Jump to content

གནས་བཅུ་རྒྱ་ནག་མ་

ཡོང་ཁུངས་Wikipedia

ཐོག་མར་གནས་བཅུ་རྒྱ་ནག་མའི་ཡུལ་དུས་ནམ་ཙམ་བོད་དུ་བྱུང་བ།

དུས་རབས་ཀྱི་སྲིད་འགྱུར་ཁྲོད་བོད་ཀྱི་ས་གནས་གང་དུ་གདན་འདྲེན་ཞུས་པ། མཐར་དགོན་སྡེ་གང་དུ་བཞུགས་པ་བཅས་བརྗོད་པར་བྱའོ། །དེའང《དུང་དཀར་ཚིག་མཛོད》ལས། “གནས་བཅུ་ལྷ་ཁང་དུ། ཐུབ་པའི་དབང་པོ་གཙོ་འཁོར་གསུམ་བྱང་ཆུབ་ཤིང་ལས་གྲུབ་ཅིང་། གཞན་རྣམས་ཙན་དན་དཀར་པོ་ལས་གྲུབ་པ་འདི་རྣམས་སྔོན་རྒྱ་ནག་ཏུ་གནས་བརྟན་བཅུ་དྲུག་སྤྱན་དྲངས་ཏེ་དབྱར་གསུམ་ཞལ་གྱིས་བཞེས་ནས་དགག་དབྱེ་མཛད་དེ་རང་གནས་སུ་གཤེགས་ཁར་དད་པའི་རྟེན་དུ་སོ་སོ་ནས་རང་རང་གི་འདྲ་འབག་རེ་ཕྱག་བཟོ་མཛད་ནས་གནང་བ་གོང་མས་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཕུལ་བ་རིམ་གྱིས་རྒྱལ་བ་ཀརྨ་པའི་ཐུགས་དམ་རྟེན་དུ་ཀོང་པོ་རྩེ་ལྷ་སྒང་དུ་བཞུགས་པ་ནས་རྒྱལ་དབང་ལྔ་པ་ཆེན་པོའི་ཐུགས་དམ་རྟེན་དུ་སྤྱན་དྲངས་ཏེ་འདིར་བཞུགས་པ་ཡིན།” ཞེས་སྨོས་པ་ལས་འཕྲོས་ནས་གནས་བཅུ་རྒྱ་ནག་མའི་དངོས་བྱུང་གི་ལོ་རྒྱུས་བོད་ཀྱི་གནའ་དཔེའི་ཡིག་ཚངས་དུ་མ་ལས་འབྱུང་བ་བཞིན་སྨོས་ན། དང་པོ། གནས་བརྟན་བཅུ་དྲུག་གི་འདྲ་སྐུ་རྒྱ་ནག་མ་ནི། ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་དང་འབྲེལ་བ་ཡོད་པས། ཀརྨ་པ་མིང་གོང་མའི་ཡུང་ལོའི་དབུ་བླར་བཀུར་ཞིང་གོང་དུ་གདན་དྲངས་ནས། གོང་མར་དབང་ཆོས་སྩལ་བ་སོགས་མཛད་རིམ་རྣམས་གནང་གྲུབ་ནས་ཕྱིར་བོད་དུ་ཕེབས་རྗེས་ཁོང་ལ་གོང་མས་དངོས་འབུལ་ལན་གསུམ་བྱུང་བའི་རྗེས་མའི་ཁོངས་སུ་ཕུལ་བར་རྣམ་ཐར་ཁག་ཏུ་གསལ།

དེའང་མིང་གོང་མ་དང་ཀརྨ་པ་དང་ཐོག་འབྲེལ་བ་བྱུང་བའི་སྐོར་ནི། ཀརྨ་པ་དེ་བཞིན་གཤེགས་པ་མིང་གོང་མ་ཡུང་ལོས་གདན་འདྲེན་སྔ་ཕྱི་འབྱོར་བ་ལ་བརྟེན་ནས། ཤིང་བྱ་སྤྱི་ལོ་༡༤༠༥ལོའི་ཟླ་བ་བཞི་པའི་ནང་མཚུར་ཕུ་ནས་ཕེབས་ཐོན་གནང་སྟེ། བོད་ཀྱི་བྱང་ལམ་ནས། ཁམས་དང་མདོ་སྨད་སོགས་རིམ་པར་བརྒྱུད་དེ། མེ་ཕག་སྤྱི་ལོ་༡༤༠༧ལོའི་ཟླ་བ་དང་པོའི་ཉི་ཤུ་གཅིག་ལ་ནན་ཅིན་དུ་ཕེབས་ཤིང་། མིང་གོང་མ་ཡུང་ལོ་དང་མཇལ་འཕྲད་གནང་སྟེ་གོང་མའི་དགོངས་བཞེད་ལྟར་ཆོས་ལུགས་ཀྱི་ཆོ་ག་དང་བཀའ་ཆོས་དུ་མ་གནང་ནས་ཐུགས་བཞེད་མ་ལུས་པ་ཡོངས་སུ་བསྐང་བར་མཛད། གོང་མ་ཡུང་ལོས། “རྗེ་དེ་བཞིན་གཤེགས་པ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ་ནུབ་ཕྱོགས་ཀྱི་བྱམས་པ་ཆེན་པོ་ཞི་བ་དབང་ཕྱུག་གི་སངས་རྒྱས།” ཞེས་པའི་མཚན་གསོལ། གསེར་སྲང་བརྒྱ་ལས་བརྡུངས་པའི་འཇའ་ས་དང་། ཤེལ་གྱི་ཕྱག་ཐམ་ཡིད་བཞིན་ནོར་བུ་རྣམས་ཕུལ། ས་བྱི་སྤྱི་ལོ་(༡༤༠༨)ལོར་བོད་དུ་ཕྱིར་ཆིབས་བསྒྱུར་གནང་སྟེ། ལྕགས་ཡོས་སྤྱི་ལོ་(༡༤༡༡)ལོ་དགུང་ལོ་ཉེར་བརྒྱད་པར་ལྷ་སར་ཕྱག་ཕེབས།

