གནས་རྙིང་དགོན།

ཡོང་ཁུངས་Wikipedia

མཚན་རྒྱས་པར། མྱང་སྟོད་གནས་རྙིང་ཆོས་སྡེ་དགོན་ནམ། མྱང་རྩིས་ཀྱི་ལྷ་ཁང་། སྐྱེགས་ཀྱི་ལྷ་ཁང་སོགས་མཚན་གྱི་རྣམ་གྲངས་མང་། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ནས་ཤར་ལྷོའི་མཚམས་སྣུམ་ནག་འཁོར་ལམ་བརྒྱུད་དེ་སྤྱི་ལེ་༡༠ཙམ་སོང་ན་ཁང་དམར་རྫོང་སྣེར་དགོན་དེ་མཇལ་བ་ཡིན། དགོན་དེ་ནི་ཐོག་མར་གུ་རུ་རིན་པོ་ཆེའི་དངོས་སློབ། ཁྲི་སྲོང་ལྡེ་བཙན་གྱི་ཆོས་གནས། མངའ་བདག་ཁྲི་རལ་གྱི་རྩ་བའི་བླ་མ་རྒྱ་འཇམ་དཔལ་གསང་བ་ཞུ་བས། ཕྱག་འདེབས་གནང་མཛད། དེའི་སྲས་བདུད་འཇོམ་དང་། དེའི་སྲས་ཕུར་པ་འཕེལ་ལ་སོགས་པས་དགོན་དེ་བསྐྱབས། མྱང་རྩིས་ཀི་ལྷ་ཁང་ཞུ་བ་ནི་མཐའ་འདུལ་གྱི་གཙུག་ལག་ཁང་རྣམས་བཞེངས་གྲུབ་རྗེས་ཚང་རྩིས་བསྐྱོན་ས་ཡིན་ཞེས་དང་། སྐྱེགས་ཅེས་པ་ནི་ལུང་པའི་མིང་། དགོན་དེར་ཐོག་མར་ལྔ་རྩེག་ལི་མ་ལྷ་ཁང་དང་དབུ་རྩེ་ལྷ་ཁང་ཞེས་བསྐྲུན་གནང་མཛད། ཇོ་བོ་རྗེ་གནས་དེར་གདན་འདྲེན་པར་བྱེད་པ་ན། ང་འོང་མི་དགོས་རབ་གནས་བྱས་པས་ཆོག་ཅེས་གསུངས་ཏེ་དུས་བཀག་ལྟར་དེ་ཉིན་ལྷ་ཁང་རྣམས་ལ་མེ་ཏོག་དང་མཆོག་འབུ་བབས་པ་ཀུན་གྱིས་མཐོང་། གནས་རྙིང་ཞེས་པའང་ཇོ་བོ་རྗེས་བཏགས་གནང་བ་ཡིན་ཞེས་གསུངས། དེ་རྗེས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་དུས་རྗེ་ཙོང་ཁ་པ་གནས་རྙིང་དུ་གྲྭ་སྐོར་མཛད་ཅིང་རྒྱལ་ཚབ་དར་མ་རིན་ཆེན་གྱི་གཞིས་དགོན་མཛད། མཁས་གྲུབ་དགེ་ལེགས་དཔལ་བཟང་ཡང་གདན་འདྲེན་པ་ལྟར་ཕེབས་པ་བཅས་རྗེས་སུ་དགེ་ལྡན་ཕྱག་བཞེས་མཛད་པར་གྱུར། སྔོན་འདུ་ཁང་ཆེན་མོའི་རྟེན་གཙོར་གསེར་ཟངས་དང་ལི་མ་ལ་སོགས་པའི་བླ་མ་རིམ་བྱོན་གྱི་ཐུགས་དམ་གྱི་རྟེན་བཞུགས་པ། གཙང་ཁང་སྦུག་ཏུ་སྐུ་རྒྱུ་ཨར་ཀ་ལས་གྲུབ་པའི་རྒྱ་འཇམ་དཔལ་གསང་བས་བཞེངས་གནང་བའི་ཐུབ་པ་ཉན་ཐོས་གཙོ་འཁོར་གསུམ། གཡས་གཡོན་དུ་བྱམས་འཇམ་དབྱངས། མཐར་འཁོར་དུ་གདུང་རྟེན་ཁག་བཅས་བཞུགས། གཙང་ཁང་ཤར་བླ་མ་ལྷ་ཁང་དུ་རྒྱ་འཇམ་དཔལ་གསང་བ་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་བཞུགས་པའི་འདྲ་སྐུ། རྒྱ་འཇམ་གསང་གི་གདུང་རྒྱུད་ནང་སྐུ་ཚེའི་གྲངས་དང་མཉམ་པའི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རིམ་པར་བྱོན་པ་ལས། དགའ་ལྡན་ཁྲི་པ་ཁོ་ན་བཞི་བཅུ་ཞེ་བཞི་ཙམ་བྱུང་བ་ལ་སོགས་པའི་འདྲ་སྐུ། གཞན་ཡང་རྒྱལ་རྩེ་དང་པ་སྣམ་སོགས་བསྐུལ་ཏེ་དུས་འགོར་ལོ་གསུམ་ནང་ལྷ་ཁང་དང་ལྕགས་རི་སོགས་བསྐྲུན་ཏེ་དགེ་འདུན་རྣམས་ལྕགས་རིའི་སྟེང་ནས་ཞབས་སྐོར་ལ་ཕེབས་ཆོག་པ་ཡོད། ཐོག་མར་ཚོགས་ཆེན་གཅིག་དང་གྲྭ་ཚང་བཞི་ཡོད་པ་ནི་ནག་པོ་ཤར་གྲྭ་ཚང་དང་། སྐྱིད་ཚལ་གྲྭ་ཚང་། སེ་ར་གྲྭ་ཚང་། ཟུར་མཁར་གྲྭ་ཚང་བཅས་ཡོད། སེ་ར་ཀུན་མཁྱེན་པའང་སེ་ར་གྲྭ་ཚང་དུ་དབྱར་དུས་གཅིག་བཞུགས་པ་བཅས་སོ། འོན་ཀྱང་ལི་མ་ལྷ་ཁང་སོགས་༡༩༠༤ལོར་དབྱིན་དམག་གིས་མེར་བསྲེགས། ད་ལྟའི་འདུ་ཁང་ཆེན་མོ་ཀ་རིང་༤དང་ཀ་ཐུང་༢༦ཅན་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་དུས་གསར་བཞེངས་གནང་བ་བཅས།

