གནོད་བྱེད་
གནོད་བྱེད་ཅེས་པ་ནི་ཕྱི་ནང་གི་རྐྱེན་གྱིས་སེམས་ཅན་ལ་སྡུག་བསྔལ་དང་གནོད་པ་སྣ་ཚོགས་འབྱུང་བར་བྱེད་པའི་རྐྱེན་རྣམས་ལ་གོ།
དབྱེ་བ།
[རྩོམ་སྒྲིག]ཕྱིའི་གནོད་བྱེད་ནི་ཕྱི་རོལ་གྱི་སེམས་ཅན་གྱིས་རང་ལ་ལུས་ངག་གི་སྒོ་ནས་གནོད་པ་སྣ་ཚོགས་བྱེད་པ་རྣམས་ལ་གོ་ཞིང་། དཔེར་ན་དགྲ་བོ་དང་མི་སྡུག་པའི་སེམས་ཅན་གྱིས་བརྡེག་པ་དང་ཚིག་རྩུབ་སྨྲ་བ། རྐུ་འཕྲོག་བྱེད་པ་སོགས་ཡིན།་ཞེས་པ་ལྟ་བུའོ། །
ནང་གི་གནོད་བྱེད་ནི་རང་གི་སེམས་རྒྱུད་ལ་གནས་པའི་ཉོན་མོངས་པ་སྣ་ཚོགས་ཏེ། ཆགས་སྡང་གཏི་མུག་སོགས་ཡིན་ལ། འདི་ནི་དམིགས་བསལ་དུ་དགྲ་ཆེན་པོ་ཞེས་བྱ་སྟེ། ཉོན་མོངས་པའི་དགྲ་རྣམས་ནི་ཕྱིའི་གནོད་བྱེད་ལས་ཀྱང་གནོད་པ་ཤིན་ཏུ་ཆེ་བར་བྱེད་པའི་ཕྱིར་རོ། །"བདག་གི་སེམས་ལ་གནས་བཞིན་དུ་དགའ་མགུར་ཏེ་འཛེམ་མེད་དུ་བདག་ལ་གནོད་པར་བྱེད་པ་དེ་ལའང་མི་ཁྲོ་བར་བཟོད་པ་ནི་བཟོད་པའི་གནས་མིན་པ་ལ་བཟོད་པ་དམ་པས་སྨད་པའི་གནས་ཡིན་ནོ། །"[༡]ཞེས་གསུངས་སོ། །
གནོད་བྱེད་ཀྱི་རང་བཞིན།
[རྩོམ་སྒྲིག]གནོད་བྱེད་རྣམས་ནི་རང་གི་སེམས་ལ་བརྟེན་བཅས་ནས་གནས་བཞིན་དུ་གནོད་པ་ཆེན་པོ་བྱེད་པ་ཡིན། ཡང་སུས་གནོད་བྱེད་ཀྱིས་གནོད་པ་བྱེད་པ་ལ་བརྟག་དཔྱད་བྱ་རྒྱུ་ཡོད་དེ། "འདིར་བརྟག་པ་རྣམ་པ་གཉིས་བྱ་སྟེ། གལ་ཏེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རང་བཞིན་གཞན་ལ་གནོད་པ་བྱེད་པ་དེ་འདྲ་བ་ཡིན་ན། དེའི་ཚེ་ཁྱོད་ཀྱི་རང་བཞིན་ལ་ནི་ཅི་སྟེ་གཞན་ལ་གནོད་པ་བྱེད་ཅེས་བརྒལ་ཞིང་བརྟག་པར་མི་རིགས་སོ་ཞེས་ཡོངས་སུ་བརྟགས་ནས་བྱ་སྟེ། དེ་དག་ལ་བདག་གིས་ཞེ་སྡང་བར་མི་རིགས་ཏེ། དཔེར་ན་མེ་སྲེག་པར་བྱེད་པའི་ཕྱིར་མེ་སྲེག་པར་བྱེད་པ་རང་བཞིན་ཡིན་པ་ལྟ་བུའོ། །"[༢]ཞེས་གནོད་བྱེད་ཀྱི་རང་བཞིན་བསྟན་ཏོ། །
གནོད་བྱེད་ཀྱི་ཉེས་དམིགས།