ཆུ་སྦྲུལ་སྤྱི་ལོ་༡༤༡༣ལོར་ཀརྨ་པ་དེ་བཞིན་གཤེགས་པ་ལྷ་སར་ཞབས་སོར་འཁོད་ཐོག་རྒྱ་ནག་མིང་གོང་མ་ཡུང་ལོས། བཀའ་འགྱུར་གྱི་པར་ཕུད་གན་ཤོག་དཀར་པོ་ལ་མཚལ་གྱིས་བཏབ་པ་ན་བཟའ་གླེགས་ཤིང་གླེགས་ཐག་དང་བཅས་པ་པོ་ཏི་བརྒྱ་དང་དྲུག་ཅན་དང་། སྟོན་པ་ཤཱཀྱ་ཐུབ། གནས་བརྟན་བཅུ་དྲུག །རྒྱལ་ཆེན་བཞི། ཧྭ་ཤང་དང་བཅས་པའི་འདྲ་སྐུ་རྒྱུ་ཙནྡན་དང་ཨ་ག་རུ་ལས་གྲུབ་པ་རྒྱ་ནག་ལུགས་ཀྱི་བཟོ་བཀོད་ཕུལ་བྱུང་སྒྲོས་གཙང་ཅན་རིན་པོ་ཆེ་དུ་མའི་རྒྱན་དང་འཕྲའི་རིགས་བློའི་མི་དཔོག་པ་བསམ་ཡུལ་ལས་འདས་པ་བཞུགས་གནས་སྒམ་དང་བཅས་པ། གདན་ས་མཚུར་ཕུའི་གསེར་ཐོག་རྒྱུ་ཟངས་དང་རྫའི་གྱོ་མོ། གོས་དར་དང་ཇའི་རིགས་མི་འདྲ་བ་དུ་མ་སོགས་འབུལ་བ་རྒྱ་ཆེ་ཞིང་དཔངས་མཐོ་བ། བྲག་ལྷ་ཀླུ་ཕུག་གི་མདུན་དུ་གྲལ་དུ་བསྟར་ནས། གོང་མའི་སྐུ་ཚབ་རྣམས་ཀྱིས་ཀརྨ་པ་མཆོག་ལ་ཕུལ། འདིའི་སྐོར་ཀརྨ་པ་དེ་བཞིན་གཤེགས་པའི་རྣམ་ཐར་ཡིག་ཚངས་རྙིང་པ་དུ་མ་ལས་འབྱུང་ཞིང་། དེ་དག་ལས་ཅུང་ཟད་ཞིབ་ཕྲར་འཁོད་པ་ཞྭ་དམར་བཞི་པ་ཆོས་ཀྱི་གྲགས་པའི་གསུང་། 《ཆོས་རྗེ་འཇིག་རྟེན་དབང་པོའི་སྐྱེས་རབས་དགེ་ལེགས་ཡོངས་སུ་སྨིན་པའི་སྙེ་མ》ལས། “གོང་ནས་ཏའི་ཞིང་གསེར་ཡིག་པས་བཀའ་འགྱུར་གྱི་པར་གན་ཤོག་དཀར་པོ་ལ་མཚལ་གྱིས་བཏབ་པ་ན་བཟའ་གླེགས་ཤིང་གླེགས་ཐག་ཡ་མཚན་ཆེ་བ་པོ་ཏི་བརྒྱ་དང་དྲུག །ཐུབ་དབང་གནས་བརྟན་བཅུ་དྲུག་ཙན་དན་དང་ཨ་ག་རུ་ལས་གྲུབ་པ་བཟོ་བཀོད་རིན་པོ་ཆེའི་རྒྱན་བསམ་ལས་འདས་པའི་སྒམ་དང་བཅས་པ། ན་བཟའ་ཆ་ཚང་། གསེར་ཐོག་རྒྱུ་ཟངས་ཀྱི་གྱོ་མོ་མང་པོ། གོས་དར་ཇ་སོགས་འབུལ་བ་སྟོབས་ཆེ་བ། བྲག་ལྷ་ཀླུ་ཕུག་གི་མདུན་དུ་ཕུལ།” ཞེས་ཀརྨ་པ་དེ་བཞིན་གཤེགས་པའི་རྣམ་ཐར་གནའ་དཔེ་དུ་མ་མཇལ་བའི་ནང་ནས་ཞྭ་དམར་བཞི་པས་མཛད་པའི་རྣམ་ཐར་སྤྱི་ཡོངས་ནས་ཞིབ་ཕྲ་དང་། ཁྱད་པར་གོང་མས་དངོས་འབུལ་རྗེས་མ་ཕུལ་བའི་སྐོར་ཞིབ་གསལ་འཁོད་པས་སོ། །

གཞན་ཡང་རྒྱལ་དབང་ལྔ་པའི་ཞལ་སློབ་མཚུར་ཕུ་པ་འཇམ་དབྱངས་དོན་འོད་ཟེར་གྱི་གསུང་། 《ཆོས་ཀྱི་རྗེ་དེ་བཞིན་གཤེགས་པའི་རྣམ་པར་ཐར་པ་དཔག་བསམ་འདབ་མ་བདུན་པ》ལས། “ལྷ་སར་ཕེབས་ཏེ་གོང་ནས་མངགས་པའི་འབུལ་བ་རྣམས་བཞེས་ཏེ་གདུལ་བྱ་སྨིན་གྲོལ་ལ་བཀོད་དོ། །”ཞེས་སྨོས་པས། རྣམ་ཐར་འདིར་རྒྱལ་དབང་རིན་པོ་ཆེ་ལྷ་སར་ཕེབས་གྲུབ་མཚམས་མིང་གོང་མས་འབུལ་བ་འབྱོར་བ་གསལ་བ་ཙམ་ལས་དངོས་ཟོག་ཅི་ཡོད་དམིགས་གསལ་སྨོས་མེད། འོན་ཀྱང་གོང་མས་འབུལ་བ་དང་ཕོ་ཉ་མངགས་འབྱོར་བྱུང་བ་གསལ་བས་སོ། །

