣང་བ་གསུམ་མོ། །འོད་གསལ་ལས་སྒྱུ་མའི་སྐར་ལང་བ་ལའང་། རིམ་གྱིས་པ་སྣང་མཆེད་ཐོབ་གསུམ་གྱི་མཐར་སྒྱུ་མའི་སྐར་ལྡང་བ་དང་། ཅིག་ཆར་དུ་དྭངས་བའི་ཆུ་ལས་ཉ་བཞིན་ལྡང་བ་གཉིས་འགྲེལ་བར་གསུངས་སོ། །འདི་གལ་ཆེ། ༈ ཡང་། སྒྱུ་འཕྲུལ་གསང་སྙིང་གི་རྒྱུད་འཆད་པའི་སྐབས་འདིར་བསྟན་གྱི་གཏན་ཚིགས་ཐུན་མིན་ལ་གསུམ། ཚད་མ་བཀའ་གཞུང་། སྒྲ་མཐུན་དོན་འཕགས། ཚིག་དོན་མི་མཐུན་པའི་གཏན་ཚིགས་སོ། །དང་པོ་ཚད་མ་བཀའ་གཞུང་གི་གཏན་ཚིགས་ལ་བཞི། རྟོགས་པ་བཞི། དག་པ་གསུམ། མཉམ་པ་བཞི། བདག་ཉིད་ཆེན་པོའི་གཏན་ཚིགས་རྣམས་སོ། །དང་པོ་ལའང་བཞི། རྒྱུ་གཅིག་པ། ཡིག་འབྲུའི་ཚུལ། བྱིན་གྱིས་བརླབ་པ། མངོན་སུམ་པའི་གཏན་ཚིགས་སོ། །དང་པོ་ནི། སྣང་སྲིད་ཀྱི་ཆོས་རྣམས་ཆོས་ཅན། དོན་དམ་དབྱིངས་ཡེ་ཟུང་འཇུག་རང་བྱུང་གི་ཡེ་ཤེས་སུ་རྒྱུའམ་ཚུལ་གཅིག་པ་ཡིན་ཏེ། ཆོས་ཐམས་ཅད་དེའི་ངང་ཚུལ་ལས་མ་འདས་པའི་ཕྱིར། གཉིས་པ་ནི། དབྱིངས་ལས་ཤར་བའི་སྣང་བ་རྣམས་ཆོས་ཅན། དཔེ་ཡིག་འབྲུའི་ཚུལ་གྱིས་ཀུན་རྫོབ་སྐ་དང་ཡེ་ཤེས་སུ་སྣང་བ་ཡིན་ཏེ། དབྱིངས་ཀྱི་རང་བཞིན་ལས་མ་འདས་པའི་སྣང་བ་ཡིན་པའི་ཕྱིར། གསུམ་པ་ནི། ཀུན་རྫོབ་དང་དོན་དམ་གཉིས་ཆོས་ཅན། ཕན་ཚུན་གཅིག་གིས་གཅིག་བྱིན་གྱིས་བརླབས་ཤིང་དབྱེར་མེད་པ་ཡིན་ཏེ། ངོ་བོ་ཐ་དད་དུ་མ་གྲུབ་པའི་ཕྱིར། བཞི་པ་ནི། དབྱེར་མེད་པའི་གནས་ལུགས་ཆོས་ཅན། བློས་སྤྱོད་ཡུལ ཐམས་ཅད་དང་བྲལ་བ་ཡིན་ཏེ། ཐ་སྙད་ཀྱི་བློས་བསམ་གྱིས་མི་ཁྱབ་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། ། གཉིས་པ་ནི། འབྱུང་ལྔ་ཕུང་ལྔ་རྣམ་ཤེས་ཚོགས་བརྒྱད་རྣམས་ཆོས་ཅན། དག་པ་གསུམ་གྱི་བདག་ཉིད་དུ་གནས་ཏེ། ཡུམ་ལྔ། རིགས་ལྔ། ཡེ་ཤེས་ལྔའི་རང་བཞིན་དུ་གནས་པའི་ཕྱིར་རོ། །གསུམ་པ་ནི། སྤྲོས་པ་ཕྱོགས་རེ་ཆོད་པའི་རྣམ་གྲངས་པའི་དོན་དམ་དང་། སྤྲོས་པ་མཐའ་དག་ཆོད་པའི་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཆོས་ཅན། དོན་དམ་ཙམ་དུ་མཉམ་པ་ཡིན་ཏེ། རང་བཞིན་མ་གྲུབ་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར། སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་དང་། སྣང་ཡང་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་གཉིས་ཆོས་ཅན། ཀུན་རྫོབ་ཙམ་དུ་མཉམ་པ་ཡིན་ཏེ། རང་ངོའི་སྣང་བ་དང་ལྡན་ཅིང་བརྟགས་ན་དབེན་པའི་ཕྱིར། རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཆོས་ཅན། ལྷག་པའི་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པར་མཉམ་སྟེ། དབྱིངས་དེ་ནི་ཡེ་ནས་ཡེ་ཤེས་དང་གཉིས་སུ་མེད་པའི་གནས་ལུགས་ཡིན་པའི་ཕྱིར། ཡང་ལོག་གི་ཀུན་རྫོབ་གཉིས་ཆོས་ཅན། སྐ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་སྟེ། སྣང་བའི་གནས་ཚུལ་ཡེ་ནས་དག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །བཞི་པ་ནི། སྣང་ལུགས་དུ་མར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས་ཆོས་ཅན། གནས་ལུགས་བདག་ཉིད་ཆེན་པོར་བྱུང་གི་ཡེ་ཤེས་གཅིག་ཏུ་ངེས་པ་ཡིན་ཏེ། གནས་ལུགས་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་དེ་ལྟར་གྲུབ་པའི་ཕྱིར་རོ། །གཉིས་པ་སྒྲ་མཐུན་དོན་འཕགས་ཀྱི་གཏན་ཚིགས་ནི། སྔགས་ན་མི་སྤོང་བར་བསྟན་པའི་དུག་ལྔ་ཆོས་ཅན། སྒྲ་མཐུན་ཀྱང་དོན་འཕགས་པ་ཡིན་ཏེ། གཉེན་པོས་སྤང་བ་མ་ཡིན་ལ། དེ་ཉིད་རྟོགས་པའི་ཐབས་ཀྱིས་ཡེ་ཤེས་ལྔར་ཤར་བའི་ཕྱིར་རོ། གསུམ་པ་ཚིག་དོན་མི་མཐུན་པའི་གཏན་ཚིགས་ནི། ཆོས་རྣམས་ཀྱི་ཆོས་ཉིད་ཆོས་ཅན། སྤྲོས་པའི་རང་བཞིན་ཅིར་ཡང་མཐའ་གཅིག་ཏུ་གྲུབ་པ་མ་ཡིན་ཏེ། འཁོར་འདས་ཀྱི་སྣང་བ་སྣ་ཚོགས་པ་ཅིར་ཡང་འཆར་བ་ཡིན་པའི་ཕྱིར། ཀུན་རྫོབ་ཀྱི་སྣང་བ་འདི་ཆོས་ཅན། མཐའ་གཅིག་ཏུ་ངེས་པ་མེད་པར་ཅིར་ཡང་འཆར་བ་ཡིན་ཏེ། རང་གི་རང་བཞིན་ཅིར་ཡང་མ་གྲུབ་པ་ཡིན་པའི་ཕྱིར་རོ། །འདི་རྣམས་ནི་རྒྱུ་གཅིག་པ་ལ་སོགས་པར་རིགས་པས་བསྒྲུབ་པའི་གཏན་ཚིགས་འགོད་ཚུལ་ཡིན་ལ རྒྱུ་གཅིག་པ་ལ་སོགས་པར་གསུངས་པའི་ལུང་ཉིད་གཏན་ཚིགས་སུ་འགོད་པ་ནི་འགྲེལ་བ་སྔ་མ་རྣམས་ལས་ཤེས་པར་བྱའོ། །དགེ ཡང་། བོད་ཀྱི་མཁས་པ་དག །རྒྱུད་རྣམ་དག་མིན་ཟེར་བ་ཕལ་ཆེར། ཚིག་རྩོམ་མཁས་པས་རྒྱ་གཞུང་གི་ཉམས་བཏོད་ན། ཐེ་ཚོམ་མེད་པས་རྒྱ་གཞུང་རྣམ་དག་ཏུ་བརྩི་བ་ཡོད་ལ། ལོ་ཙཱ་བས་གོ་བདེ་བ་སོགས་ཀྱི་ཆེད། རྒྱ་གར་པས་ཞེས་སོགས་བསྣན་པ་དང་། མེ་ཏོག་སོགས་བསྣན་པ་སྒྲ་སྦྱོར་བམ་གཉིས་ལྟར་བྱས་པ་ལས་ཐེ་ཚོམ་བ་དང་། རྒྱུད་ནི་ཡུལ་ཐ་དད་མཐའ་ཡས་པའི་སྐད་དུ་གསུངས་པ་ཡོད་པས། རྒྱ་གར་པ་ཁོ་ནའི་བརྡ་དག་མིན་ཚད་སངས་རྒྱས་ཀྱི་གསུང་མིན་པར་སེམས་པ་དག་གིས་རྒྱུད་རྫུན་མར་སྨྲས་པ་འདི་དག སངས་རྒྱས་ཀྱི་བཀའ་སྤོང་ཉེན་ཆེ་བས་སྨྲ་བ་ཡང་དག་ཏུ་མི་བཟུང་སྟེ། དུས་འཁོར་ལས་རྒྱ་གར་ཁོ་ནའི་སྐད་མི་དགོས་པར་གསུངས་པ་ལྟར་དང་། ཀྱེ་རྡོར་སོགས་ལས་རྡོར་གླ་སོགས་རྒྱ་སྐད་ཁོ་ན་མིན་པ་བཞིན་ནོ། །དེས་ན། རྟོག་གེ་རྟེན་ཅིང་མ་ངེས་ལ། ཞེས་སོགས་གསུངས་པ་ལྟར། རྒྱུད་ཡིན་མིན་དཔྱོད་པ་ལ་མངོན་ཤེས་ཁྱད་པར་ཅན་ཐོབ་པའམ། ལྷག་པའི་ལྷས་མངོན་སུམ་ལུང་བསྟན་པའམ། རང་གི་དབང་པོས་གང་ཟག་དེས་བརྫུས་པ་རྩོམ་པར་མཐོང་བའམ། དཔྱད་གསུམ་གྱིས་མ་དག་པའི་སྐྱོན་ཁྱད་པར་ཅན་མཐོང་ངེས་ལས། གཞན་དུ་རྟོག་གེས་དཔྱད་པ་དང་། རྣ་ཐོས་ཁ་རྒྱུག་གི་དབང་དུ་བྱས་ཏེ་རྒྱུད་ཡིན་པ་མིན་པར་མཐོང་། མིན་པ་ཡིན་པར་མཐོང་བ་སྲིད་པས། དེ་སྔ་གསང་སྙིང་དང་པྲ་ཁོག་སྣང་སོགས་བོད་ཀྱིས་བརྫུས་པར་ཇི་སྙེད་བཤད་ཚད་ཀྱི་རྫུན་རྐུབ་བུད་སོང་པ་བཞིན། ད་དུང་རྒྱུད་མིན་པར་འདོད་པ་ཕལ་མོ་ཆེ་ཡང་མི་དག་ངེས་ཅན་གྱི་རྒྱུ་མཚན་ཅི་ཡང་མི་འདུག་པས། ཆོས་དང་ཆོས་མིན་རྣམ་འབྱེད་ཀྱི་ཆོས་སྤྱན་དྲི་མེད་ཐོབ་ན་མ་གཏོགས། རྒྱུད་ཡིན་མིན་ཁ་ཚོན་གཅོད་དཀའ་བས་བཏང་སྙོམས་སུ་བྱས་ལ་ཆོས་སྤང་མི་བསགས་པར། སངས་རྒྱས་ཀྱི་བཀའ་ཡིན་ངེས་རྣམས་ལ་ཐོས་བསམ་བྱས་པས་ཆོག་འདུག་གི རྒྱུད་ཀྱིས་ཕོང་པ་མེད་ལ། རྒྱུད་མིན་པར་བཞག་པ་རྣམས་ལའང་མིན་ཞེས་ཁ་ཚོམ་མི་གཅོད་པར་བཏང་སྙོམས་སུ་བཞག་ན་ལེགས་སོ། །མངྒ་ལཾ། ། སླར་སྨྲས་པ། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་རལ་གྲི་རྡོ་རྗེ་རྣོན་པོའི་ཕྱག་ན་ཐོགས། །བརྩེ་ཆེན་ཐུགས་རྗེའི་པདྨ་དཀར་པོ་སྙིང་རྗེའི་ལྷ་ཡི་རྒྱན་དུ་བཞེས། །བདུད་ཚོགས་ཕྱེ་མར་འཐག་ནུས་རྡོ་རྗེའི་མཚོན་ཆེན་གསང་འཛིན་མགོན་གྱིས་ཏེ། །དེ་ཀུན་ཡོངས་རྫོགས་བློ་གྲོས་དྲི་མེད་འཇིག་རྟེན་འདི་ན་ཉི་མ་བཞིན། ༡ །ཟབ་མོ་ལྟ་བའི་སྣང་བ་མཆོག་སྦྱིན་འཕགས་པ་ཡབ་སྲས་ཉིན་མོར་བྱེད། །རྒྱ་ཆེན་སྤྱོད་པའི་ཆུ་གཏེར་འཕེལ་བྱེད་ཐོགས་མེད་སྐ་མཆེད་ཀུ་མུཏ་གཉེན། །རྣམ་དག་རིགས་པའི་གད་རྒྱངས་ཆེར་སྒྲོགས་ཕྱོགས་གླང་ཆོས་གྲགས་གདོང་ལྔ་པ། །མཐའ་དག་རྣམ་དཔྱོད་གཅིག་ཏུ་བསྡུས་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེར་གྲགས། ༢ །བརྡའ་སྤྲོད་རྒྱ་མཚོར་གཟིགས་པའི་སྤྱན་སྟོང་རྣམ་བཀྲ་ཕས་རྒོལ་སྦྱིན་སྐྱེས་ཀྱི། །གཡུལ་ངོ་བཟློག་ལ་ཆེས་དཔའ་གཏན་ཚིགས་རིགས་པའི་རྡོ་རྗེ་རྩེ་བརྒྱ་བསྣམས། །བཟོ་དང་གསོ་བའི་འབྱོར་པ་རྒྱ་ཆེ་ཐེག་མཆོག་ས་སྲུང་སྟེང་ན་འགྱིང་། །ངེས་དོན་ཆོས་ཀྱི་རྒྱལ་སྲིད་ལེགས་སྐྱོང་མཁས་མང་ཉེ་དབང་དབུས་ན་བརྗིད། ༣ །སྙན་ངག་ནོར་བུའི་རྒྱན་ཆས་རབ་སྒེག་བསྡེབ་སྦྱོར་ལྷ་ཡི་གོས་ཀྱིས་ཀླུབ། །མངོན་བརྗོད་གསེར་གྱི་སྐ་རགས་ལེགས་མཛེས་ཟློས་གར་ལང་ཚོའི་ཁུར་གྱིས་དུད། །སྐར་རྩིས་ཤེལ་གྱི་མེ་ལོང་ཉེར་འཛིན་བརྟག་པ་བརྒྱད་ཀྱི་བྱི་དོར་མཁས། །གཟུར་གནས་མཁས་པའི་སྐྱེ་བོའི་ཡིད་འཕྲོག་འཆི་མེད་དབང་མོའི་འཇོ་སྒེག་ངོམས། ༤ །ས་གསུམ་བླ་མ་གང་ལས་གཤེགས་པའི་ལམ་མཆོག་ཟླ་མེད་མཐོ་རིས་ཀླུང་། །མཐའ་དག་རྣམ་དཔྱོད་ཧུབ་ཀྱིས་ཉེར་དྲངས་ཕུལ་བྱུང་མཁྱེན་པའི་ལྟོ་བ་རུ། །ལེགས་པར་བསྐྱིལ་ལས་ཚངས་སྤྱོད་ཡོན་ཏན་བཞི་ལྡན་བདུད་རྩིའི་རྒྱུན་བཟང་པོ། །ཆེས་ཆེར་སྐྱུགས་པས་ས་གསུམ་ཉེས་པའི་དུག་གཞིལ་སྔོན་མེད་དྲང་སྲོང་མཆོག ༥ །གང་གི་གྲགས་པའི་དྲི་བཞོན་རྨད་བྱུང་ཤིན་ཏུ་རྒྱ་ཆེས་འཁོར་ཡུག་ཁྱོན། ། དོགས་པོར་བྱེད་པའི་ཁུར་ལྕིས་རབ་དུབ་ཆུ་གཏེར་བཞི་ཡི་སྐ་རགས་ཅན། །འཁུན་པའི་སྒྲ་བཅས་འདར་བར་ཕྱོགས་ལ་སྔོ་བསང་ཉི་ཟླའི་མིག་བགྲད་ནས། །རྒྱུ་སྐར་སོ་ཡི་འོད་ཟེར་ངོམས་བཞིན་ཡང་ཡང་དགོད་པ་མིན་ནམ་ཅི། ༦ །མང་དུ་བཤད་ལྟ་སྨོས་ཅི་གང་གི་ཞབས་སེན་ནོར་བུ་ཀེ་ཏ་ཀས། །མ་དག་ཉེས་པའི་རྙོག་མ་ཀུན་བགྲུང་ཟབ་རྒྱས་ཆོས་ཆར་བསིལ་འོ་ཡིས། །གདུལ་བྱའི་བློ་གྲོས་མྱུ་གུ་སྐྱེད་གྱུར་ཀཻ་ལཱ་ཤ་རིས་བསྐོར་བའི་ལྗོངས། །དགའ་བ་བརྒྱ་ལྡན་གྲོངས་བཞིན་བསྔགས་འོས་མཆོག་གྱུར་དེ་སླད་མགོན་དང་བཅས། ༧ །དེའི་ཞལ་ལུང་ལེགས་བཤད་སྨན་མཆོག་སྲིད་པའི་རིམ་ནད་རྒྱུན་གཅོད་ཅིང་། །ཟག་མེད་ཞི་བའི་ལུས་སྟོབས་ཆེར་རྒྱས་རྣམ་གྲོལ་སྲོག་རྩ་བརླིང་བྱེད་པ། །འདི་ལྟའི་ཚིག་འབྲུ་གཅིག་ཙམ་ལྷ་དབང་འབྱོར་བའི་ཟོང་གིས་ཁུག་མིན་ན། །མཐའ་དག་ལྟ་ཅི་དེ་སླད་སྐལ་བཟང་དོན་མཐུན་གྲོགས་རྣམས་མཉེས་པར་མཛོད། ༨ །སྲིད་པ་སྲིན་མོའི་གླིང་ཆུད་མི་རྟག་དུས་ཀྱི་ཕོ་ཉས་ཟུར་ནས་བལྟ། །སྐྱེ་དགུའི་ཕན་བདེའི་གསོས་གྱུར་ཐུབ་བསྟན་པདྨའི་གཉེན་ཡང་ནུབ་ལ་ཉེ། །རང་གཞན་གྲུབ་མཐའི་ཆགས་སྡང་ཅི་བྱ་འདི་འདྲའི་ལེགས་བཤད་སྣང་བ་ལ། །བརྟེན་ནས་ངེས་དོན་སྙིང་པོའི་ལམ་ཚོལ་རྣམ་མཁྱེན་ཁང་བཟང་ལ་ཞུགས་ཤིག ༩ །དེ་ཕྱིར་བདག་བློ་དམན་ཡང་དམ་པའི་ཞབས་སེན་འཆར་ཀའི་ཉི་གཞོན་གྱིས། །ཉེ་བར་བསྐྱང་དེས་དད་དང་མོས་པའི་འདབ་བརྒྱ་ཟུམ་པར་གྱུར་མིན་ཕྱིར། །འདི་འདྲའི་ལེགས་བཤད་ཕྱོགས་དུས་ཀུན་ན་འབྱུང་བར་དཀོན་པའི་དངོས་གཅིག་ཏུ། །མཐོང་ནས་ལྷག་པའི་བསམ་པས་བསྡུས་འདིར་རང་འདོད་དྲི་མས་བསླད་པ་མེད། ༡༠ །དེ་ལས་བྱུང་བའི་རབ་དགེ་དྲི་མེད་སྐལ་ལྡན་ཤིང་རྟའི་རྒྱུན་བཟང་པོ། །རང་བཞིན་འོད་གསལ་ཟག་པ་མེད་དབྱིངས་བྱང་ཆེན་ཟླ་བའི་མ་མ་རུ། །མཉམ་པ་ཉིད་གྱུར་རྟག་ཁྱབ་ལྷུན་གྲུབ་ཕན་བདེའི་རླབས་ཕྲེང་འབུམ་ཕྲག་གིས། །སྲིད་གསུམ་འཆིང་བའི་དྲི་མ་ཀུན་འཁྲུད་རྣམ་གྲོལ་དཔལ་ལ་འགོད་གྱུར་ཅིག ༡༡ །ཅེས་པའང་༧པཎ་ཆེན་བླ་མ་མཆོག་གི་ཞབས་ལ་སྤྱི་བོས་རེག་པའི་སྙོམ་ལས་པ་གཞན་ཕན་ཆོས་ཀྱི་བློ་གྲོས་སམ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས། རང་གནས་བསྟན་གཉིས་དར་རྒྱས་གླིང་གི་དབེན་སྤྱིལ་བཀྲ་ཤིས་འཆི་མེད་འོད་སྣང་དུ་བསྙེན་མཚམས་ལ་གནས་པའི་ཐུན་གསེང་རྣམས་སུ་ཕྱོགས་གཅིག་ཏུ་བསྡུས་ནས་ཞལ་བཤུས་བགྱིས་པ་སྟེ། འདིས་ཀྱང་འགྲོ་ཀུན་ཐེག་པ་མཆོག་ལ་སྤྱོད་པའི་རྒྱུར་གྱུར་ཅིག དགེའོ། །དགེའོ། །དགེའོ།། ། །