[རྩོམ་སྒྲིག]"ཉོན་མོངས་སྐྱེས་པ་ན་དང་པོར་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་བྱེད་པ་དང་བག་ལ་ཉལ་བརྟན་པར་བྱེད་པ་དང་རིགས་མཐུན་གྱི་ཉོན་མོངས་པའི་རྒྱུན་མི་འཆད་པར་བྱེད་པ་དང༌། རང་གཞན་གཉིས་ཀ་ལ་གནོད་པ་ཆེན་པོ་བྱེད་པ་དང་ཚེ་འདི་ཕྱི་གཉིས་ཀ་ལ་ཁ་ན་མ་ཐོ་བ་ཆེན་པོ་སྐྱེད་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་མྱོང་བར་བྱེད་པ་དང་སྐྱེ་བ་ལ་སོགས་པའི་སྲིད་པའི་སྡུག་བསྔལ་རྣམས་འགྲུབ་པར་བྱེད་པ་དང༌། ཐར་བ་ལས་རིང་དུ་བྱེད་པ་དང་དགེ་བ་དང་བདེ་བ་སོགས་ལས་ཉམས་པར་བྱེད་པ་དང་"[༣]ཞེས་གསུངས་པ་དང་། ཡང་ན་འདི་གློ་བུར་བའི་སྐྱོན་ཡིན་ན། "འོན་ཏེ་སྐྱོན་འདི་གློ་བུར་ཏེ་དེའི་རང་བཞིན་དུ་གྱུར་པ་ལས་གཞན་ཉིད་ཡིན་ལ་ཡང་སེམས་ཅན་གྱི་རང་བཞིན་ནི་སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་པའི་ཕྱིར་ངེས་པ་ཡིན་ན་སྟེ། གྱ་གྱུ་ཅན་མ་ཡིན་ལ། ཞེ་སྡང་ཉིད་ནི་སྡང་བའི་རང་བཞིན་ཏེ། སེམས་ཅན་ནི་མ་ཡིན་ན། དེ་ལྟར་ནའང་སེམས་ཅན་དེས་པའི་རང་བཞིན་ཅན་དེ་དག་ལ་ཁྲོ་བར་མི་རིགས་སོ། །"[༤]ཞེས་ཉོན་མོངས་པའི་ཉེས་དམིགས་གསུངས་སོ། །
གནོད་བྱེད་ལ་བཟོད་པའི་རྒྱུ་མཚན།
[རྩོམ་སྒྲིག]གནོད་བྱེད་ལ་བཟོད་པ་བསྒོམ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། གནོད་བྱེད་ཕ་རོལ་པོ་འདི་དག་ཀྱང་རང་གི་སྔོན་གྱི་ལས་ཀྱིས་བསྐུལ་ནས་གནོད་པ་བྱེད་པ་ཡིན་པས། ལས་དང་འབྲས་བུའི་རྒྱུ་འབྲས་ཇི་བཞིན་ཤེས་ནས་བཟོད་པ་བསྒོམ་པར་བྱའོ། །"བདག་གི་གནོད་པ་མྱོང་འགྱུར་གྱི་ལས་ཀྱིས་བསྐུལ་བྱས་ནས་བདག་ལ་གནོད་བྱེད་རྣམས་བྱུང་སྟེ། དེ་ཡིས་གནོད་བྱེད་དེ་དག་སེམས་ཅན་དམྱལ་བར་འདོང་ན་བདག་གིས་གནོད་བྱེད་དེ་དག་མ་བརླག་གམ་སྟེ་བརླག་པར་བྱས་སོ། །"[༥]ཞེས་དང་། "གང་གིས་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་ཏེ། ཅི་སྟེ་དེ་བཞིན་དུ་འབྲས་བུ་དེ་དག་གི་རྒྱུའི་ལས་བྱས། གང་གིས་ཞེས་བྱ་བ་འདི་ནི་འཇིག་ རྟེན་པའི་སྨྲ་བའི་ཚུལ་ལོ། །ཡང་ན་གང་གི་ཕྱིར་ལས་ལ་ནུས་པ་ཡོད་པའི་རྒྱུས་འཁྱལ་བ་དང་། འཆིང་བ་དང་བརྡེག་པ་ལ་སོགས་པས་གཞན་དག་ཕ་རོལ་པོས་གནོད་པ་བྱེད་གཟིར་བར་བྱེད་པའོ། །"[༦]ཞེས་གསུངས།
བཟོད་པའི་ཕན་ཡོན།
