གཞན་དོན་
གཞན་དོན་ཞེས་པ་ནི་ནང་བསྟན་གྱི་ལྟ་གྲུབ་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པའི་གཞི་རྩ་ཡིན་ཞིང་། རང་གི་དོན་དུ་མ་ལྟ་བར་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་ཟེར། དེ་ཡང་སྙིང་རྗེ་ཆེན་པོ་དང་ཐབས་མཁས་པའི་སྟོབས་ཀྱིས་སེམས་ཅན་གྱི་སྡུག་བསྔལ་སེལ་ཞིང་བདེ་བ་སྐྱེད་པའི་བྱ་བ་ཡིན་ནོ། །
འགྲེལ་པ་བཤད་རྒྱས་པ།
[རྩོམ་སྒྲིག]གཞན་དོན་གྱི་སྤྱོད་པ་ནི་རང་དོན་ལ་རྩེ་གཅིག་ཏུ་མ་དམིགས་པར། "དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྟེ་རང་འདོད་མེད་པར་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་ཤིང་སྒྲིབ་པ་དག་ན་ཅི་མ་རུང་སྙམ་པས་གཞན་དོན་འབའ་ཞིག་དགོངས་པའི་མགོན་པོ་རྒྱལ་བ་སྲས་དང་བཅས་པ་"[༡]རྣམས་ཀྱི་བཞེད་པ་ཡིན་ནོ། །འདི་ནི་རང་དོན་དང་ཡང་ན་འགལ་བའི་ཆོས་སུ་འདུག །"སེམས་ཅན་གཞན་གྱི་དོན་སྒྲུབ་པ་ལ་ཡིད་ཕྱིར་ཕྱོགས་ནས་ཡལ་བར་འདོར་འདོད་ཀྱི་བསམ་པ་བྱུང་བ་དང་། རང་ཁོ་ནའི་དོན་སྒྲུབ་པ་ལ་མངོན་པར་ཞེན་ནས་དེ་འབའ་ཞིག་དོན་དུ་གཉེར་བར་འདོད་པ་"[༢]དེ་དག་ནི་གཞན་དོན་གྱི་ལམ་ལ་བར་ཆད་ཡིན་པས། "དེའི་ཚེ་བསམ་པ་སྐྱོན་ཅན་དེ་དག་གིས་གཡོ་བ་མེད་པར་གཉེན་པོའི་རང་སོ་ཐུབ་པར་བྱས་ནས་ཤིང་བཞིན་དུ་གནས་པར་བྱའོ། །"[༣]ཞེས་འཇུག་པ་ལས་གསུངས་འདུག སེམས་ཅན་དོན་སྒྲུབ་ཀྱི་ཁྱད་པར། གཞན་དོན་གྱི་སྤྱོད་པ་ནི་སེམས་ཅན་གྱི་དོན་སྒྲུབ་པ་ཁོ་ན་གཙོ་བོར་བཟུང་ནས། "གཞན་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་སྒྲུབ་པ་ཁོ་ན་གཙོ་བོར་བཟུང་ནས་དེ་ལ་དུས་རྟག་ཏུ་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་ནས་བརྩོན་འགྲུས་ཁྱད་པར་དུ་འཕགས་པ་དང་ལྡན་པར་བྱས་ནས་གནས་པར་བྱ་དགོས་"[༤]ཞེས་གསུངས་འདུག ། དེ་ཡང་"ཐུགས་རྗེ་མངའ་བ་ཕྱི་རྗེས་རྒྱང་རིང་དུ་གཟིགས་པའི་སངས་རྒྱས་ཀྱིས་བཀག་པའི་དངོས་པོ་སྟེ། རང་དོན་དུ་སྲོག་ལ་བབ་ཀྱང་མི་བྱ་བར་གསུངས་པ་རྣམས་ཀྱང་གཞན་དོན་འབའ་ཞིག་པའི་བློ་ཅན་དེ་ལ་གཞན་དོན་དུ་འགྱུར་བའི་ཚེ་ནི་གནང་བ་ཉིད་"[༥]ཅེས་པ་ལྟར་སངས་རྒྱས་ཀྱིས་ཀྱང་གནང་བ་ཡིན་ནོ། །
གཞན་དོན་གྱི་འབྲས་བུ།
