Jump to content

གཞན་མྱོང་བ་

ཡོང་ཁུངས་Wikipedia

གཞན་མྱོང་བ་ཞེས་པ་ནི་ནང་པའི་ཚད་མ་རིག་པའི་ནང་དུ་རང་རིག་པ་ཡོད་མེད་ཀྱི་རྩོད་པར་དྲངས་པའི་གཙོ་བོའི་རྣམ་གཞག་ཅིག་ཡིན། འདི་ནི་བློ་རང་གིས་རང་ལ་དམིགས་པའི་རང་རིག་པ་མེད་ཀྱང་གཞན་གྱི་ཡུལ་ལ་དམིགས་ནས་འབྲེལ་བ་ལས་དྲན་པ་སྐྱེ་ཐུབ་པའི་ལུགས་ཤིག་ཡིན་ནོ། །

སྒྲ་བཤད།

[རྩོམ་སྒྲིག]

གཞན་མྱོང་བ་ཞེས་པའི་སྒྲ་འདི་ནི་"གཞན་"དང་"མྱོང་བ་"གཉིས་ཀྱི་སྦྲེལ་ཚིག་ཅིག་ཡིན་ཏེ། གཞན་ནི་བདག་གི་བློ་ལས་ཐ་དད་པའི་ཡུལ་དུ་གོ་དགོས་ལ། མྱོང་བ་ནི་ཉམས་སུ་མྱོང་བ་སྟེ་ཤེས་པའི་ངོ་བོ་ལ་གོ་དགོས་སོ། །

ནང་དོན།

[རྩོམ་སྒྲིག]

རང་རིག་པ་མེད་ཀྱང་དྲན་པ་སྐྱེ་བའི་ལུགས། གཞུང་དུ་"གཞན་མྱོང་བ་དང་འབྲེལ་བ་ལས། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །"ཞེས་གསུངས་པ་ལྟར། བློ་རང་གིས་རང་མ་མྱོང་ཡང་གཞན་གྱི་ཡུལ་དང་འབྲེལ་བ་ལས་དྲན་པ་སྐྱེ་ཐུབ་པར་འདོད་པའི་ལུགས་ཤིག་ཡིན་ནོ། །

འབྲེལ་བ་ལས་དྲན་པ་སྐྱེ་ཚུལ། གཞུང་དུ་"གཞན་སྔོ་སོགས་ཡུལ་མྱོང་བ་དེ་དང་ཡུལ་ཡུལ་ཅན་གྱི་འབྲེལ་བ་ལས་ད་ལྟ་སྔོ་འཛིན་རྣམ་ཤེས་ཀྱང་དྲན་པར་འགྱུར་ཏེ། འདིར་སྔོན་པོ་དང་བྲལ་བའི་སྔོ་འཛིན་ཡན་གར་བ་ནི་ནམ་ཡང་དམིགས་པ་མིན་པས་ན།"[] ཞེས་གསུངས་པ་ལྟར། ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་ལས་དྲན་པ་སྐྱེ་བ་ཡིན་གྱི། བློ་རང་གིས་རང་མྱོང་བ་ལས་མིན་པར་བཤད་དོ། །

དྲན་པ་སྐྱེ་ཚུལ་གྱི་རྒྱས་བཤད། "འདིར་ཤེས་པ་ལས་གཞན་གཟུང་བར་བྱ་བའི་དངོས་པོ་ཡུལ་དུ་གྱུར་པ་ཉམས་སུ་མྱོང་བ་ནི་ཤེས་པ་ལ་དྲན་པ་སྐྱེ་བར་འགྱུར་རོ། །གཞན་མྱོང་བས་གཞན་དྲན་པ་ནི་རིགས་པ་མ་ཡིན་ཏེ། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། འབྲེལ་པ་ལས་ཞེས་གསུངས་ཏེ། ཡུལ་དྲན་པ་ན་འབྲེལ་པ་ལས་ཤེས་པ་དྲན་པར་འགྱུར་རོ། །"[]ཞེས་གསུངས་པ་ལྟར། ཡུལ་མྱོང་བ་དང་ཤེས་པའི་འབྲེལ་བ་ལས་དྲན་པ་སྐྱེ་བར་བཤད་དོ། །

