གནུབས་སངས་རྒྱས་ཡེ་ཤེས་
(སྣུབས་ཞེས་པའང་སྣང་)འདི་ཉིད་ཆོས་རྒྱལ་ཁྲི་སྲོང་གི་སྐུ་དུས་སུ་བྱུང་ནས་བོད་དང་བལ་པོ། རྒྱ་གར། བྲུ་ཤའི་མཁས་པ་མང་པོ་བསྟེན་ཅིང། འདི་ལ་མདོ་སྒྱུ་སེམས་གསུམ་གྱི་བཀའ་ཐམས་ཅད་གཅིག་ཏུ་བབས་པ་ཡིན་པར་གྲགས། འདི་དང་སོ་ཡེ་ཤེས་དབང་ཕྱུག་ཟུར་ཤཱཀྱ་འབྱུང་གནས་བཅས་ལ་སོ་ཟུར་གནུབས་གསུམ་ཞུ་ཞིང། གསང་སྔགས་སྔ་འགྱུར་བཀའ་མའི་བརྒྱུད་པའི་ཆུ་འགོ་རྙིང་མའི་སློབ་དཔོན་ཆེན་པོ་གསུམ་ཡིན། རྒྱལ་པོ་གླང་དར་མའི་སྐབས་རྒྱལ་པོས་འདི་ཉིད་བཀུག་ནས་ངས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཟིན་པས་ཁྱོད་ལ་ནུས་པ་ཅི་ཡོད་བརྗོད་པར་འདིས་སྔགས་བཟླས་པའི་ནུས་པ་ལ་བརྟེན་ནས་རྒྱལ་པོར་འཇིགས་སྐུལ་བྱས་པས་རྒྱལ་པོ་སྐྲག་སྟེ་ཁྱེད་འཁོར་བཅས་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང། དེ་ནས་ཁོང་གིས་ཡེར་པར་ཕྱིན་ཏེ་ལྷ་ལུང་དཔལ་རྡོར་ལ་ངས་རྒྱལ་པོ་སྡིག་ཅན་སྐྲག་པར་བྱས་ཡོད་ཀྱི་ཁྱེད་ཀྱིས་དགྲོལ་ཅིག་ཟེར་ནས་བསྐུལ་ཏེ་བཀྲོངས་ཞེས་སྐད། གནུབས་སངས་རྒྱས་ཡེ་ཤེས་ལ་སྲས་དྲུག་ཡོད་པ་ལས་བཞི་དབུ་རུའི་ཁེང་ལོག་སྐབས་བཀྲོངས་པ་དང། གཅིག་ཟླ་ཡར། གཅིག་ཁྲེལ་མེད་དུ་ཤོར་ཞེས་ལོ་རྒྱུས་ཡིག་ཚག་དུ་གསལ།