རྒྱལ་དབང་མཆོག་གི་དངོས་སློབ་དྲུང་རྨ་སེ་བློ་གྲོས་རིན་ཆེན་གྱི་གསུང་། 《དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་ཡེ་ཤེས་རོལ་པ་མཐའ་ཡས་དཔལ་ཀྱི་ཕྲེང་བ》ལས། “དེ་ནས་གོང་མ་རིན་པོ་ཆེའི་མཆོད་འབུལ་བྱུང་ནས་ལྷ་ས་ན་ཕྱག་ཕེབས་ཏེ་བཀའ་བརྒྱུད་གསེར་ཐོག་མཆོད་སྤྲིན་དཔག་ཏུ་མེད་པས་མཆོད་པའི་དུས་སུ་རྒྱ་དཀར་ནག་བལ་པོ་ལ་སོགས་སྟོད་སྨད་ཀྱི་ལྷ་སྡེ་མི་སྡེ་དཔག་ཏུ་མེད་པ་གང་ལ་གང་འདུལ་གྱི་ཆོས་ཀྱི་ཚིམ་པར་མཛད་དོ། །”ཞེས་གསུངས་པས། རྣམ་ཐར་འདིར་འཁོད་ལྟར་ན། ཆུ་སྦྲུལ་སྤྱི་ལོ་༡༤༡༣ལོར་མིང་གོང་མས་འབུལ་བ་བྱུང་རྗེས་ལྷ་ས་ནས་ཕེབས་ཐོན་གནང་སྟེ། གདན་ས་མཚུར་ཕུའི་གཙུག་ལག་ཁང་ལ་གསེར་ཐོག་སྒྲོན་པར་མ་ཟད་གཞན་ཡང་མཆོད་པའི་ཡོད་བྱད་མང་པོའི་མཆོད་པ་བསམ་གྱིས་མི་ཁྱབ་པ་འབུལ་བའི་མཛད་རིམ་གནང་སྐབས་རྒྱ་གར་དང་། རྒྱ་ནག །བལ་པོ། བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་སེར་སྐྱ་བགྲང་བ་ལས་འདས་པ་འདུས་པ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་བཀའ་དྲིན་བསྐྱངས་པས་ཐམས་ཅད་ཡིད་སེམས་ཚིམ་པར་གྱུར་ཚུལ་སྨོས་ཤིང་། ལྷ་སར་གོང་མའི་འབུལ་བའི་གྲལ་དུ་གསེར་ཐོག་ཡོད་པར་ཤེས་ཐུབ་བོ། །