དགོན་དེར་ལོ་ལྟར་བོད་ཟླ་༤ཚེས་༡༥∕ ༡༦སོ་སོར་གནས་རྙིང་གཟུངས་སྒྲུབ་ཅེས་སྤྱན་རས་གཟིགས་དོན་ཡོད་ཞགས་པ་དང་། གསང་འདུས། འཇིགས་བྱེད། ཁྱད་པར་དུ་སྒྲུབ་ཐོབ་དར་འཕྱར་ནས་བརྒྱུད་པའི་རྟ་མགྲིན་ཡང་གསང་གི་སྒོ་ནས་གཟུངས་སྒྲུབ་སོགས་མཛད་པ་དང་། ཚེས་༡༧ཉིན་རྟ་མགྲིན་གྱི་ལིང་ཀའི་བསྒྲལ་ཆོག་དང་འབྲེལ་གར་འཆམ་སོགས་བསྐྱོན་སྲོལ་ཡོད།

ད་ལྟ་ཚོགས་ཆེན་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། དགོན་དེའི་བླ་མ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་གོང་མའི་དབུ་བླ་གནང་སྐབས་ཕུལ་བའི་སྟོན་པ་ཆབ་བསིལ་མ་ཞེས་པའི་སྐུ་ཐང་སོགས་དང་། སེ་ར་གྲྭ་ཚང་དུ་རྟ་མགྲིན་གསར་བཞེངས་གནང་བ། ལྷ་ཁང་དབུ་རྩེ་ཉམས་གསོ་གནང་བ་སོགས་མཇལ་རྒྱ་ཡོད།

ཡང་དགོན་དེ་དང་ཅུང་ཉེ་བའི་དྲ་མ་དྲེལ་རྡོག་ཅེས་པར་རུ་ལག་གཡུང་དྲུང་གླིང་ཐོག་མར་གནས་དེར་ཆགས་ཞེས་ཀྱང་གསུང་སྲོལ་ཡོད།