[རྩོམ་སྒྲིག]ལུས་སེམས་བདེ་བའི་འབྲས་བུ། གཞན་དོན་གྱི་ལས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། "སྦྱིན་སོགས་བསོད་ནམས་བསགས་པའི་སྟོབས་ཀྱིས་ནི་ལུས་བདེ་ལ་བདག་མེད་པའི་དོན་ལ་མཁས་པའི་ཤེས་རབ་ཀྱི་སྟོབས་དང་ལྡན་པ་ཡིས་ནི་སེམས་བདེ་བས་དེ་ལྟར་རྟག་ཏུ་ལུས་སེམས་བདེ་བས་རྒྱས་པ་ཡིན་"[༦]ཞེས་པའི་འབྲས་བུ་འབྱུང་ངོ་། ། དེ་བཞིན་"བསོད་ནམས་ཀྱི་འབྲས་བུས་ནི་ལུས་བདེ་ལ་མཁས་པ་ཡིས་ནི་སེམས་བདེ་ན་གཞན་དོན་དུ་འཁོར་བར་གནས་ཀྱང་ནི་སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ།"[༧] ཞེས་གསུངས་པ་ལྟར་ལུས་སེམས་གཉིས་ཀར་བདེ་བའི་འབྲས་བུ་འབྱུང་བ་རེད། སྐྱོ་བ་མེད་པའི་ཁྱད་པར། "གཞན་དོན་དུ་བསྐལ་པ་དཔག་ཏུ་མེད་པར་འཁོར་བར་གནས་པར་བྱས་ཀྱང་ནི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་དག་འཁོར་བའི་སྐྱོན་གྱིས་ཅི་སྟེ་སྐྱོ་སྐྱོ་ཞིང་སྐྱིད་ལུག་པར་འགྱུར་བའི་རྒྱུ་གང་ཡང་མེད་དེ་གནོད་པའི་སྡུག་བསྔལ་མེད་ལ་ཕན་པའི་བདེ་བ་ཡོད་པའི་ཕྱིར།"[༨] ཞེས་གསུངས་པ་ལྟར་འཁོར་བར་གནས་ཀྱང་སྐྱོ་བ་མེད་དོ། ། "སེམས་དཔའ་རྣམས་སྦྱིན་སོགས་བསོད་ནམས་ཀྱིས་ནི་འབྲས་བུ་ལུས་བདེ་ལ་བླང་དོར་དང་སྟོང་པ་ཉིད་ཀྱི་དོན་ལ་མཁས་པ་ཡིས་ནི་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟར་སེམས་བདེ་བ་གཞན་དོན་དུ་འཁོར་བར་གནས་ཀྱང་ནི་སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། སྐྱོ་བའི་རྒྱུ་མེད་པའི་ཕྱིར་རོ། །"[༩]ཞེས་གསུངས་པ་ལྟར་ཡིན་ནོ། །
སེར་སྣ་དང་གཏོང་སེམས་ཀྱི་དབྱེ་བ།
[རྩོམ་སྒྲིག]འདྲེའི་ཚུལ་དང་ལྷའི་ཆོས། གཞན་དོན་དང་རང་དོན་གྱི་ཁྱད་པར་གསལ་པོར་བསྟན་པའི་ཆེད་དུ། "གལ་ཏེ་སེར་སྣའི་དབང་གིས་ཡོ་བྱད་འདི་གཞན་ལ་བྱིན་པར་བྱས་ན་བདག་རང་གིས་ཅི་ཞིག་ལ་ལོངས་སྤྱོད་ཅེས་གཞན་ལྟོས་མེད་དུ་ཡལ་བར་བོར་ནས་བདག་བདེ་བའི་དོན་འབའ་ཞིག་གཙོ་བོར་སེམས་པ་ནི་འདྲེ་ཡི་ཚུལ་སྟེ་ཡི་དྭགས་ཀྱི་སྤྱོད་ཚུལ་ཡིན་"[༡༠]ཞེས་གསུངས་འདུག ཡང་ན་འགལ་ཟླ་ལ། "གལ་ཏེ་ནོར་རྫས་འདི་བདག་རང་གིས་ལོངས་སྤྱོད་པར་བྱས་ན་གཞན་ལ་ཅི་ཞིག་སྦྱིན་པར་བྱ་ཞེས་རང་ལྟོས་མེད་དུ་བོར་ནས་གཞན་བདེ་བའི་དོན་ཁོ་ན་གཙོ་བོར་སེམས་པ་ནི་ལྷ་ཡི་ཆོས་ཚུལ་"[༡༡]ཡིན་ཞེས་པ་ལྟར། རང་དོན་གཙོ་བོར་བྱེད་པ་དང་གཞན་དོན་གཙོ་བོར་བྱེད་པའི་དབྱེ་བ་གསལ་པོ་རེད། དེ་བཞིན་"གལ་ཏེ་སེར་སྣའི་དབང་གིས་ནོར་ལ་སོགས་པ་གཞན་ལ་བྱིན་ན་རང་ཉིད་ཅི་ལོངས་སྤྱོད་ཅེས་བདག་དོན་འབའ་ཞིག་སེམས་པ་འདྲེའི་ཚུལ་ཏེ་འཇིགས་པ་བསྐྱེད་པའི་ཕྱིར་རོ། །གལ་ཏེ་རང་གིས་ལོངས་སྤྱད་ན་གཞན་ལ་ཅི་སྦྱིན་ཞེས་གཞན་དོན་འབའ་ཞིག་སེམས་པ་ལྷའི་ཆོས་ཏེ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་ཕྱིར་རོ། །"[༡༢]ཞེས་གསུངས་པའི་ཁྱད་པར་ཀྱང་ཡོད་དོ། །
རློམ་སེམས་མེད་པའི་ཁྱད་པར།
[རྩོམ་སྒྲིག]གཞན་དོན་བྱས་ཀྱང་རློམ་སེམས་མེད་པ། གཞན་དོན་གྱི་ལས་ལ་ཞུགས་པ་ལ། "མཐའ་གཅིག་ཏུ་གཞན་དོན་འབའ་ཞིག་སྒྲུབ་པ་ལ་མངོན་པར་དགའ་བས་ཞུགས་པ་ཡིན་ཕྱིར་གཞན་ལ་ཕན་པ་བྱས་པའི་ལས་དེའི་རྣམ་སྨིན་གྱི་འབྲས་བུ་སྐྱེ་བ་ཕྱི་མར་རང་ལ་མངོན་མཐོ་ལྟ་བུ་འབྱུང་བའི་རེ་བ་ཙམ་ཡང་མེད་"[༡༣]ཅེས་པ་ལྟར། རང་ལ་ལན་དང་འབྲས་བུའི་རེ་བ་ཡང་མེད་པའི་ཁྱད་པར་ཡོད་དོ། ། "དེ་ལྟ་བུའི་སྐྱོན་ཡོན་གྱི་ཁྱད་པར་སྤེལ་ཏེ་རྒྱས་པར་སྟོན་པ་ལ། སྤྱད་པ་དང་བྱིན་པའི་སྐྱོན་ཡོན་ནི། ཡོ་བྱད་འགའ་ཞིག་གསར་དུ་རྙེད་པའམ་སྔ་ནས་རང་ལ་ཡོད་པའང་རུང་སྟེ་སློང་མོ་བ་ལྟ་བུ་དང་འཕྲད་པའམ་དེ་མིན་ཀྱང་ཡོ་བྱད་ལ་གཞན་ལ་བྱིན་ནམ་རང་གི་ལོངས་སྤྱོད་པར་བྱ་སྙམ་དུ་སེམས་པ་ན།"[༡༤] གཞན་དོན་ལ་དམིགས་པའམ་རང་དོན་ལ་དམིགས་པའི་ཁྱད་པར་འབྱུང་ངོ་། །མཆོག་གི་རློམ་སེམས་མེད་པ། དེ་ལྟ་བས་ན་གཞན་གྱི་དོན་བྱས་ཀྱང་བདག་ཉིད་"རློམ་སེམས་དང་ནི་ངོ་མཚར་དུ་འཛིན་པ་མེད་ལ། མཐའ་གཅིག་ཏུ་གཞན་དོན་ཁོ་ན་སྒྲུབ་པ་ལ་དགའ་བར་གྱུར་བས་ན་རང་ལ་ཚེ་འདིའི་ལན་དང་ཕྱི་མའི་རྣམ་སྨིན་འབྲས་བུའི་རེ་བ་འང་མེད་"[༡༥]ཅེས་གསུངས་པ་ལྟར་ཡིན་ནོ། ། དེ་བཞིན་"གང་གཞན་གྱི་དོན་རྣམས་ལ་གཅིག་ཏུ་སྟེ། དགོས་པ་གཞན་ལ་ལྟོས་པ་མེད་པས་ཁྱད་པར་དུ་ཤིན་ཏུ་དགའ་བ་ཡིན་ཏེ་དེ་ཉམས་སུ་ལེན་པ་ལ་ཚིམ་པ་མེད་པ་ཡིན་ལ་རྒྱུ་དེས་སོ། །འདིས་ནི་བདག་དང་གཞན་དུ་མཉམ་པའི་འབྲས་བུའི་སྐབས་ཀྱི་ཁྱད་པར་དེ་བསྟན་པར་འགྱུར་རོ། །"[༡༦]ཞེས་འགྲེལ་པ་ལས་གསུངས་འདུག
ཚུལ་ཁྲིམས་དང་མི་འགལ་བ།