བྱི་བའི་དུག་གི་དཔེའི་རྒྱས་བཤད། "བྱི་དུག་ལུས་ལ་ཞུགས་པ་ལྟ་མ་ཚོར་ཡང་དེའི་འབྲས་བུ་མཐོང་བ་ལས་བྱི་དུག་ཞུགས་སོ་ཞེས་དྲན་པ་ལྟར་ཤེས་པ་ཉིད་མ་མྱོང་ཡང་དེ་དང་འབྲེལ་བའི་ཡུལ་མཐོང་བས་བདག་ལ་ཤེས་པ་སྐྱེས་སོ་ཞེས་དྲན་པར་འགྱུར་རོ་"[]ཞེས་གསུངས་པ་ལྟར། ཤེས་པ་རང་ཉིད་མ་མྱོང་ཡང་ཡུལ་དང་འབྲེལ་བ་ལས་དྲན་པ་སྐྱེ་བར་བཤད་དོ། །

རྩོད་སྤོང་།

[རྩོམ་སྒྲིག]

མིག་སྨན་གྱི་དཔེ། ཡང་སེམས་ཙམ་པས་"ཡང་འདི་ལྟར་ཞི་གནས་བསྒྲུབས་ནས་རྣམ་གནས་སྦྱོང་བ་སོགས་ཀྱི་རྐྱེན་གཞན་དག་དང་ལྡན་པ་རྣམས་ཀྱིས་ནི་གང་ཟག་གཞན་གྱི་སེམས་དག་ཀྱང་མཐོང་བའི་ཕྱིར་ན་ཤིན་ཏུ་ཉེ་བ་རང་ཉིད་རང་ལ་ཅི་ཕྱིར་མི་གསལ་ཏེ་ངེས་པར་གསལ་དགོས་ཏེ། རིང་བའི་སྤུ་མཐོང་ན་ཉེ་བའི་ཐག་པ་མཐོང་ངེས་པ་བཞིན་"[]ཞེས་རྩོད་པ་བཏབ་པ་ལ།

དབུ་མ་པས་"དེར་མ་ངེས་ཏེ། གསང་སྔགས་ལ་སོགས་པས་གྲུབ་པར་གྱུར་པའི་མིག་སྨན་མིག་ལ་བསྐུས་པའི་སྦྱོར་བ་ལས་ས་འོག་ན་གནས་པའི་གཏེར་གྱི་བུམ་པ་ལ་སོགས་པ་སྒྲིབས་ཤིང་ཆོད་པ་རྒྱང་རིང་པོའི་སྤྱོད་ཡུལ་མཐོང་ཡང༌། ཤིན་ཏུ་ཉེ་བ་མིག་སྨན་ཉིད་མཐོང་བར་འགྱུར་བ་མིན་པ་བཞིན་ནོ། །"[]ཞེས་ལན་བཏབ་སྟེ། རིང་བ་མཐོང་ན་ཉེ་བ་ངེས་པར་མཐོང་དགོས་པ་མེད་པར་བཤད་དོ། །

བསྡུས་དོན།

[རྩོམ་སྒྲིག]

གཞན་མྱོང་བ་ཞེས་པ་ནི་རང་རིག་པ་ཡོད་མེད་ཀྱི་རྩོད་པར་དབུ་མ་པས་བཏོན་པའི་ལུགས་ཤིག་ཡིན། འདི་ནི་བློ་རང་གིས་རང་ལ་དམིགས་པ་མེད་ཀྱང་གཞན་གྱི་ཡུལ་ལ་དམིགས་ནས་ཡུལ་ཡུལ་ཅན་གྱི་འབྲེལ་བ་ལས་དྲན་པ་སྐྱེ་ཐུབ་པར་འདོད་པའི་ལུགས་ཤིག་ཡིན། བྱི་བའི་དུག་གི་དཔེ་ལྟར་སྔར་མ་མྱོང་བའི་ཆ་ཡང་རྐྱེན་དང་ཕྲད་པ་ལས་དྲན་པ་སྐྱེ་ཐུབ་པས། རང་རིག་པ་མེད་ཀྱང་དྲན་པ་སྐྱེ་བར་སྒྲུབ་པའི་ཆེད་དུ་དབུ་མ་པས་འདི་ལྟ་བུའི་ལུགས་འཆད་པ་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༥༤༤
  2. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༣༣༢
  3. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༦༧༢
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༥༤༤
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༥༤༤-༥༤༥