གནས་ལུང་བཀླག་པས་གྲུབ་པ་

ཡོང་ཁུངས་Wikipedia

༄༅། ཀར་གླིང་ཞི་ཁྲོའི་ཚེ་འདས་གནས་ལུང་གི་ཆོ་ག་བཀླག་པས་གྲུབ་པ་ཞེས་བྱ་བ་བཞུགས་སོ།། ཚེ་འདས་གནས་ལུང་གི་སྐབས་རྒྱས་པར་བདག་འཇུག་བླངས། བསྡུ་ན་རིག་པའི་མེ་ཏོག་དོར་བས་འཇུག་པ་ནི། དྲིལ་བུ་བསིལ་ཞིང་མེ་ཏོག་འཐོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭ་བཛྲ་ས་མ་ཡ་སྭ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་དང༌། ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ། ཞེས་རིག་པའི་མེ་ཏོག་དོར་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམ་ལ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོ། ཞེས་དང༌། ཨོཾ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཧོ། ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ་མོ། དེ་གཉིས་གང་ལྟར་ཡང་གཞན་རྗེས་སུ་འཛིན་པ་དང་འབྲེལ་ན། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ། དེ་ནས་གནས་ལུང་དངོས་ལ། སྦྱོར་བའི་སྐབས་སུ་དཀྱིལ་འཁོར་ཤར་སྒོར་པདྨ་འདབ་མ་བརྒྱད་པའི་ཁར་ཚེ་འདས་ཀྱི་རོའམ་གཟུགས་མིང་ནྲྀ་ཡིག་བྲིས་པའི་བྱང་བུ་དྲི་རྟེན་དང་བཅས་པ་འགོད། གཞན་ཡང་རིགས་དྲུག་གི་དཀྱིལ་འཁོར་དང་སྦྱོང་ཆས། བྲབ་རྫས། ཟས་གཏད་སོགས་ཉེར་མཁོ་རྣམས་འདུ་བྱ། ཆོ་ག་དངོས་ལ་བཅུ་གཅིག་སྟེ། རྟེན་བསྐྱེད་པ། རྣམ་ཤེས་འགུགས་བསྟིམ། ལན་ཆགས་སྦྱོང་བ། ཁྲུས་བྱ་བ། རིགས་དྲུག་གནས་འདྲེན། དབང་བསྐུར་བ། ཟས་གཏད་པ། སྨོན་ལམ་གདབ་པ་དང་སྒྲིབ་པ་སྦྱོང་བ། ལམ་བསྟན་ཅིང་གནས་སྤར་བ། བྱང་བུ་བསྲེག་པའོ། དང་པོ་ནི། དམིགས་རྟེན་རིགས་དྲུག་གི་དལ་དུ་བཀོད་ལ་བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར།པར་བསམ་ལ། གཉིས་པ་རྣམ་ཤེས་དགུག་པ་ནི། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་འཇིག་རྟེན་འདི་ནས་ཚེ་ཕ་རོལ་དུས་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་དུ་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿ བཛྲ་ཨངྐུ་ཤ་ཛཿ ཞེས་པས་རྣམ་ཤེས་དང༌། ཨ་སུ་ནྲྀ་ཏྲི་པྲེ་དུ་མ་མ་ཨངྐུ་ཤ་ཛཿ ཞེས་པས་རིགས་དྲུག་གི་བག་ཆགས་བཀུག །ཛཿཧཱུྃ་བྃ་ཧོཿས་རྣམ་ཤེས་ཨ་ཐུང་གི་རྣམ་པས་རྟེན་ལ་ཐིམ་པར་བསམ། ཏིཥྛ་བཛྲ་ས་མ་ཡ་ལྷན། ཞེས་པས་རྟེན་ལ་དབྱེར་མེད་དུ་བག་ཕེབས་ཏེ་འཁོད་པར་བསམ་མོ། གསུམ་པ་ནི། བགེགས་གཏོར་ རྃ་ཡྃ་ཁྃ་གིས་བསང་སྦྱངས། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་བརླབ། ཨོཾ་སརྦ་བིགྷྣན་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ། ནས་ ག་ག་ན་ཁཾ་གྷྲི་ཧ་ན་དཾ་བ་ལྱཱ་དེ་སྭཱ་ཧཱ། ལན་གསུམ་གྱིས་ཞི་བ་དང༌། ཨོཾ་སུཾ་བྷ་ནི་སུཾ་བྷ་ནི་ཧཱུྃ། སོགས་ལན་གསུམ་གྱིས་ཕྱེད་མ་དང༌། ཧཱུྃ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རང་རིག་སྟོང་གསལ་རིག་པའི་མདངས༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ རབ་འཇིགས་ཁྲག་འཐུང་སྤྲུལ་པའི་ཚོགས༔ སྣང་ལ་རང་བཞིན་མེད་པ་ཡིས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ཚེ་འདས་འདི་ལ་གནོད་བྱེད་ཅིང་༔ སྲོག་གཅོད་མདངས་འཕྲོག་གཤིན་ལྕག་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང་༔ རྒྱུ་དྲུག་འཁོར་བའི་ལམ་དགག་ཕྱིར༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊཿ ཅེས་དང༌། གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། གཏོར་མ་ཕྱིར་བསྐྱལ་བ་ནི་དྲག་པོའི་སྦྱོང་བའོ། བཞི་པ་ནི། མེ་ལོང་ནང་དཀྱིལ་འཁོར་པའི་སྣང་བརྙན་འཆར་བར་ཁྲུས་གསོལ་ཞིང༌། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང༌། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱངས་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ ཀ་ཡ་བྷི་ཤྭ་དྷ་ན་ཡེ་སྭཱ་ཧཱ། ཞེས་སྐུ་ཕྱིའོ། ཁྲུས་ཆུ་དེ་ཉིད་བུམ་པར་བླུགས་པས་མིང་བྱང་བཀྲུ་ཞིང༌། རྣམ་དག་གཙང་དངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་སྒྲིབ་པ་དག་གྱུར་ཅིག །ཅེས་དང༌། རྩ་སྔགས་དང་ཡི་གེ་བརྒྱ་པ་བཟླ་ཞིང་བཀྲུ། གཞན་ཡང༌། ཧཱུྃ༔ འདི་ནི་ཕ་རོལ་ཕྱིན་བཅུའི་ཆུ༔ ཉོན་མོངས་དྲི་མ་སྦྱོངས་མཛད་པ༔ ཕར་ཕྱིན་བཅུ་ལ་ལེགས་འགོད་ཆུ༔ ཕར་ཕྱིན་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཞེས་དང་ཡི་གེ་བརྒྱ་པའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཅེས་བརྗོད་ཅིང་བཀྲུ། ཞར་བྱུང་དུ་དུག་སྦྱོང་བ་ནི། ཀུ་ཤས་རྟེན་ལ་བྱབ་ཅིང༌། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བདེ་གཤེགས་རིགས་ལྔ་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །བདེན་པ་གང་གིས་སངས་རྒྱས་རྣམས། །འཇིག་རྟེན་ཀུན་ཏུ་བླ་ན་མེད། །བདེན་པའི་མཆོག་ནི་འདི་དག་གིས། །ཁྱོད་ཀྱི་ཉོན་མོངས་དུག་རྣམས་ནི། །རང་བཞིན་མེད་པར་དག་གྱུར་ཅིག །འབྱུང་བཞིས་བྱབ་ཅིང༌། འབྱུང་བཞི་དུག་གི་ཕ་ཡིན་ཏེ༔ འབྱུང་བཞི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་རྣམས་འབྱུང་བཞིའི་ནང་དུ་སོང་༔ གང་བའི་སྣོད་དུ་དུག་སོང་ལ༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ དཀོན་མཆོག་གསུམ་གྱི་བདེན་པ་དང༌། །ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔ ཚེ་འདས་ལུས་བརྗེས་བུ་ཁྱོད་ཀྱི༔ དུག་རྣམས་གཏན་ནས་དག་གྱུར་ཅིག༔ རྩ་སྔགས་དང་ཡི་གེ་བརྒྱ་པ། མི་འཁྲུགས་པའི་གཟུངས་སོགས་བརྗོད་ལ་ཁྲུས་བྱའོ། ལྔ་པ་ནི། གསོལ་གདབ་ཆོས་བཤད་སྐྱབས་སུ་གསོལ། །དབང་བསྐུར་བྱ་ཞིང་ལན་ཆགས་སྦྱང༌། །བསྲེག་དང་བཀྲུ་ཞིང་གནས་ནས་དྲངས། ཞེས་བརྒྱད་ལས། དང་པོ་ནི། ཚེ་འདས་ཀྱིས་གསོལ་བ་གདབ་པར་བསམ་ལ། ཀྱཻ་མ་མགོན་པོ་ཐུགས་རྗེ་ཅན༔རིགས་དྲུག་གནས་སུ་ལྟུང་བ་ཡི༔སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ གཉིས་པ་ནི། སློབ་དཔོན་གྱིས། ཀྱཻ་མ༔ ཚེ་འཕོས་ལུས་བརྗེས་བར་དོའི་ཡིད་ལུས་ཁྱོད༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམ་སྟེ་རྒྱལ་བའི་ཐུགས་རྗེ་ཡིས༔ ཕོ་ཉས་བཟུང་སྟེ་རིགས་དྲུག་གནས་ནས་དྲངས༔ དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ འདྲེན་པ་ཐུབ་ཆེན་དྲུག་ལ་གསོལ་བ་ཐོབ༔ ཅེས་གདམས་ལ། གསུམ་པ་ནི། ཚེ་འདས་ཀྱིས་གུས་པ་ཆེན་པོས། ཉོན་དྲུག་གཟུང་འཛིན་ཀུན་སྤངས་བདེ་བར་གཤེགས༔ ཕྱིན་དྲུག་ཆོས་ཐོབ་ཉོན་མོངས་རྣམ་པར་དག༔ རིགས་དྲུག་ཐུབ་པ་རང་རྟགས་ཕྱག་རྒྱ་ཅན༔ འགྲོ་བ་རིགས་དྲུག་སྡུག་བསྔལ་སྦྱང་དུ་གསོལ༔ བཅོམ་ལྡན་ཐུབ་པ་དྲུག་ལ་སྐྱབས་སུ་མཆི༔ ཞེས་སྐྱབས་སུ་འགྲོ་བར་བསམ། བཞི་པ་ལ་གཉིས་ལས། ཐོག་མར་ཕྱག་མཚན་གྱི་དབང་བསྐུར་བ་ནི། ཐུབ་དྲུག་སོ་སོའི་ཕྱག་མཚན་ཐོགས་ལ། ཧཱུྃ༔ ཚ་གྲང་སྐྱོབས་བྱེད་མེ་ཆུ་བསིལ་དྲོད་ལྡན༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དམྱལ་བ་ཚ་གྲང་སྡུག་བསྔལ་ལས་གྲོལ་ནས༔ ན་ར་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊཿ ཨཱཿ རིན་ཆེན་སྒྲོམ་གྱི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ པྲེ་ཏ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿ ཨོཾ༔ ཤེས་རབ་རིག་པའི་པུསྟི་འདི༔ དུས་གསུམ་སངས་རྒྱས་ཞི་ཁྲོའི་གསུང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཏིརྻ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ ཏྲི་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿ ཧཱཿ ཤེས་རབ་དོན་མཚོན་རལ་གྲི་དང་༔ བདུད་ཀྱི་མཚོན་སྲུང་གོ་ཆ་འདི༔ དུས་གསུམ་རྒྱལ་བའི་སྦྱོར་སྒྲོལ་ཏེ༔ ཞི་ཁྲོ་རྒྱལ་བའི་ཕྱག་མཚན་འདིས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཧེ་ས་ཀ་ཡི་སྡུག་བསྔལ་ཞི་བར་ཤོག༔ སུ་སརྦ་དུ་ཁཿསརྦ་ཀརྨ་པྲ་ཝེ་ཤ་ཡ་ཕཊཿ སྭཱ༔ ལོངས་སྤྱོད་བདུད་ཀྱི་དབྱིངས་འཇོམས་པའི༔ པི་ཝཾ་སྙན་པའི་དོན་བྱེད་འདིས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ སྐྱེ་བ་གཅིག་གིས་ལས་རབ་རྫོགས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བིརྻ་ཁརྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊཿ ཧཱུྃ༔ རིན་ཆེན་པར་བུ་ལྷུང་བཟེད་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ གསེག་ཤང་དྲང་སྲོང་སྒྲ་སྒྲོགས་འདི༔ ཐུགས་རྟགས་ཞི་ཁྲོའི་ལྷ་ཡི་རྟགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཨ་ཝ་དྷུ་ཏིའི་དབང་ཐོབ་ཤོག༔ ཨོཾ་ཚིནྡྷ་ཚིནྡྷ་ཨ་བ་ར་ཎི་ཧཱུྃ་ཕཊཿ གཉིས་པ་བུམ་དབང་བསྐུར་བ་ནི། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ རིགས་དྲུག་སྐྱེ་སྒོ་བཅད་ནས་སུ༔ ཞིང་ཁམས་ལྔ་ལ་དབང་བསྒྱུར་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱཿ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨཱཿ ཨཾ་པདྨ་ཨ་བྷི་ཥིཉྩ་ཨཱཿ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ལྔ་པ་ནི། གཏོར་མ་ རྃ་ཡྃ་ཁྃ། གིས་བསང་སྦྱངས། ཨོཾ་ཨཱཿཧཱུྃ་ཧོཿས་བརླབས། ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་ལན་ཆགས་བུ་ལོན་བསྙེགས་པ་ཡི༔ གསོན་བདུད་གཤིན་ལྕག་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ ཅེས་བསྔོ། དྲུག་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ ང་རྒྱལ་ལོག་ལྟ་ཐེ་ཚོམ་རྣམས༔ འདི་དག་འཇིག་རྟེན་དུག་ཡིན་ཏེ༔ ཀུན་བཟང་ཞི་ཁྲོ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ ཉོན་མོངས་དྲི་མ་དག་གྱུར་ཅིག༔ ཅེས་དང༌། རྩ་སྔགས་ཡིག་བརྒྱ་སྒྲིབ་སྦྱོང་གི་སྔགས་སོགས་སྦྲེལ་བ་བརྗོད་ཅིང་བྱེ་མས་བྲབ་པས་ཡེ་ཤེས་ཀྱི་མེས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས་པར་བསམ། བདུན་པ་ནི། ཁྲུས་བུམ་ཐོགས་ལ། འདི་ནི་ཕྱིན་དྲུག་རང་བཞིན་ཆུ༔ ཉོན་མོངས་དྲུག་པོ་སྦྱོངས་བྱེད་ཅིང་༔ ཕར་ཕྱིན་ཆུ་ཡིས་ལེགས་བཀྲུས་པས༔ ཉོན་མོངས་དྲི་མ་དག་གྱུར་ཅིག༔ ཅེས་དང་ཡི་གེ་བརྒྱ་པ་བརྗོད་ཅིང་བཀྲུས་པས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་ཉོན་མོངས་པའི་ཐལ་བའང་སྦྱངས་པར་བསམ་ལ། བརྒྱད་པ་ནི། ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་འཁོར་བའི་ས་ཡིན་པས༔ བོར་རོ་སྤང་ངོ་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ མཐོ་རིས་ཐར་པའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཅེས་བརྗོད་ཅིང་རིགས་དྲུག་གི་གནས་ནས་དྲངས། རྡོ་རྗེས་ཕྱི་ལམ་བཅད་དེ་དབང་སྟེགས་སུ་བཀོད་ལ། ཚེ་འདས་ཉིད་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམ་ཞིང་ཚིག་རྣམས་བརྗོད་པར་མོས་ལ། ཕྱོགས་བཅུར་བཞུགས་པའི་བླ་མ་དང་༔ མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ དེ་རིང་ཉིད་ནས་བདག་སྐྱབས་མཆི༔ མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས༔ འཁོར་བའི་སེམས་ཅན་བདག་ལྟ་བུ༔ བར་དོའི་གནས་ན་མགོན་མེད་ཅིང་༔ འཇིགས་པས་མནར་བ་བདག་ལ་དགོངས༔ ཐོག་མེད་དུས་ནས་སྤྱད་པ་ཡིས༔ ལས་ངན་སྒྲིབ་པས་བཅིངས་པ་བདག༔ མཐའ་མེད་འཁོར་བའི་སྡུག་བསྔལ་ལས༔ བདེ་ཆེན་གནས་སུ་དྲང་དུ་གསོལ༔ བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་༔ ཉམ་ངའི་གནས་སུ་འཁྱམས་པའི་འགྲོ༔ ཉོན་མོངས་གདུང་བས་གཟིར་བ་རྣམས༔ བྱམས་པའི་ཐུགས་རྗེས་བསྐྱབ་ཏུ་གསོལ༔ ཅེས་གསོལ་བ་གདབ། དྲུག་པ་ནི། བླ་མས་བརྡ་སྤྲོད་པ་དང་ལས་རྡོར་རམ་ཡོན་བདག་གང་རུང་གིས་རྗེས་ཟློས་བྱས་ལ་མཎྜལ་འབུལ། རོའམ་བྱང་བུ་གང་ཡིན་ལ་གདོང་གཡོགས་མེ་ཏོག་གཏད་པ་སོགས་ལན་ལེན་བགྱི་ཚུལ་གང་མཚམས་བྱ་ཞིང་རྗེས་ཟློས་ཀྱི་ཚིག་དོན་རྣམས་ཀྱང་ཚེ་འདས་ཀྱིས་བརྗོད་ཅིང་འདུན་པའང་དོན་གང་དང་གང་ཡིན་པ་དེ་ལྟ་བུ་གཏད་པར་མོས་ལ། ཁྱད་པར་གང་ཟག་དོན་ཤེས་པའི་གཤིན་པོ་རྣམས་ལ་ནི་བླ་མས་ཀྱང་བརྡ་སྤྲོད་རྣམས་ཀྱང་གསལ་ཞིང་སྐབས་ཕྱེད་པར་བྱ། ཨོཾ་ཨཱཿཧཱུྃ༔གིས་མིག་དར་བཅིངས། ཨཱ་ཁཾ་བཱི་ར་ཧཱུྃ༔གིས་མེ་ཏོག་གཏད། ཐལ་མོ་སྦྱར་ཏེ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་ཅག་འགྲོ་བ་མ་ལུས་པ༔ ལོག་པའི་ལམ་དུ་ཞུགས་གྱུར་པས༔ བདེ་ཆེན་ཐར་པའི་ལམ་བསྟན་འཚལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པའི་ལན་དུ་གནང་བ་སྦྱིན་པ་ནི། ཨེ་མ་འདིར་འདུས་སྐལ་ལྡན་ལས་ཅན་རྣམས༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བཟུང་སྟེ་རྒྱལ་བའི་ཐུགས་རྗེ་ཡིས༔ ཕོ་ཉས་བཟུང་སྟེ་དཀྱིལ་འཁོར་གྲལ་དུ་བཀོད༔ དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ སྐུ་གསུམ་ཞིང་ཁམས་ཕོ་བྲང་འདིར་ཤོག་ཅིག༔ བླ་མེད་དོན་གྱི་སྙིང་པོ་སྦྱིན་པར་བྱ༔ རྒྱུད་སྦྱང་བ་ནི། དེ་ནས་སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེེད་པ་ཀུན་ཏུ་བཟང་པོའི་རྣམ་པར་བཞུགས་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་སད་པའི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདི་ཡི་རྗེས་ཟློས་མཛོད། ཨེ་མ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ཉིད་གུས་པས་སྐྱབས་སུ་མཆི༔ ཀུན་བཟང་ཞི་ཁྲོའི་དཀྱིལ་འཁོར་ལྷ༔ དམ་པ་རིགས་བརྒྱའི་ལྷ་ཚོགས་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ གུས་པས་སྐྱབས་སུ་ཉེ་བར་མཆི༔ ཞེས་ལན་གསུམ་གྱིས་སྤྱི་དང་ཁྱད་པར་གྱི་སྐྱབས་འགྲོ་བྱ། སྨོན་པ་དང་འཇུག་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་ཀུན་བཟང་ཞི་ཁྲོ་དགོངས༔ འདི་བཟུང་བླ་མེེད་བྱང་ཆུབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་༔ སྡོམ་པ་ལ་ནི་གནས་པ་ལྟར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བཟུང་བར་བགྱི༔ ཞེས་ལན་གསུམ་གྱིས་སྨོན་འཇུག་གི་སེམས་བསྐྱེད། བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་མ་ལུས་པ་ཀུན་འདུས་པ་རིགས་ལྔའི་དམ་ཚིག་རྣམས་བཟུང་བར་བྱ་སྙམ་པས་འདི་ཡི་རྗེས་ཟློས་མཛོད། བླ་མ་ཀུན་བཟང་ཞི་ཁྲོ་དགོངས༔ བདག་གིས་འདི་བཟུང་བྱང་ཆུབ་བར༔ དཀོན་མཆོག་གསུམ་བཟུང་མི་སྤང་ངོ་༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ ཞེས་ལན་གསུམ་གྱིས་སྔགས་སྡོམ་བླངས་ལ་རིགས་བརྟག་ཕྱིར་མེ་ཏོག་འབུལ་བ་ལ་དང་པོ་དམ་ཡེ་དབྱེར་མེད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་སྒོ་དབྱེ་བ་ནི། ཛཿཧཱུྃ་བྃ་ཧོཿ པྲ་ཝེ་ཤ་ཡ་ཕཊཿ ཅེས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་བར་གྱུར། ཧཱུྃ་ཛཿ ཞེས་རྒྱལ་ཐེབས་ཀྱིས་རྡོ་རྗེའི་དཀྱིལ་འཁོར་ནང་དུ་ཁྲིད། དེ་ནས་དཀྱིལ་འཁོར་གྱི་ཁྱམས་ལ་གནས་པའི་ཕྱག་དང་བཅས་ཏེ་མེ་ཏོག་འབུལ་བར་མོས་ལ་འདི་ཡི་རྗེས་ཟློས་མཛོད། བདག་ཅག་རིག་པའི་མེ་ཏོག་འདི༔ ཡི་དམ་ཞི་ཁྲོའི་ལྷ་ལ་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་འབབ་པར་ཤོག༔ པྲ་ཏིཙྪ་ཧོཿ ཞེས་དོར། གང་ལ་བབས་པའི་ལྷ་དེ་སྤྱན་དྲངས་ནས་ཚེ་འདས་ལ་ཐིམ་པར་བསམ། མེ་ཏོག་མགོ་བོར་བཅིངས་ཤིང༌། ཧཱུྃ་བཛྲ་སཏྭ་ཨཱ་ཝེ་ཤ་ཡ་ཨཱཿ མིག་དབྱེ་བ་ནི། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ རབ་རིབ་ལིང་ཏོག་བསལ་བ་ལྟར༔ དེ་བཞིན་བུ་ཁྱོད་མ་རིག་པའི༔ ལིང་ཏོག་བདག་གིས་བསལ་བར་བྱ༔ བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊཿ ཞེས་གདོང་གཡོགས་དཀྲོལ། མཐོང་བ་བསྟན་པ་ནི། ཧེ་བཛྲ་པཱ་ཤྱ་ཞེས་བསྟན་པས། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་མཐོང་བར་གྱུར་སྙམ་པའི་མོས་པ་མཛོད། དེ་དག་གི་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་སོང་ནས་ཞུགས་པའི་དཀྱིལ་འཁོར་དེར་མངོན་པར་དབང་བསྐུར་བ་ལ། ཐོག་མར་དབང་གི་གཞི་འགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ཚེ་འདས་དེ་ཉིད་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའ། ཐུགས་ཀར་ཞི་བ། སྤྱི་བོར་ཁྲག་འཐུང༌། མགྲིན་པར་རིག་འཛིན་མཁའ་འགྲོ་ཡབ་ཡུམ་དང་བཅས་པ་རྣམས་གསལ་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་རྒྱལ་བ་རྒྱ་མཚོའི་སྐུ་དང་ཡིག་འབྲུ། ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབ་པ་བཞིན་སྤྱན་དྲངས་ཏེ་དབྱེར་མེད་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ། རྩ་སྔགས་མཐར། བཛྲ་ཨ་ཝེ་ཤ་ཡ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བྃ་ཧོཿ ཞེས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དངོས་གཞི་དབང་གི་དོན་དུ་མཎྜལ་ཕུལ། དངོས་གཞི་དབང་ལའང་ཕྱི་ཕན་བྱེད་རིག་པའི་དབང་ལྔ༌། བུམ་དབང་དངོས། ནང་ནུས་པ་འཇུག་པ་ལྷ་སྐུའི་ཕྱག་རྒྱའི་དབང་རྣམས་རིམ་པར་བསྐུར་བ་ཡིན་ཏེ། སློབ་དཔོན་གྱིས་རྣམ་བུམ་སྤྱི་བོར་བཞག་ལ། སྐུ་གསུམ་དམ་ཚིག་ལས་བྱུང་བ༔ ཉོན་མོངས་ཞེ་སྡང་འཇོམས་པ་ཡི༔ ལྷ་ཡི་བདུད་རྩི་དག་པ་འདིས༔ མི་བསྐྱོད་པ་རུ་དབང་བསྐུར་རོ༔ ཧཱུྃ་བཛྲ་དྷརྨཱ་དྷརྟུ་ཛྙ་ན་ཨ་བྷི་ཥིཉྩ་མཾ༔ ཞེས་བུམ་ཆུ་སྤྱི་བོར་བཏེགས་ལ། མི་བསྐྱོད་པའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང༌། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང༌། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས་མི་བསྐྱོད་པ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུར་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་ཚེ་ལས་འདས་པ་ཆེ་གེ་ཁྱོད་ཀྱི་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པར་གནས་འགྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། དབུ་རྒྱན་བཅིང་ཞིང་རྣ་ལྟག་གཡས་སུ་བུམ་ཆུ་བཏེགས་ལ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ༔ ང་རྒྱལ་རྟོག་པ་རྣམ་པར་འཇོམས༔ ཆགས་མེད་སྦྱིན་པའི་དབུ་རྒྱན་འདིས༔ རྫོགས་སངས་རྒྱས་སུ་དབང་བསྐུར་རོ༔ སྭཱ་རཏྣ་ས་མ་ཏི་ཛྙ་ན་རཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩ་མཾ༔ རིན་འབྱུང་གི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང༌། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང༌། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས་རིན་འབྱུང་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུར་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་ཆེ་གེ་ཁྱོད་ཀྱི་ང་རྒྱལ་དག །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་གནས་འགྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། རྡོ་རྗེ་མགོ་ཐོག་དང་ལག་གཡས་པར་གཏད་ཅིང་ལྟག་པར་བུམ་ཆུ་བཏེགས་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་༔ མི་ཕྱེད་རྡོ་རྗེ་གསང་བ་ལས༔ འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་སུ་དབང་བསྐུར་རོ༔ ཨོཾ་པདྨ་པྲ་ཏྱ་བིཀྵ་ཎ་ཛྙ་ན་ཨ་བྷི་ཥིཉྩ་མཾ༔ སྣང་བ་མཐའ་ཡས་ཀྱི་རང་བཞིན་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང༌། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང༌། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུར་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་ཆེ་གེ་ཁྱོད་ཀྱི་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་སུ་གནས་འགྱུར། སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། དྲིལ་བུ་བསིལ་ཞིང་ལག་གཡོན་དུ་གཏད། རྣ་ལྟག་གཡོན་དུ་བུམ་ཆུ་བཏེགས་ལ། ཐབས་དང་ཤེས་རབ་ལྡན་པ་ཡིས༔ འགྲོ་དོན་མཉམ་མེད་དྲིལ་བུ་འདིས༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པར་དབང་བསྐུར་རོ༔ ཧཱ་ཀྲྀ་ཏྱ་ཨ་ནུ་ཏེ་ཛྙཱ་ན་པ་དེ་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཾ༔ དོན་ཡོད་གྲུབ་པའི་རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང༌། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང༌། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས་དོན་ཡོད་གྲུབ་པ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་ཆེ་གེ་ཁྱོད་ཀྱི་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་གནས་འགྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། རྡོར་དྲིལ་སྤྱི་བོར་དཀྲོལ་ཞིང་གསང་མཚན་ཡིད་ལ་བྱ། བུམ་ཆུ་དཔྲལ་བར་བཏེགས་ལ། རྡོ་རྗེ་མིང་གིས་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེའི་མིང་དུ་རབ་ཏུ་གྲགས༔ ཨོཾ་བཛྲ་ཙཀྲ་ཨ་དརྴ་ཛྙ་ན་བཛྲ་ཨ་བྷི་ཥིཉྩ་མཾ༔ རྣམ་པར་སྣང་མཛད་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང༌། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང༌། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས་རྣམ་སྣང་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་ཆེ་གེ་ཁྱོད་ཀྱི་གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གནས་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། དེ་དག་གིས་མ་རིག་པ་ལྔ་སྦྱངས་ནས་རིག་པའི་ཡེ་ཤེས་ལྔ་ཐོབ་པར་བྱེད་པ་ཡིན་པས་རིག་པའི་དབང་ལྔ་ཞེས་གྲགས་སོ། དེ་ནས་བུམ་དབང་དངོས་བསྐུར་བ་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ་ཧོཿ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་ཚེ་འདས་ལ༔ རིགས་འདུས་བདེ་གཤེགས་ཞི་ཁྲོ་ཡི༔ བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་བཏབ་ནས་བུམ་པ་སྤྱི་བོར་འཇོག་ཅིང་བུམ་ཆུ་མྱང༌། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨ་ཨཱཿ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨ་ཨཱཿ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨ་ཨཱཿ ཨཾ་པདྨ་ཨ་བྷི་ཥིཉྩ་ཨ་ཨཱཿ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨ་ཨཱཿ ཞི་ཁྲོ་འདུས་པའི་རང་བཞིན་ཡེ་ཤེས་དྲུག་གི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་གང༌། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང༌། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས་རིགས་འདུས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་ཚེ་ལས་འདས་པ་ཁྱོད་ལ་བུམ་པའི་དབང་བསྐུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་ཡིན་ནོ། དེས་འགྲོ་དོན་བྱེད་པའི་ཕྱིར་ཕྱག་མཚན་གྱི་དབང་འདི་གང་ཟག་ལམ་པ་ལྟ་བུ་ལ་བྱ་ཡི་མི་ནག་སྐྱེ་བོ་སོགས་ལ་མི་དགོས་པས་དབྱེ་བསལ་ཤེས་པར་བྱ་སྟེ། སྤྲོ་ན་ཕྱག་མཚན་གཏད་ལ། ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ འཁོར་ལོ་ལྔ་ལ་དབང་རྫོགས་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཀརྨ་ཁརྒ་ཨ་བྷི་ཥིཉྩ་ཨཱཿ དེས་རིགས་ལྔའི་ཆོས་ཀྱི་འཁོར་ལོ་བསྐོར་བས་སློབ་མ་རྗེས་སུ་འཛིན་པའི་ཕྲིན་ལས་ལ་དབང་འབྱོར་བ་ཡིན་ནོ། ནང་ནུས་པ་འཇུག་པ་ལྷ་སྐུའི་ཕྱག་རྒྱའི་དབང་བསྐུར་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ་ཧོཿ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་ཚེ་འདས་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་ནས། ཚེ་འདས་ཉིད་སེང་གེས་བཏེགས་པའི་ཁྲི་ལ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་བཅས་པའི་རྣམ་པས་འཁོད་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་གཉིས་མེད་དུ་ཐིམ་པར་གྱུར།པའི་མོས་པ་དང་བཅས་སོ་སོའི་ཙཀླི་ཐོགས་ལ། ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ ཡིད་ཆོས་རྣམ་པར་དག་པ་ཡི༔ ཆོས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ དྷརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ རིགས་ལྔ་ཡབ་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་པོ་གནས་དག་ནས༔ ལོངས་སྐུ་རིགས་ལྔའི་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་སྭཱ་ཨཾ་ཧཱཿ སཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ བདེ་གཤེགས་ཡུམ་ལྔའི་དབང་བསྐུར་བས༔ འབྱུང་ལྔ་མ་སྤངས་གནས་དག་ནས༔ རིགས་ལྔ་ཡུམ་ལྔའི་དབང་ཐོབ་ཤོག༔ མུྃ་ལཱྃ་མཱྃ་པཱྃ་ཏཱྃ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤངས་གནས་དག་ནས༔ སེམས་དཔའ་རབ་འབྱམས་དབང་ཐོབ་ཤོག༔ བཱོ་དྷི་སཏྭ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་དག་ནས༔ སེམས་མ་རབ་འབྱམས་དབང་ཐོབ་ཤོག༔ ཨཱཿཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ ཐུབ་ཆེན་དྲུག་གི་དབང་བསྐུར་བས༔ ཉོན་མོངས་དྲུག་པོ་གནས་དག་ནས༔ སྤྲུལ་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ནིརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ སྒོ་བ་བཞི་ཡི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་དག་ནས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཤིནྟཾ་པུཥྚིཾ་ཝ་ཤཾ་མ་ར་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ བཛྲ་གཎྜེ་ཧོཿ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ ཉོན་མོངས་མ་སྤངས་གནས་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་ཏི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤངས་གནས་དག་ནས༔ ཁྲག་འཐུང་ཡབ་ལྔའི་དབང་ཐོབ་ཤོག༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ ཁྲག་འཐུང་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་རང་གྲོལ་ནས༔ ཀྲོ་ཏི་ཡུམ་ལྔའི་དབང་ཐོབ་ཤོག༔ ཀྲོ་ཏི་ཤྭ་རི་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ ཀཽའུ་རཱི་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤངས་གནས་དག་ནས༔ མཁའ་འགྲོ་རབ་འབྱམས་དབང་ཐོབ་ཤོག༔ ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ སེངྷ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་དག་ནས༔ ཕྲ་མེན་རབ་འབྱམས་དབང་ཐོབ་ཤོག༔ ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ ཛཿཧཱུྃ་བྃ་ཧོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་བས༔ ཉོན་མོངས་རྟོག་ཚོགས་གནས་དག་ནས༔ མ་མོ་རབ་འབྱམས་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སོ་སོའི་དབང་བསྐུར་རོ། དེ་ལྟར་ཆེ་གེ་ཁྱོད་ལ་ལུས་སྨིན་པར་བྱེད་པ་བུམ་པ་ལྷ་ཡི་དབང་བསྐུར་བས་འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་དམ་པ་རིགས་བརྒྱའི་ལྷའི་འཁོར་ལོ་རང་རིག་ཡེ་ཤེས་ཀྱི་འཁོར་ལོ་རྣམ་པར་དག་པའོ། དེ་ནས་གཙོ་བོའི་ཇི་ལྟར་བཀའ་སྩལ་པ། སོགས་དམ་ཚིག་ཁས་བླངས་ཞིང་གཏང་རག་གི་མཎྜལ་འབུལ་ལོ། གལ་ཏེ་དབང་བསྐུར་དེ་ཉིད་མི་ལྕོག་པའམ་གྲངས་བསོགས་ལྟ་བུའི་སྐབས་སྤྲོས་པ་ཤིན་ཏུ་བསྡུས་པའི་དབང་བྱས་ན། ཚེ་འདས་ཀྱི་བརྗོད་པར་བསམ་ལ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་མཎྜལ་འབུལ། ཐལ་མོ་སྦྱར་ཏེ། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་འདྲའི་སེམས་ཅན་འཁོར་བར་འཁྱམས༔ ལོག་པའི་ལམ་དུ་ཞུགས་ལགས་པས༔ བདེ་ཆེན་ཐར་པའི་ལམ་བསྟན་འཚལ༔ དཀྱིལ་འཁོར་ཆེན་པོར་གཞུག་ཏུ་གསོལ༔ ཞེས་གསོལ་བ་གདབ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ ཚེ་འདས་བདག་ལ་དགོངས་སུ་གསོལ༔ དཀོན་མཆོག་རྩ་གསུམ་དཀྱིལ་འཁོར་ལྷར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ སོ་སོར་ཐར་པའི་སྡོམ་པ་དང་༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ ཞེས་སྡོམ་པ་བཟུང༌། ཆེ་གེ་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙ་ན་དྷརྟུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བྃ་ཧོཿ ཞེས་ཡེ་ཤེས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་དངོས་གཞིའི་སླད་དུ་ཕྱི་རིན་པོ་ཆེའི་བུམ་པ། ནང་གཞལ་ཡས་ཁང་གི་རྣམ་པར་གནས་པའི་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་སྐད་ཅིག་གིས་གསལ་བའི་རྟེན་དང་བརྟེན་པར་བཅས་པ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས༔ ཚེ་འདས་ཁྱོད་ལ་བབ་པ་ཡིས༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱཿ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ དེ་ལྟར་ཞི་ཁྲོ་རབ་འབྱམས་འདུས་པའི་རང་བཞིན་ཡེ་ཤེས་དྲུག་གི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང༌། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང༌། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས་རིགས་འདུས་རྡོ་རྗེ་སེམས་དཔའི་དབུ་བརྒྱན་པར་གྱུར༔ ཅེས་བརྗོད་ཅིང་བསམ། སུ་པྲ་ཏིཥྛས་མེ་ཏོག་འཐོར་ཞིང་དབང་དོན་གྱི་ཡེ་ཤེས་བསྟིམ་པར་བསམ་ལ་ཤིས་པ་བརྗོད་པས་མངའ་གསོལ་བར་བྱའོ། བདུན་པ་ནི། བཟའ་བཏུང་གི་དངོས་པོ་གཙང་མ་ཆབ་བྲན། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར།པར་བསམ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་སོགས་ཀྱི་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། ཧཱུྃ༔ ང་ནི་དཔལ་ལྡན་རྡོ་རྗེ་སེམས༔ སངས་རྒྱས་ཀུན་དང་མཉམ་སྦྱོར་བས༔ ཡེ་ཤེས་ཆེན་པོའི་འཕྲོ་འདུ་ལས༔ འདོད་པ་ཐམས་ཅད་ཚིམ་བྱེད་པ༔ བཅུད་ཆེན་རོ་མཆོག་བརྒྱ་ལྡན་པའི༔ བཟའ་དང་བཏུང་བའི་ཚོགས་རྣམས་དང་༔ འདོད་དགུ་འབྱོར་པ་རྒྱ་མཚོ་ཡིས༔ ཁྱོད་ཀྱི་རེ་བ་བསྐང་བར་བྱ༔ ཁྱད་པར་བརྩེ་གདུང་གཉེན་རྣམས་ཀྱིས༔ གདུང་བའི་སྐད་ཀྱིས་ཁྱོད་བོས་ནས༔ འདོད་ཡོན་བཟའ་བཅའ་བཏུང་བའི་ཚོགས༔ ཏིང་འཛིན་སྔགས་ཀྱིས་སྦར་ཏེ་བསྔོ༔ དགའ་དང་སྤྲོ་བའི་སེམས་ཀྱིས་ནི༔ ཞེན་པ་མེད་པར་ལོངས་སྤྱོད་ཅིག༔ བཀྲེས་སྐོམ་གདུང་བ་ཀུན་ཞི་ནས༔ འདོད་ཡོན་དཔལ་ལ་སྤྱོད་པར་ཤོག༔ ཅེས་བསྔོས་པས་དེས་ཀྱང་བདག་གིར་བཟུང་ནས་དཀྱིལ་འཁོར་པ་ལ་མཆོད་པར་གྱུར་པའི་མོས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ལ་ས་པཱ་རི་ཝ་ར་མ་ཧཱ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཅེས་བརྗོད་ཅིང་རོལ་མོ་བྱ། སླར་ཡང་ཚེ་འདས་ཀྱི་དོན། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ༔ ལོངས་སྤྱོད་ཟད་པ་མེད་པ་དང་༔ རྩོད་པ་མེད་ཅིང་འཚེ་མེད་པར༔ རང་དབང་དུ་ནི་སྤྱོད་པར་ཤོག༔ ཅེས་སྨོན་ལམ་གདབ༔ བརྒྱད་པ་ནི། འདི་ནས་ཤར་ལྷོ་ནུབ་བྱང་དང་༔ དབུས་ཀྱི་ཕྱོགས་ཀྱི་འཇིག་རྟེན་ན༔ བདེ་གཤེགས་རིགས་ལྔའི་ཞིང་ཁམས་ཡོད༔ ཐམས་ཅད་འབྱུང་ལྔའི་རང་བཞིན་ཏེ༔ འབྱུང་ལྔ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་འབྱུང་ཆེན་ཏེ༔ འབྱུང་བའི་སྙིང་པོ་མི་འགྱུར་བའི༔ ཡི་གེ་ལྔ་རུ་རྣམ་པར་དག༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང་༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ ཞིང་མཆོག་ལྔ་རུ་སྐྱེས་གྱུར་ཏེ༔ ཡུམ་ཆེན་ལྔ་དང་གཉིས་མེད་ཤོག༔ ཅེས་བརྗོད་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་མཐུ་དང་ལྡན་པར་བསམ། དགུ་པ་ནི། སེམས་དཔའ་ལྔ་ཡི་སྐུ་མེ་ལོང་ལ་ཤར་བ་བསྟན་ཅིང༌། ཀྱཻ་མ༔ མུན་པ་ལྟ་བུའི་འཇིག་རྟེན་ཁམས་སུ་འཁྱམས༔ སྡུག་བསྔལ་ཉམ་ཐག་འོ་དོད་འབོད་པ་ཁྱོད༔ རྒྱལ་སྲས་ཐུགས་རྗེ་ཅན་གྱིས་སྐྱོབ་པར་ཤོག༔ ཡེ་ཤེས་ལྔ་ཡི་ངང་ལས་སྐུར་སྤྲུལ་པ༔ རྒྱལ་སྲས་ས་སྙིང་ནམ་སྙིང་སྤྱན་རས་གཟིགས༔ ཕྱག་རྡོར་སྒྲིབ་པ་རྣམ་སེལ་ཐུགས་རྗེ་ཡིས༔ ཚེ་འདས་སྒོ་ལྔའི་དབང་པོའི་ནད་བསལ་ནས༔ ཟག་མེད་ཡུམ་ལྔའི་བདེ་ལ་སྤྱོད་པར་ཤོག༔ སྔོན་ཚེ་གོང་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱབས༔ རྒྱལ་སྲས་བྱང་ཆུབ་སེམས་དཔའ་ལྔ་༔ ལྷ་མཆོག་རྣམས་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ ཅེས་བརྗོད་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་མཐུ་དང་ལྡན་པར་བསམ། བཅུ་པ་ལམ་བསྟན་པ་དང་གནས་སྤར་བ་གཉིས་ལས། དང་པོ་སྣང་གསལ་གྱི་མཚོན་པར་བྱས་ལ། ཧཱུྃ༔ རང་བཞིན་ཤུགས་ཀྱིས་དྲངས་བའི་དྲན་པས་ཉོན༔ འཁོར་བའི་རྦ་རླབས་མུན་ལྟར་འཁྱམས་པ་ལ༔ ཐུགས་རྗེའི་ཤུགས་ཀྱི་སྒྲོན་མེ་འདི་བསྟན་པས༔ ཡེ་ཤེས་འོད་ལ་རྟག་ཏུ་བདེ་བར་ཤོག༔ ཅེས་དང༌། འདི་ནས་ཤར་ལྷོ་ནུབ་བྱང་དང་༔ དབུས་ཀྱི་ཕྱོགས་ཀྱི་འཇིག་རྟེན་ན༔ མངོན་དགའ་ལ་སོགས་ཞིང་ཁམས་སུ༔ རྫོགས་པའི་སངས་རྒྱས་རིགས་མཆོག་ལྔ་༔ གང་ཞིག་དེ་ཡི་མཚན་འཛིན་པ༔ ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔ ཞིང་མཆོག་དེ་རུ་སྐྱེས་གྱུར་ནས༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ ཕུང་པོ་ལྔ་པོ་ཡོན་དུ་འབུལ༔ ཡོན་འདི་བཞེས་ལ་ལམ་འདི་སྟོན༔ སེམས་འདི་བྱང་ཆུབ་གནས་སུ་དྲོངས༔ གཉིས་པ་གནས་སྤར་བ་ནི༔ ཐབས་ཤེས་ཟུང་འབྲེལ་མདའ་གཞུའི་འཕྲུལ་འཁོར་གྱིས་མཚོན་ཏེ། ཧཱུྃ༔ ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་སྟེ༔ ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱི་རྒྱུད་དང་ལྡན༔ བླ་ན་མེད་པའི་ཞིང་མཆོག་དམ་པ་རུ༔ ཚེ་འདས་མདའ་འཕང་བཞིན་དུ་སྐྱེ་བར་ཤོག༔ ཅེས་དང༌། ཞིང་ཁམས་འདི་ནས་དབུས་ཀྱི་ཕྱོགས་རོལ་ན༔ འོག་མིན་ཆོས་དབྱིངས་ཕོ་བྲང་ཞེས་བྱ་ཡོད༔ དེ་ན་སངས་རྒྱས་ཀུན་གྱི་སྤྱི་མྱེས་ནི༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་བཞུགས༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ༔ ཆོས་ཉིད་ཀུན་ཏུ་བཟང་མོ་ཞེས་བྱ་ཡོད༔ རྒྱལ་བའི་སྲས་མཆོག་རྡོ་རྗེ་སེམས་དཔའ་བཞུགས༔ ཡུམ་ཆེན་ནམ་མཁའི་དབྱིངས་ཕྱུག་ཅེས་བྱ་ཡོད༔ རིགས་བཞི་ཡབ་ཡུམ་གཙོ་འཁོར་གྲངས་མེད་ཡོད༔ སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད༔ ཡ་མཚན་བཀོད་པ་བསམ་གྱིས་མི་ཁྱབ་ཡོད༔ དེ་ཕྱིར་མིང་ནི་སྡུག་པོ་བཀོད་པའི་ཞིང་༔ ཞིང་མཆོག་གཙང་མའི་གནས་རབ་དམ་པ་དེར༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕང་བཞིན་དུ་སྐྱེ་བར་ཤོག༔ ཕཊཿ ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཡི་གེ་ཧཱུྃ་མཐིང་ནག་གཅིག་ཏུ་གྱུར་ཏེ་རྩལ་པོ་ཆེས་མདའ་འཕངས་པ་བཞིན་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པས་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་ནས། སླར་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར་ཅིག །ཅེས་དངོས་སུ་ཁྱབ་བྱེད་ཀྱི་ཞིང་འོག་མིན་སྡུག་པོ་བཀོད་པར་གནས་སྤར་ནས་ཞོར་ལ་ཁྱབ་བྱ་ཕྱོགས་བཞིའི་དེ་བཞིན་གཤེགས་པ་བཞིའི་ཞིང་ཁམས་སམ་རིགས་ཀྱི་གཙོ་བོ་རྣམས་ཀྱི་སྤྱན་སྔར་སོན་ནས་ཞལ་མཐོང༌། དབང་བསྐུར། ལུང་བསྟན། དབུགས་དབྱུང་སྟེ། དབུས་རྡོ་རྗེ་སེམས་དཔའི་སྲས་སུ་མངོན་པར་བྱང་ཆུབ་པའི་སོ་སོའི་བརྙེས་པར་བསམ་ལ་སྨོན་ལམ་ཇི་ལྟར་རིགས་པ་གདབ། བཅུ་གཅིག་པ་ནི། ཨོཾ་ཨཱཿཧཱུྃ་བཱོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙ་ན་དྷརྟུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཅེས་བརྗོད་པས། མར་མེའི་དབུས་སུ་སྐད་ཅིག་གིས་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པའི་མེ་ལྷ་ཀུན་བཟང་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་བསམ་ལ། ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ རྣམ་ཤེས་ཚོགས་བརྒྱད་ཐབ་ཁུང་དུ༔ ཕུང་པོ་ལྔ་ཡི་བུད་ཤིང་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་བས༔ ཉོན་མོངས་རྒྱ་མཚོ་སྐེམ་པར་ཤོག༔ བདག་ཏུ་འཛིན་པའི་ཕུང་པོ་ལ༔ སྟོང་པ་ཉིད་ཀྱི་མེ་སྦར་བས༔ གནས་ལུགས་ཇི་བཞིན་རྟོགས་པར་ཤོག༔ དུག་གསུམ་འདུས་པའི་ཕུང་པོ་ལ༔ སྐུ་གསུང་ཐུགས་ཀྱི་མེ་སྦར་བས༔ སྐུ་གསུམ་ལྷུན་གྱིས་འགྲུབ་པར་ཤོག༔ དུག་ལྔ་འདུས་པའི་ཕུང་པོ་ལ༔ རྒྱལ་བ་རིགས་ལྔའི་མེ་སྦར་བས༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ འབྱུང་བཞི་འདུས་པའི་ཕུང་པོ་ལ༔ ཡུམ་ཆེན་བཞི་ཡིས་མེ་སྦར་བས༔ ཚད་མེད་བཞི་དང་ལྡན་ནས་ཀྱང་༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ནས༔ འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག༔ ཅེས་དང༌། ཡི་གེ་བརྒྱ་པ་དང་མི་འཁྲུགས་པའི་གཟུངས་སོགས་བཟླ་བཞིན་པས་བསྲེགས། །ཐལ་བ་སྔགས་བཟླ་བཞིན་བུམ་ཆུས་བྲན་ལ་དྲི་ཞིམ་པའི་འཇིམ་པ་དང་སྦྱར་ནས་སཙྪ་གདབ། རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་པར་བྱའོ། དེའང་འདི་ལྟ་བུའི་གནས་ལུང་ཀྱི་ཆོ་གས་ལམ་དང་འབྲས་བུ་ཡོངས་སུ་རྫོགས་པར་མཚོན་པ་ཡིན་ཏེ། རིགས་དྲུག་གི་གནས་ནས་དྲངས་པ་ཡན་གྱིས་ཚོགས་ལམ་དང༌། དབང་བསྐུར་བས་མཐོང་ལམ། སྨོན་ལམ་གདབ་པ་དང་དབང་པོའི་སྒྲིབ་པ་བསལ་སྦྱོང་མན་གྱིས་མཐུ་ཐོབ་པས་བསྒོམ་ལམ། ལམ་བསྟན་པས་མི་སློབ་པའི་ལམ། གནས་སྤར་ཞིང་བྱང་བུ་བསྲེགས་པས་མི་གནས་པའི་མྱ་ངན་འདས་པའི་འབྲས་བུ། སཙྪ་གདབ་པས་སླར་ཡང་མཛད་པ་རྒྱུན་མི་འཆད་པར་བརྩོན་པར་བྱེད་པའོ། འདི་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུང་བཀླག་པས་གྲུབ་པ་བཞུགས་ནའང་ཆོ་ག་བསྡུས་པའི་དབང་དུ་བྱས་ནས་རྡོ་རྗེའི་གསུངས་སྙིང་པོར་དྲིལ་ནས་སྐབས་སུ་བབ་པའི་རྣམ་བཞག་དང་མཚམས་སྦྱོར་ཅུང་ཟད་ཀྱིས་བརྒྱན་ཏེ་བཀོད་པ་ཡིན་ནོ། ཅེས་པ་འདི་ལོ་ཆེན་ཆོག་བསྒྲིགས་ཞི་ཁྲོ་སྡིག་སྒྲིབ་རྣམ་པར་སྦྱོང་བ་ནས་ཁོལ་དུ་ཕྱུངས་པ་ཡིན་ནོ།