གཉིས་པ། ཀོང་པོ་རྩེ་ལྷ་སྒང་དུ་གདན་འདྲེན་ཞུས་ཚུལ།

གནས་བཅུ་རྒྱ་ནག་མ་ནི། ཐོག་མར་མིང་གོང་མ་ཡུང་ལོའི་ཀརྨ་པ་དེ་བཞིན་གཤེགས་པ་ལ་ཆུ་སྦྲུལ་སྤྱི་ལོ་༡༤༡༣ལོར་ཕུལ་ཞིང་། གདན་ས་ཆེན་པོ་མཚུར་ཕུར་བཞུགས་སུ་གསོལ་བ་གོང་སྨོས་ལྟར་ལ། ཆུ་བྱ་སྤྱི་ལོ་༡༤༥༣ལོ་ཟླ་བ་དང་པོའི་ཚེས་བརྒྱད་ཉིན་ཀརྨ་པ་མཐོང་བ་དོན་ལྡན་མྱ་ངན་ལས་འདས་ཤིང་། ལོ་དེའི་སྨད་དམ། ཤིང་ཁྱི་སྤྱི་ལོ་༡༤༥༤ལོའི་ནང་གང་རུང་ལ་གོ་ཤྲི་དཔལ་འབྱོར་དོན་གྱིས་ཀོང་པོ་རྩེ་ལྷ་སྒང་དུ་གདན་དྲངས་པར་མཛད། དེའང《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “རྗེ་མཐོང་བ་དོན་ལྡན་མྱ་ངན་ལས་འདས་རྗེས་གོའི་ཤྲི་ཆེན་པོ་དཔལ་འབྱོར་དོན་གྲུབ་ཀྱིས་དགོངས་རྫོགས་སུ་གསེར་ཐོག་གི་བྱ་འདབ་ཆུང་བ་གཉིས་བསྐྱོན་པར་ཕེབས་ཚེ་འདི་ངེད་ལ་གནོད་པས་རེ་ཞིག་ཞོག་གསུངས་ཀྱང་མ་གསན། མཛོད་ནག་ཆེན་མོའང་། དུས་ངན་བྱུང་ན་ཡུལ་ངན་སྐྱིད་པ་ཡིན་གསུངས་ནས་རྩེ་ལྷ་སྒང་དུ་དྲངས་པ་ལའང་ཐུགས་ཅུང་མ་རངས། སྒར་པའི་གསེར་ཐོག་འགྲུབ་པར་འདུག་སྟེ་ཁོ་བོའང་འདེགས་དགོས་པར་འདུག །མཆོག་གི་སྤྲུལ་སྐུའི་ཞལ་མི་མཐོང་བར་འདུག་གསུངས་ནས་གཤེགས།” ཞེས་འཇམ་དབྱངས་ཆེན་པོའི་གདན་ས་མཚུར་ཕུའི་མཛོད་ནག་ཏུ་བཞུགས་པའི་རྩལ་ཆེའི་རྟེན་གསུམ་རྣམས་རང་འཇགས་སུ་བཞག་ན་ལེགས་ཚུལ་གསུངས་ཀྱང་། གོ་ཤྲི་པས་རྩི་འཇོག་མ་བྱས་པར་ཀོང་པོར་གདན་འདྲེན་གནང་སྟེ་རྩེ་ལྷ་སྒང་གི་མཛོད་ནག་གི་རྟེན་གཙོར་བཞུགས་སུ་གསོལ་བར་མཛད། འཇམ་དབྱངས་ཆེན་པོ་དེ་འཕྲལ་འདས་པར་གསུངས་ཀྱང་། གོ་ཤྲི་དཔལ་འབྱོར་དོན་གྲུབ་ཀྱི་གསུང་། 《རང་བྱུང་ཀུན་མཁྱེན་མཚོ་སྐྱེས་རྡོ་རྗེ་མི་ཕམ་ཆོས་ཀྱི་རྒྱལ་པོའི་རྣམ་ཐར》ལས། “མཚུར་ཕུ་འཇམ་དབྱངས་ཆེན་པོས་ཀྱང་བྱ་ལོ་ཟླ་བ་བདུན་པའི་སྐབས་ཤིག་ཇ་གྲལ་བ་མང་དུ་ཡོད་པ་ཞིག་ལ་ངའི་རྨི་ལམ་ལྟར་ན་ད་རེས་སྤྲུལ་སྐུའི་ཡབ་ལ་དཔལ་གྲུབ་བྱ་བ་ཞིག་ཡོང་བ་འདུག་གསུངས།” ཞེས་འཁོད་པས། འཇམ་དབྱངས་ཆེན་པོ་ནི་ཆུ་བྱ་སྤྱི་ལོ་༡༤༥༣ལོ་ཟླ་བ་བདུན་པའི་ནང་སྐུ་འཚོ་བཞུགས་ཡིན་པར་གསལ། ཞྭ་དམར་བཞི་པ་ཆོས་ཀྱི་གྲགས་པའི་གསུང་། 《རྗེ་ཐམས་ཅད་མཁྱེན་པ་ལོ་ཙཱ་བ་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ》ལས། “ཕྱིར་ཐེགས་དུས། ཁྱེད་རང་གི་བླ་མ་པཎ་ཆེན་དེ་བོད་དུ་མྱུར་དུ་ཕེབས་ཤིང་མཇལ་བ་འདུག་གསུང་བའི་ལུང་བསྟན་པའང་ཐོབ། རྟིང་དུ་ལན་ཅིག་འདིར་ཅིས་ཀྱང་འབྱོན་དགོས་གསུང་པ་ཡོད་ནའང་། ཕྱིས་པཎ་ཆེན་རིན་པོ་ཆེའི་སྐྱེལ་ཐུང་འཁོར་ནས་དགུན་དེ་བསམ་གཏན་གླིང་དུ་མཚམས་མ་བྱས་པར་ཕྱིན་ན། བླ་མ་དེ་དང་མཇལ་བ་ཡིན་འདུག་སྟེ། འགྲོ་བ་མ་བྱུང་གསུངས།” ཞེས་ཁྲིམས་ཁང་ལོ་ཙཱས་མཚུར་ཕུ་འཇམ་དབྱངས་ཆེན་པོ་དྲུང་དུ་བཀའ་ཆོས་གསན་གྲུབ་ནས་ཕྱིར་ཕེབས་སྐབས་ད་རུང་ལན་ཅིག་ཤོག་གསུངས་ཀྱང་ཁྲིམས་ལོ་མཆོག་ཕེབས་རྒྱུ་མ་བྱུང་སྟེ། ཤིང་ཁྱི་སྤྱི་ལོ་(༡༤༥༤)ལོའི་ཟླ་བ་བདུན་པའི་ཚེས་བཞི་ཉིན། པཎ་ཆེན་རིན་པོ་ཆེ་བལ་པོར་ཕེབས་པའི་སྐྱེལ་མར་ཁྲིམས་ཁང་ལོ་ཙཱའང་མཉམ་པོར་བྱོན། ཕག་ལོའི་དཔྱིད་ཀར་ཆུ་དབར་དུ་སྐུ་མཚམས་ལ་བཞུགས། ཕྱིར་ལམ་རིན་སྤུངས་སུ་དབྱར་བཞུགས་མཛད་དེ། སྟོན་དུས་ཙམ་ཕོ་བྲང་སྣེའུ་གདོང་དུ་ཕྱག་ཕེབས། དགུན་བསམ་གཏན་གླིང་དུ་སྐུ་མཚམས་ལ་བཞུགས་པས། མཚུར་ཕུ་འཇམ་དབྱངས་ཆེན་པོ་མཇལ་མ་ཐུབ་པར་གསུངས་པས། རབ་བྱུང་བརྒྱད་པའི་ཤིང་ཕག་སྤྱི་ལོ་༡༤༥༥ལོའི་དགུན་ཁར་མཚུར་ཕུ་འཇམ་དབྱངས་ཆེན་པོ་སྐུ་གཤེགས་པར་གསལ། མདོར་ན་མཚུར་ཕུའི་མཛོད་ནག་གི་རྟེན་གསུམ་རྣམས་ཆུ་བྱ་སྤྱི་ལོ་༡༤༥༣ལོའམ། ཤིང་ཁྱི་སྤྱི་ལོ་༡༤༥༤ལོ་གང་རུང་ཞིག་ལ་ཀོང་པོར་གདན་འདྲེན་གནང་བ་ཡིན་ནམ་སྙམ་སྟེ་དཔྱད་པའི་གནས་སོ། །