[རྩོམ་སྒྲིག]གནོད་བྱེད་ལ་བཟོད་པ་བསྒོམས་པས་ཕན་ཡོན་ཆེན་པོ་ཡོད། "གཞན་ཡང་གནོད་བྱེད་འདི་དག་ཉིད་ལ་རྟེན་བཅས་ནས་བཟོད་པ་བསྒོམས་པས་བདག་གི་སྡིག་པ་མང་དུ་འབྱང་ཞིང་། བདག་ལ་གནོད་པ་བྱས་པ་ལ་བརྟེན་ནས་དེ་དག་ཡུན་རིང་པོར་སྡུག་བསྔལ་བའི་དམྱལ་བར་འདོང་བར་འགྱུར་བས་བདག་ནི་དགྲ་དེ་ལ་གནོད་བྱེད་ཡིན་ལ། དགྲ་དེ་དག་བདག་ལ་ཕན་འདོགས་བྱེད་ཡིན་ན་ཕྱིན་ཅི་ལོག་ཏུ་ཅིའི་ཕྱིར་མ་རུངས་སེམས་ཁྱོད་ཁྲོ་བར་བྱེད་དེ་བྱེད་པར་མི་རིགས་སོ། །"[༧]ཞེས་པ་དང་། གཞན་ཡང་། "བདག་ལ་བསམས་པའི་ཡོན་ཏན་གྱིས། །ཞེས་གསུངས་པ་ཡིན་ཏེ། སླར་གནོད་པ་བྱེད་པ་ལས་ལོག་པའི་མཐར་ཐུག་པ་དེ་དག་ནི་བདག་གི་བསམ་པའི་ཆེ་བའི་བདག་ཉིད་ཡིན་ཏེ། དམྱལ་བར་འགྲོ་བ་ལས་ལོག་པའི་རྒྱུ་ཡིན་ནོ། །དམྱལ་བར་མི་འགྲོ་བ་གང་ཡིན་པ་དེ་ནི་བདག་གི་བསམ་པའི་ཆེ་བའི་བདག་ཉིད་ཀྱི་སྟོབས་ཀྱིས་ཡིན་ལ། འདི་དག་ནི་བསམ་པ་ངན་པའི་ཕྱིར་བདག་དམྱལ་བར་མ་ལྷུང་བ་ནི་མ་ཡིན་ནོ་"[༨]ཞེས་བཟོད་པ་བསྒོམས་པས་ཕན་ཡོན་བཤད་པའོ། །
དཔེ་མཚོན་གྱིས་བསྟན་པ།
[རྩོམ་སྒྲིག]"དཔེར་ན་རྒྱལ་པོའི་མངགས་པའི་བློན་པོ་ལ་སོགས་པ་མི་འགའ་ཞིག་གིས་འབངས་ཀྱི་སྐྱེ་བོ་མང་པོ་ལ་དཔྱ་ཁྲལ་དང་ཉེས་ཆད་སོགས་ཀྱིས་གནོད་པ་སྣ་ཚོགས་ཕྱིད་ཀྱང་སྐྱེ་བོ་མིག་རྒྱང་རིང་པོ་སྟེ་ཕྱི་མཐའ་འཚོ་ཤེས་པ་དག་གིས་དེ་ལ་གནོད་ལན་ནུས་ཀྱང་ཕྱིར་ལན་དུ་གནོད་པ་མི་བྱེད་པར་བཀའ་བཞིན་སྒྲུབ་པས་མགུ་བར་བྱེད། དེ་དེའི་རྒྱུ་མཚན་འདི་ལྟར་མི་དེ་གྲོགས་མེད་གཅིག་པུ་མ་ཡིན་གྱི་རྒྱལ་པོའི་མཐུ་སྟོབས་ནུས་པ་བློན་འཁོར་ཐམས་ཅད་དེ་ཡི་དཔུང་ཡིན་པར་ཤེས་པས་སོ། །"[༩]ཞེས་དཔེ་མཚོན་གྱིས་བསྟན་པའོ། །
ཕྱིན་ཅི་ལོག་གི་ལྟ་བ་སྤང་བ།
[རྩོམ་སྒྲིག]"རྒྱུ་མཚན་གང་གིས་ཞེས་སམ་གནོད་པ་མྱོང་འགྱུར་གྱི་ལས་སྔར་བསགས་པའི་ནུས་པ་གང་གིས་གཞན་ཕ་རོལ་པོ་དག་གིས་རང་གི་ཕྱོགས་ལ་ལུས་ཀྱིས་བརྡེག་པ་དང་ངག་གིས་ཚིག་རྩུབ་སྨྲ་བ་སོགས་ཀྱི་གནོད་པ་བྱེད་པའི་རྒྱུར་གྱུར་པའི་ལས་ངན་པ་དེ་དག་རང་གི་གཉེན་བཤེས་ཀྱི་ཕྱོགས་དེ་རྣམས་ཀྱིས་སྔོན་ཆད་རྒྱུ་མཚན་ནམ་དོན་ཅིའི་ཕྱིར་བྱས་ཏེ་རྣམ་པ་ཀུན་ཏུ་བྱ་མི་རིགས་པ་ལ་དེ་ལྟ་བུའི་ལས་སྔར་བྱས་ཟིན་པའི་འབྲས་བུར་ལྟ་མྱོང་བ་འདི་སུས་ཀྱང་བཟློག་མི་ནུས་"[༡༠]ཞེས་གསུངས།