[རྩོམ་སྒྲིག]ཐབས་ལ་མཁས་པའི་ཚུལ། གཞན་དོན་དུ་ཚུལ་ཁྲིམས་བཏང་སྙོམས་སུ་བྱེད་པ་ལ། "ཐུགས་རྗེ་ཆེས་མཆོག་ཏུ་གྱུར་པ་མངའ་བ་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཀྱིས་རྟོགས་དཀའ་བས་རིག་པ་ལྐོག་གྱུར་གྱི་གནས་རྣམས་ཀྱང་མངོན་སུམ་དུ་གཟིགས་པས་རང་དོན་གཙོ་བོར་བྱེད་པའི་བློ་དམན་ཉན་ཐོས་སོགས་ལ་"[༡༧]བཀག་པ་རྣམས་ཀྱང་། "རང་དོན་གྱི་ཞེན་འཁྲིས་ཀྱིས་མ་གོས་ཤིང་སྙིང་རྗེ་ཆེན་པོའི་དབང་གིས་གཞན་དོན་འབའ་ཞིག་གཙོ་བོར་བྱེད་པའི་བྱང་སེམས་བདག་ཉིད་ཆེན་པོ་"[༡༨]རྣམས་ལ་གནང་བ་ཡིན་ནོ། ། "དེ་ལྟ་ན་ཐུགས་རྗེ་ཆེན་པོ་མངའ་བས་རིང་དུ་གཟིགས་པ་སྟེ། བླང་དོར་གྱི་གནས་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱིས་བློ་དམན་པ་རང་དོན་ལ་ཞེན་པ་རྣམས་ལ་བཀག་པ་རྣམས་ཀྱང་དེ་ལ་གནང་"[༡༩]ཞེས་གསུངས་འདུག
=དཔེ་མཚོན།
[རྩོམ་སྒྲིག]"དེད་དཔོན་སྙིང་རྗེ་ཆེན་པོས་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཕྱིར་མི་ལྡོག་པའི་བར་ཆད་དུ་མི་འགྱུར་བའི་ཆེད་དང་སྐྱེས་བུ་དེ་ངན་སོང་དུ་མི་ལྟུང་བའི་ཆེད་དུ་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་པ་ཁྲིའི་ཚོགས་རྫོགས་པ་"[༢༠]ཞེས་པ་དང་། "ཁྱེའུ་སྐར་མས་བུ་མོའི་སྲོག་སྐྱོབ་པའི་ཆེད་དུ་ཚངས་སྤྱོད་བཏང་བས་བསྐལ་པ་འབུམ་གྱི་ཚོགས་བཟླུམས་པར་གསུངས་"[༢༡]པ་ལྟ་བུའི་དཔེ་ཡོད་དེ། འདི་དག་ནི་གཞན་དོན་དུ་ཚུལ་ཁྲིམས་འདས་ཀྱང་ཚོགས་རྫོགས་པའི་རྒྱུ་འགྱུར་བའི་དཔེ་ཡིན་ནོ། །
བསྡུས་དོན།
[རྩོམ་སྒྲིག]གཞན་དོན་ཞེས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་གཞི་རྩ་ཡིན་ཞིང་། རང་གི་དོན་དུ་མ་ལྟ་བར་སེམས་ཅན་ཐམས་ཅད་ཀྱི་དོན་ལ་རྟག་ཏུ་བརྩོན་པའི་སྤྱོད་པ་ཡིན། དེ་ཡང་སྙིང་རྗེ་ཆེན་པོ་དང་ཐབས་མཁས་པའི་སྟོབས་ཀྱིས་སེམས་ཅན་གྱི་སྡུག་བསྔལ་སེལ་ཞིང་བདེ་བ་སྐྱེད་པ་ལ་ཟེར། གཞན་དོན་གྱི་ལས་ལ་ཞུགས་པ་ལ་ལུས་སེམས་བདེ་བ་དང་། འཁོར་བར་གནས་ཀྱང་སྐྱོ་བ་མེད་པ། རློམ་སེམས་དང་འབྲས་བུའི་རེ་བ་མེད་པ་སོགས་ཀྱི་ཁྱད་པར་ཡོད། དེ་བཞིན་དེ་ལ་ཐབས་ལ་མཁས་པའི་ཆ་ནས་ཚུལ་ཁྲིམས་དང་ཡང་མི་འགལ་བར་སངས་རྒྱས་ཀྱིས་གནང་བ་ཡིན་པས། བྱང་ཆུབ་སེམས་དཔའི་ལམ་གྱི་གཙོ་བོ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།ཤིང་དཔར།