གནས་བཅུ་རྒྱ་ནག་མ་ཀོང་པོ་རྩེ་ལྷ་སྒང་དུ་བཞུགས་ཚུལ།

མེ་འབྲུག་སྤྱི་ལོ་༡༤༩༦ལོར་རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ཀོང་པོ་རྩེ་ལྷ་སྒང་གི་རྣམ་ཐོས་ཚལ་དུ་བཞུགས་སྐབས། གནས་བཅུ་རྒྱ་ནག་མ་སོགས་མཛོད་ནག་ཏུ་བཞུགས་པའི་རྩལ་ཆེའི་རྟེན་གསུམ་རྣམས་བྱ་པ་ཁྲི་དཔོན་བཀྲ་ཤིས་དར་རྒྱས་གཙོ་བོར་གྱུར་པའི་དེར་འདུས་རྣམས་ལ་རྟེན་མཇལ་གནང་བ་དང་། གནམ་ལོ་གསར་ཚེས་ཀྱི་ཆོ་འཕྲུལ་སྨོན་ལམ་སྐབས་རྟེན་གཤོམ་རྒྱས་པར་གནང་བའི་ཚེ་རྟེན་གྱི་གཙོ་བོ་གནྡྷོ་ལ་དང་གནས་བརྟན་རྒྱ་ནག་མ་བཤམས་ཤིང་མཇལ་ཁ་གནང་བ་ལས། རྒྱུན་པར་མཛོད་ནག་ཏུ་བཞུགས་སུ་གསོལ་ཞིང་གང་བྱུང་བྱུང་དུ་མཇལ་ཁ་མི་སྟོན། དེའང་《ཆོས་བྱུང་མཁས་པའི་དགའ་སྟོན་》ལས། “རྟེན་མཆོད་རྒྱས་པ་རྒྱ་ནག་གི་བརྐོས་མའི་གནས་བཅུ་རྒྱས་པ་སོགས་མཆོག་རྣམས་མཛོད་ནག་ན་བཞུགས་པ་ཡིན་པས།” ཞེས་དང་། “གནས་བཅུ་རྒྱ་ནག་མ་ཁྲི་རྒྱབ་སོགས་བཀོད་པ་མཐའ་ཡས་པ་ཅན་སོགས་ཀྱི་རྟེན་མཇལ་གནང་བར་འདུག །”ཅེས་སྨོས་ཤིང་། གནས་བཅུ་རྒྱ་ནག་མ་ནི་དུས་རབས་བཅོ་ལྔ་པར་ཀོང་པོ་རྩེ་ལྷ་སྒང་གི་མཛོད་ནག་བཞུགས་ཤིང་། ཀརྨའི་སྒར་ཆེན་གྱི་ཆོ་འཕྲུལ་དུས་ཆེན་གྱི་སྨོན་ལམ་ཆེན་མོའི་སྐབས་རྟེན་མཇལ་གནང་བ་དང་། དེའི་སྐབས་རྟེན་གཤོམ་རྒྱས་པའི་བཤམས་བཀོད་སྐོར《ཆོས་བྱུང་མཁས་པའི་དགའ་སྟོན》ལས་འབྱུང་བས་ཞིབ་ཕྲ་དེར་གཟིགས། ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་གྱི་གནྡྷོ་ལའི་རྟེན་གཤོམ་དང་། གདན་ས་རྩེ་ལྷ་སྒང་གི་གནས་བཅུ་རྒྱ་ནག་མའི་རྟེན་གཤོམ་སྟེ་སྒར་ཆེན་གྱི་ཆོ་འཕྲུལ་དུས་ཆེན་སོགས་གཞི་བྱེས་ཀྱི་རྟེན་གཤོམ་རྒྱས་པ་མཛད་པའི་ཕྱག་སྲོལ་ནི། ཆུ་སྦྲུལ་སྤྱི་ལོ་༡༤༡༣ལོར་ཀརྨ་པ་དེ་དཞིན་གཤེགས་པས་གདན་ས་ཆེན་པོ་མཚུར་ཕུར་རྟེན་གསུམ་མཆོད་པའི་བཤམས་མཆོད་ཕྱག་བསྟར་གནང་བ་ནས་བཟུང་རྒྱུན་འཁྱོངས་མཛད་པར་གོར་མ་ཆག་གོ །

ཤིང་ལུག་སྤྱི་ལོ་༡༥༣༥ལོའི་ཟླ་བ་གསུམ་པར་ཀུན་མཁྱེན་ཆེན་པོ་ཀརྨ་པ་མི་བསྐྱོད་རྡོ་རྗེས་རྩེ་ལྷ་སྒང་མཛོད་ནག་གི་རྟེན་གསུམ་རྣམས་གཟིགས་ཞིབ་དང་རྟེན་མཇལ་གནང་སྐབས་གོང་མ་ཏཱ་མིང་གིས་ཕུལ་བའི་སྟོན་པ་ཤཱཀྱ་ཐུབ་པ་དང་། གནས་བརྟན་བཅུ་དྲུག །ཀརྨ་པ་དེ་བཞིན་གཤེགས་པ་དང་གོང་མ་ཡུང་ལོའི་མཛད་རིམ་ཁག་སི་ཐང་ཡུག་དྲིལ་ཆེན་པོ་རྣམས་མཛོད་ནག་གི་རྟེན་གསུམ་གྱི་གཙོ་བོ་ཡིན་པར། 《ཆོས་བྱུང་མཁས་པའི་དགའ་སྟོན་》ལས། “ལུག་ལོ་ཟླ་བ་གསུམ་པ་ཙམ་ནས་མཛོད་ནག་ཅུང་ཟད་གཟིགས་རྟོག་མཛད་དེ་གོང་མ་ཏའི་མིང་རྒྱལ་པོས་ཕུལ་བའི་གསེར་གྱི་ཐུབ་དབང་དང་གནས་བཅུའི་གཙོ་བོ་མཆོད་ཡོན་གྱི་གསི་ཐང་ཆེན་མོ་གཉིས་དང་ན་བཟའ་བཞུགས་སྟན་ཁྱད་པར་ཅན་དུ་མ་ཞལ་མཇལ་གནང་ཞིང་སླར་ཕྱག་རྫས་དུ་མ་འཛུད་པར་མཛད།” ཅེས་གསལ་ཞིང་། འདིར་གསེར་སྐུ་ཡིན་པར་ཤུགས་ལ་བསྟན་འདུག་པས་གཙོ་བོ་ཐུབ་སྐུ་ལ་གསེར་ལེབ་བྱུག་གམ་ཡང་ན་ཞལ་གསེར་ཙམ་ཡོད་པ་ཡིན་ནམ་སྙམ།