ཉོན་མོངས་སྤང་བའི་དཀའ་སྤྱད།
[རྩོམ་སྒྲིག]ཉོན་མོངས་པ་སྤང་བའི་ཆེད་དུ་དཀའ་སྤྱད་བསྟེན་དགོས། "དེ་ལྟར་ཇི་སྲིད་བདག་གིས་ཉོན་མོངས་པའི་དགྲ་འདི་མངོན་སུམ་དུ་ངེས་པར་མ་བཅོམ་པ་དེ་སྲིད་དུ་བདག་འདིར་བརྩོན་པ་མི་འདོར་བར་བྱ་སྟེ། དཔེར་ན་རེ་ཞིག་གནོད་བྱེད་ཆུང་ངུ་སྟེ་ཐ་མལ་པའི་དགྲ་ལ་ཡང་ཁྲོས་པར་གྱུར་པའི་སེམས་ཅན་ང་རྒྱལ་བདོ་བ་རྣམས་དགྲ་དེ་མ་བཅོམ་པར་གཉིད་མི་འོང་ན། ཉོན་མོངས་པའི་དགྲ་འཇོམས་པ་ལ་བརྩོན་དགོས་པ་ལྟ་ཅི་སྨོས་ཞེས་པའོ། །"[༡༡]ཞེས་གསུངས་སོ། །
ལས་དང་འབྲས་བུའི་ལྟ་བ།
[རྩོམ་སྒྲིག]གནོད་བྱེད་ཀྱི་རྩ་བ་ནི་ལས་དང་འབྲས་བུ་ལ་ཡིན། "གང་གིས་གཞན་དག་བདག་ལ་གནོད་པ་བྱེད་པར་གྱུར་པའི་ལས་དེ་ཁྱོད་ཀྱིས་སྔོན་ཆད་ཅིའི་ཕྱིར་བྱས་དེས་ན་གནོད་པ་ཐམས་ཅད་རང་གི་ལས་ལ་རག་ལས་པ་ཡིན་ན་བདག་གིས་དགྲ་འདི་ལ་ཅི་སྟེ་བཀོན།"[༡༢] ཞེས་པ་དང་། "གནོད་བྱ་གང་དག་དེ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དང་གཞན་དག་གམ་འདི་ཉིད་དུ་ཡང་གཞན་དག་ལ་རྡེག་པ་དང་མི་སྙན་པ་བརྗོད་པ་སོགས་ཀྱི་ལས་བྱས་ཏེ། དེའི་འབྲས་བུས་གཞན་དག་གིས་གནོད་པ་བྱེད་པར་ཟད་ན་སྡུག་བསྔལ་འདི་ལྟ་བུ་སྐྱེད་པར་བྱེད་པའི་ལས་དེ་འདྲ་བ་ཞིག་ཅིའི་ཕྱིར་བྱས་ཞེས་འགྱོད་པ་སྐྱེད་པའོ། །"[༡༣]ཞེས་ལས་འབྲས་ཀྱི་ལྟ་བ་གསུངས་སོ། །
བསྡུས་དོན།
[རྩོམ་སྒྲིག]གནོད་བྱེད་ནི་ཕྱི་ནང་གཉིས་སུ་ཡོད་པར། ཕྱིའི་གནོད་བྱེད་ལས་ནང་གི་ཉོན་མོངས་པའི་གནོད་བྱེད་ནི་དགྲ་ཆེན་པོ་ཡིན། ཕྱི་ནང་གི་གནོད་བྱེད་གང་ལའང་ལས་དང་འབྲས་བུའི་འབྲེལ་བ་མཐོང་ནས་བཟོད་པ་བསྒོམ་པར་བྱ། འདིས་སྡིག་པ་འབྱངས་ཤིང་བསོད་ནམས་འཕེལ་བར་འགྱུར། གནོད་བྱེད་ལ་ཁྲོ་བ་ནི་ཕྱིན་ཅི་ལོག་གི་ལྟ་བ་ཡིན་ལ། ཉོན་མོངས་པའི་གནོད་བྱེད་ལ་ནི་དགྲར་བལྟས་ནས་འགོག་པ་ལ་བརྩོན་པར་བྱའོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།