གཞལ་མེད་ཁང་ཆེན་
གཞལ་མེད་ཁང་ཆེན་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ནང་གསལ་བའི་ཐ་སྙད་ཅིག་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ལམ་གྱི་ཁྱད་ཆོས་མཚོན་པའི་དཔེ་ཞིག་ཡིན་ནོ། །སྤྱིར་གཞལ་མེད་ཁང་ཞེས་པ་ནི་ལྷའི་གནས་ཁང་མཐོ་རིས་ཆེན་པོ་ཞིག་ལ་གོ་ཞིང་། དེ་ལ་ཆེན་པོ་ཞེས་པའི་ཁྱད་པར་སྦྱར་བས་ཡོན་ཏན་གྱི་ཆེ་བ་དང་རྒྱ་ཁྱོན་གྱི་ཆེ་བ་གཉིས་ཀ་མཚོན་པར་བྱེད་དོ། །
ངེས་ཚིག
[རྩོམ་སྒྲིག]"དེ་ལྟ་བུའི་ཐེག་པ་འདི་ནི་རྒྱ་ཆེ་བ་ནམ་མཁའ་དང་འདྲ་ཞིང་བྱང་ཆུབ་སེམས་དཔའ་རྣམས་གནས་པའི་གཞལ་མེད་ཁང་ཆེན་ལྟ་བུ་དང་། གནས་སྐབས་དང་མཐར་ཐུག་གི་དགའ་བ་དང་སྐྱིད་པ་དང་བདེ་བ་རྣམས་མངོན་པར་ཐོས་པར་བྱེད་པའི་ཕྱིར་ཐེག་པའི་མཆོག་གོ །"[༡]ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་གཞི་དང་ཉམས་མྱོང་གི་ཁྱད་པར་མཚོན་པའི་དཔེ་ཡིན་ནོ། །"ཡོན་ཏན་རྣམ་པ་ཐམས་ཅད་མཐར་ཐུག་པ་ནས་གཞལ་མེད་ཁང་དང་འདྲ་བས་ན་གཞལ་མེད་ཁང་ཆེན་ནོ། །"[༢]ཞེས་གསུངས་ཏེ། ཐེག་པ་ཆེན་པོའི་ཡོན་ཏན་ཐམས་ཅད་མཐར་ཐུག་ཏུ་ཕྱིན་པའི་དོན་ཡིན་ནོ། །
ནང་དོན་འགྲེལ་བཤད།
[རྩོམ་སྒྲིག]ཐེག་པ་ཆེན་པོའི་ཁྱད་ཆོས། "ལམ་ཟག་པ་མེད་པས་དགའ་བ་འདུས་མ་བྱས་པ། སྐྱིད་པ་ཆོས་སྐུ་ཐོབ་པར་བྱེད་པ། བདེ་བ་མངོན་པར་ཐོབ་པར་བྱེད་པས་ན་འདིར་ཐེག་པའི་ནང་ནས་མཆོག་ཡིན་ནོ། །"[༣]ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོ་ནི་ཟག་མེད་ཀྱི་བདེ་བ་མངོན་དུ་གྱུར་པའི་གནས་སུ་བསྟན་ནོ། །"དགའ་སྐྱིད་བདེ་བ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་སྤངས་པའི་ཕྱིར་ཟག་པ་མེད་པ་ནི་དགའ་བའོ། །ལུས་ཀྱི་བདེ་བའི་ཚོགས་ནི་སྐྱིད་པའོ། །བདེ་བ་ནི་སེམས་ལས་བྱུང་བ་བདེ་བའོ། །"[༤]ཞེས་གསུངས་ཏེ། ཟག་མེད་ཀྱི་དགའ་སྐྱིད་བདེ་གསུམ་གྱི་བདག་ཉིད་དུ་གནས་པའི་དོན་ནོ། །
རྒྱ་ཆེ་བའི་ཁྱད་ཆོས། "གང་གི་ཕྱིར་ནམ་མཁའ་དང་འདྲ་བར་དཔག་ཏུ་མེད་པའི་སེམས་ཅན་གྱི་གོ་སྐབས་འབྱེད་པར་བསྙེན་པས་ན་འདི་ནི་ཐེག་པ་ཆེན་པོའོ། །"[༥]ཞེས་གསུངས་པ་ལྟར། ནམ་མཁའ་ལྟར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱ་ཆེ་བའི་ཁྱད་པར་རོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། ༡༠a
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༣༤
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས། ༢༨
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༣༤
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༣༤