ཆུ་བྱ་སྤྱི་ལོ་༡༥༧༢ལོའི་ལོ་སར་དང་སྨོན་ལམ་གནང་སྐབས། ཞྭ་དམར་དཀོན་མཆོག་ཡན་ལག་དང་། རྒྱལ་དབང་ཀརྨ་པ་དབང་ཕྱུག་རྡོ་རྗེ་ཡབ་སྲས་ཞལ་རྒྱས་ཀྱིས་ཀོང་པོ་རྩེ་ལྷ་སྒང་གི་མཛོད་ནག་གི་ནང་རྟེན་གནས་བཅུ་རྒྱ་ནག་མ་དང་། ཀརྨ་པ་དེ་བཞིན་གཤེགས་པ་དང་མིང་གོང་མ་ཡུང་ལོ་མཆོད་ཡོན་མཇལ་འཕྲད་དང་མཛད་རིམ་གྱི་ཞལ་ཐང་ངོ་མཚར་ཅན་སི་ཐང་ཡུག་དྲིལ་ཆེན་མོ་གཉིས་གཙོ་བོར་སྨོས་ཤིང་། སྒར་ཆེན་གྱི་རྟེན་གཙོ་གནྡྷོ་ལ་སོགས་གཞི་བྱེས་ཀྱི་རྟེན་བཤམ་རྒྱས་པ་དང་རྟེན་མཇལ་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་གནང་བར། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་གསུང་། 《སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “རྗེ་ཉིད་དགུང་ལོ་བཞི་བཅུ་རྩ་དགུ་པ་ཆུ་མོ་བྱ་ལོའི་ལོ་གསར་དང་སྨོན་ལམ་གནང་ཐོག་རྗེ་གོང་མ་རྣམས་ཕྱག་སྲོལ་ལྟར་རྩེ་སྒང་ཕོ་བྲང་གི་མཛོད་ནག་ཞལ་ཕྱེ་ནས་བཞུགས་སྒར་དུ་གཟིམ་གུར་ཀརྨ་ལྷ་ཁང་འབུབས་པ་གནང་། གནྡྷོ་ལས་གཙོས་པའི་བྱེས་མཛོད་ཀྱི་རྟེན་བཤམ་རྒྱས་པ་དང་། ཡབ་སྲས་བཞུགས་ཁྲི་དང་སྐུ་འཁོར་གྱི་ལས་ཚན་གཟབས་པས་ལོ་གསར་གྱི་ཕྱག་མཇལ་བཞེས་པ། གཞི་བྱེས་ཀྱི་དགེ་འདུན་ལྔ་བརྒྱ་ལྷག་པར་རྩེ་སྒང་ནང་སོ་རྒྱ་འོག་དང་བཅས་པས་ཞབས་ཏོག་བགྱིས་ཏེ་སྨོན་ལམ་འཛུགས་པ་གནང་། ཡབ་སྲས་ཆིབས་རགས་གཟབས་བཤམ་གྱི་བཀོད་པས་ཕོ་བྲང་དུ་ཕེབས་ཏེ་བཀྲ་ཤིས་གསར་མར་དྲུང་དེ་བཞིན་གཤེགས་པ་ལ་གོང་མ་ཏཱའི་མིང་ཡུན་ལོ་རྒྱལ་པོས་ཕུལ་བའི་ཨར་ནག་དང་ཙན་དན་ལས་གྲུབ་པའི་གནས་བཅུ་བཟོ་ཁྱད་ཅན་དང་གོང་མ་མཆོད་ཡོན་གྱི་སི་ཐང་སོགས་མཛོད་ནག་རྟེན་ཤོམ་རགས་རིམ་གནང་། དེ་ནས་ཉའི་བར་ཉིན་རེ་བཞུགས་སྒར་བྱེས་མཛོད་ཀྱི་རྟེན་མཇལ་དང་། ཉིན་རེ་བཞིན་ཕོ་བྲང་དུ་མཛོད་ནག་གི་རྟེན་མཇལ་རགས་པ་ཙམ་གནང་བའི་ཚེ་ཀོང་ལུང་རལ་གསུམ་ལ་སོགས་པའི་སྐྱེ་བོ་སྟོང་ཕྲག་དུ་མ་འདུས་པས་ཉིན་མཚན་དུ་ཕྱག་དང་བསྐོར་བ་ཡིག་དྲུག་འདོན་པ་སོགས་དགེ་བའི་བྱ་བས་དུས་འདའ་བར་བྱེད་ཅིང་།” ཞེས་ཞྭ་དམར་དཀོན་མཆོག་ཡན་ལག་གི་རྣམ་ཐར་ལས་གསལ་བས་སོ། །

ཀརྨ་པ་དབང་ཕྱུག་རྡོ་རྗེའི་སྐུ་དུས་ཀོང་པོ་རྩེ་ལྷ་སྒང་གི་མཛོད་ནག་གི་རྟེན་མཇལ་མཛད་ཚུལ་དང་། ཆོ་འཕྲུལ་སྨོས་ལམ་སྐབས་གནས་བརྟན་བཅུ་དྲུག་གི་ཟློས་གར་འཁྲབ་ཚུལ། རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱི་གསུང་། 《རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེའི་རྣམ་པར་ཐར་པ་རིན་པོ་ཆེའི་གཏེར་ཆེན》ལས་གསལ་བར་འཁོད་ཀྱང་། གནས་བཅུ་རྒྱ་ནག་མའི་སྐོར་དམིགས་བསལ་འཁོད་མེད་ཀྱང་། རྩེ་ལྷ་སྒང་གི་མཛོད་ནག་ཏུ་བཞུགས་པར་སྨོས་མ་དགོས་སོ། །

གསུམ་པ། གནས་བཅུ་རྒྱ་ནག་མ་གདན་འདྲེན་ཞུས་ཚུལ།

ཆུ་རྟ་སྤྱི་ལོ་༡༦༤༢ལོར་སོག་པོ་གུ་ཤྲི་ཧན་གྱི་དམག་དཔུང་གིས་ཀོང་པོར་དཔུང་འཇུག་བྱེད་སྐབས་རྩེ་ལྷ་སྒང་གི་དགོན་པ་གཏོར་བཅོམ་བཏང་ཞིང་། མཛོད་ནག་གི་རྟེན་གསུམ་རྣམས་འབྲས་སྤུངས་སུ་དབོར་འདྲེན་བྱས་པའི་གྲལ་དུ་གནས་བཅུ་རྒྱ་ནག་མ་ཡོད་པར་མ་ཟད་ལམ་བར་དུ་ཧྭ་ཤང་དང་རྒྱལ་ཆེན་བཞི་རྣམས་བོར་བརླག་ཤོར་བ་དང་། འབྲས་སྤུངས་སུ་འབྱོར་ཐོག་སྐུ་གདུང་ཆ་བརྒྱད་བཞུགས་པའི་ལྷ་ཁང་ནང་ར་ལུག་ལྷས་རར་བཙུད་པའམ་སྣོད་སྤྱད་དུ་ཅ་དངོས་བཅུག་པ་ལྟ་བུར་ཁྲོལ་བླུགས་སུ་བཞག་པས། ས་སྤྲེལ་སྤྱི་ལོ་(༡༦༦༨)ལོའི་ཟླ་བ་དགུ་པའི་ནང་རྒྱལ་དབང་ལྔ་པས་བྱམས་ཁང་ཤར་མའི་སྟེང་དུ་བཞུགས་གནས་བྲག་རི་བཀོད་ལེགས་དང་ཧྭ་ཤང་དང་རྒྱལ་ཆེ་བཞི་འཇིམ་པས་བཟོས་ཤིང་། གཞན་ཡང་བ་སོ་ལས་གྲུབ་པའི་གནས་བརྟན་བཅུ་དྲུག་གི་སྐུ་རྣམས་བཞུགས་སུ་གསོལ་བར་མཛད་པར། 《རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང》ལས། “རྒྱ་ནག་ཏཱ་མིང་དུས་ཀྱི་ཙནྡན་གྱི་གནས་བཅུ་ཁྱད་མཚར་ཀརྨ་པ་དེ་བཞིན་གཤེགས་པས་གདན་དྲངས་པ་ཀོང་པོ་རྩེ་ལྷ་སྒང་གི་མཛོད་ནག་ནས་ཆུ་རྟ་མཆོད་ཡོན་ཐོག་ཏུ་ཕེབས་སྐབས་བསྣམས་བྱོན་པ་སྡེ་པ་སྲས་པོ་དང་ཀ་བརྒྱད་ནོར་བུ་སོགས་ཕྱག་མཛོད་རྣམས་གྲུལ་མ་བཏུབ་པའི་ཧྭ་ཤང་དང་རྒྱལ་ཆེན་བཞི་ལམ་དུ་བོར་བའི་ལྷག་མ་རྣམས་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ལྷ་ཁང་དུ་ཁྲོག་ལུགས་ལྟ་བུར་བཞུགས་འདུག་པ་བྱམས་ཁང་ཤར་མའི་སྟེང་དུ་སྤྲུལ་སྐུ་ཧོར་དར་དང་བག་བྲོས་གཙོས་ལེ་པའི་འཇིམ་བཟོ་བ་རྣམས་ཀྱིས་བྱང་ནས་ལྷོར་གཟིགས་པའི་བྲག་རི་སོགས་དབྱིབས་བཀོད་པ་ལེགས་ཤིང་སྒོ་ཁྱིམ་བབ་ལེ་ཉིས་བརྩེགས་མ་བཅས་བཟོས་པར་བཞུགས་པའི་མ་ཚང་བ་ཀུན་འཇིམ་པས་གསོས། བྲག་རིའི་གསེབ་རྣམས་སུ་ཙནྡན་དམར་པོ་ལས་གྲུབ་པའི་གནས་བཅུ་ཚར་གཅིག་དང་བ་སོ་ལས་གྲུབ་པའི་ཚར་གཉིས་བཞུགས་པ་ཚོ་རྒྱ་བཟོ་ཤ་སྟག །”ཅེས་འཁོད་པས། གནས་བཅུ་རྒྱ་ནག་མའི་སྐུ་འདྲ་རྣམས་ཀྱི་ཡོངས་ཁུངས་དང་། ཀོང་པོ་ནས་དབོར་འདྲེན་བྱེད་སྐབས་ཧྭ་ཤང་སོགས་བོར་བརླག་སོང་བ། འབྲས་སྤུངས་ཀྱི་ལྷ་ཁང་གང་དུ་བཞུགས་སུ་གསོལ་བ། སྐུ་མ་ཚང་བ་དག་ཞིག་གསོ་མཁན་གྱི་མི་སྣ་བཅས་ཞིབ་ཕྲར་འཁོད་པའོ། །

ཆུ་སྟག་སྤྱི་ལོ་༡༧༢༢ལོའི་ནག་ཟླའི་ནང་སི་ཏུ་པཎ་ཆེན་གྱིས་འབྲས་སྤུངས་དགོན་པའི་རྟེན་གསུམ་སྤྱི་དང་། ཁྱད་པར་དུ་དགའ་ལྡན་ཕོ་བྲང་དུ་བཞུགས་པའི་གནས་བཅུ་རྒྱ་ནག་མ་ཞིབ་མཇལ་གནང་ཞིང་། དེའི་ཡོངས་ཁུངས་དང་། རྒྱུ་ཆ་གང་ཡིན། ཚོན་རྩི་བཏང་ལུགས། སྐུ་ཤ་དང་ན་བཟའི་ཚོན་གྱི་ཁྱད་པར། གསེར་རིས། བཞུགས་ཡུལ་བྲག་རི་ལྗོན་ཤིང་སོགས་ཞིབ་དཔྱད་ལེགས་པར་གནང་བར། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་རང་རྣམ། 《ཏཱའི་སི་ཏུར་འབོད་པ་ཀརྨ་བསྟན་པའི་ཉིན་བྱེད་ཀྱི་རང་ཚུལ་དྲངས་པོར་བརྗོད་པ་དྲི་བྲལ་ཤེལ་གྱི་མེ་ལོང་》ལས། “འབྲས་སྤུངས་སུ་དགའ་ལྡན་ཕོ་བྲང་གི་རྟེན་གསུམ་ཐམས་ཅད་དང་ཁྱད་པར་ཏཱ་མིང་རྒྱལ་པོས་ཀརྨ་པར་ཕུལ་བའི་ཨ་ཀ་རུ་ནག་པོ་འབའ་ཞིག་ལས་གྲུབ་པའི་སྟོན་པ་གནས་བརྟན་བཅུ་དྲུག་བཅས་ཀྱི་སྐུ་བརྙན་རི་བྲག་ལྗོན་ཤིང་ཁང་བརྩེགས་ལ་སོགས་པའི་ཡུལ་བཀོད་ཅན་དེ་ཞིབ་མོར་མཇལ་བས་གཞི་ཤིང་གི་སྟེང་དུ་སྤྲ་རྩིས་གཡོགས་པར་གསེར་ཤོག་གིས་རྫིག་ཐུམ་བྱས་ཏེ་སླར་ཡང་རྩིས་མནན། དེ་སྟེང་ན་བཟའ་ཚོན་རྩི་དང་སྐུ་ཤ་གྲང་གསེར་གསོལ་ནས་གསེར་རིས་ཀྱི་དོད་ཁབ་རིས་བྱང་ཤུལ་གྲང་གསེར་གྱིས་བཀང་བ་སོགས་བཟོ་ཁྱད་ཆེས་ངོ་མཚར་བར་འདུག །སྐུ་རྒྱུ་ལའང་ཞིབ་མོར་དཔྱད་ཚེ་རྒྱ་ཡུལ་དུ་ཆིང་ཤན་ཟེར་བ་དེར་སྣང་བས་འདི་རྒྱ་མཚོ་ཆེན་པོ་དང་ཉེ་བར་ཡོད་ཅིང་ཤིང་སྡོང་ལ་སྦྲུལ་ཆེན་པོ་ཚད་པས་གདུང་པ་དག་འཁྲིལ་ཏེ་གནས་པའི་ཕྱིར་བཙལ་བར་དཀའ་ཞིང་ཤིང་ཆུར་ལྷུངས་པ་རྒྱ་མཚོར་ཕྱིན་ནས་རླབས་ཀྱིས་འཕང་པའི་ཤིང་དུམ་ཕལ་གྱིས་རྙེད་པ་རིམ་པས་ཚོང་དུས་རྣམས་སུ་འབྱུང་བ་ཡིན་ཞེས་ཙཱི་ནའི་ཡུལ་དུ་གྲགས་ཤིང་རྒྱ་བན་རྣམས་མདོ་ནས་བཤད་པའི་ཙནྡན་སྤྲུལ་སྙིང་དེའང་འདི་ག་ཡིན་པར་བཞེད་པ་དང་། རྒྱ་གར་ཕལ་སྐད་དུ་ཨ་ས་ལ་ཨཱ་གར་ཞེས་འབོད་པར་སྣང་བས་ཨ་ཀ་རུ་ནི་མིན་པར་དོགས་སོ། །ཅིའི་ཕྱིར་ན་ཨ་ག་རུ་ཟེར་བ་ནི་ཨ་གུ་རུ་ཟུར་ཆག་པ་ཡིན་ཞིང་དེ་བོད་སྐད་དུ་ལྕི་མེད་ཞེས་པར་འགྱུར་བས་ཁ་དོག་ཇི་ལྟར་ཡང་ཡང་བ་ཞིག་ཡོད་དགོས་པ་དང་རྒྱ་གར་བ་རྣམས་ཀྱང་འདི་གཉིས་ཐ་དད་དུ་འདོད་པའི་ཕྱིར་རོ། །”ཞེས་གསལ་བས་སོ། །

འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་ཀྱང་། དེ་མཚུངས《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། སི་ཏུའི་མཛད་རྣམ་ཐད་ཏཱ་མིང་རྒྱལ་པོས་ཀརྨ་པར་ཕུལ་བ་དང་། སྐུ་རྒྱུ་སོགས་མདོར་བསྡུས་ཙམ་འཁོད་དོ། །འདི་ལྟ་བུའི་ལོ་རྒྱུས་གལ་ཆེན་གྱི་ཡིག་ཚང་ལ་རྒྱབ་བརྟེན་མི་བཅོལ་བ་རང་དགར་གང་བྱུང་བྱུང་དུ་བརྗོད་པ་ནི་དོ་དངོས་ཀྱི་ལོ་རྒྱུས་ལ་རྨ་ཁ་བཟོས་མ་ཡིན་ནམ། མདོར་ན་རྒྱ་བཟོས་གནས་བརྟན་བཅུ་དྲུག་གི་འདྲ་སྐུ་ནི་ཐོག་མར་ཏཱ་མིང་གོང་མས་ཀརྨ་པ་དེ་བཞིན་གཤེགས་པ་ལ་ཕུལ་ཞིང་གདན་ས་མཚུར་ཕུར་བཞུགས་ཤིང་། དེ་ནས་ཀོང་པོ་རྩེ་ལྷ་སྒང་གི་མཛོད་ནག་ཏུ་གདན་དྲངས། དུས་རབས་བཅུ་བདུན་པའི་ནང་སོག་པོ་གུ་ཤྲི་ཧན་གྱིས་རྩེ་ལྷ་སྒང་ནས་གདན་དྲངས་ཤིང་འབྲས་སྤུངས་སུ་བཞུགས་སུ་གསོལ། དུས་རབས་གོང་མར་རིག་གསར་སྐབས་གཏོར་བཅོམ་མ་བྱུང་བར་རིན་བྲལ་གྱི་རིག་དངོས་རྩལ་ཆེན་བྱིན་རླབས་ཀྱི་གཟི་འོད་འཕྲོ་བའི་གནས་བརྟན་བཅུ་དྲུག་གི་སྐུ་འདྲ་རྣམས་ཆོས་གྲྭ་ཆེན་པོ་འབྲས་སྤུངས་དགོན་གྱི་གནས་བཅུ་ལྷ་ཁང་དུ་དེང་སང་ཡང་དངོས་སུ་བཞུགས་པའོ། །དེས་ན་འདིར་སྨོས་དཔྱད་གཞིའི་ཡིག་ཚང་རྣམས་ལས་གསལ་བར་འཁོད་པས། གནས་བཅུ་རྒྱ་ནག་མ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་འབྲེལ་བ་རྩ་བ་ནས་མེད་པར་ཤེས་པར་གྱིས་ཤིག །