Jump to content

གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་ཕྱག་འཚལ་བའི་བསྟོད་པ།

ཡོང་ཁུངས་Wikipedia

༄༅། །གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་ཕྱག་འཚལ་བའི་བསྟོད་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་གཙོ་བོ་བརྒྱད་དང་འབྲེལ་བའི་གནས་མཆོག་བརྒྱད་ཀྱི་མཆོད་རྟེན་རྣམས་ལ་བསྟོད་ཅིང་ཕྱག་འཚལ་བའི་ཚིགས་བཅད་ཐུང་ངུ་ཞིག་ཡིན། གཞུང་འདི་ཁ་ཆེའི་རྒྱལ་པོ་ཤྲཱི་ཧ་རི་ཤ་དེ་བས་ (Śrī Harṣadeva) མཛད་པར་གྲགས་ཤིང་། ནང་དོན་གཙོ་བོ་ནི་སངས་རྒྱས་ཀྱི་གནས་ཆེན་བརྒྱད་གཙོ་བོར་གྱུར་པའི་རྒྱ་གར་དང་། བལ་ཡུལ། སིངྒ་ལ་སོགས་ཡུལ་གྲུ་རྣམས་དང་། ཐ་ན་ལྷ་ཡུལ་དང་ཀླུ་ཡུལ་སོགས་སུ་བཞུགས་པའི་མཆོད་རྟེན་དང་སྐུ་གཟུགས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ཏེ་བསོད་ནམས་གསོག་པའི་ཐབས་བསྟན་པ་དེ་ཡིན། བསྟོད་པ་འདི་ནི་ནང་པའི་གནས་སྐོར་བ་རྣམས་ཀྱིས་ཞལ་འདོན་བྱེད་པའི་གཞུང་གལ་ཆེན་ཞིག་ཏུ་བརྩི་བ་ཡིན།

གཞུང་གི་གནས་ཚུལ་ཞིབ་ཕྲ།

[རྩོམ་སྒྲིག]

མཚན་བྱང་།

[རྩོམ་སྒྲིག]
  • རྒྱ་གར་སྐད་དུ། ཨཥྚ་མ་ཧཱ་སྠཱ་ན་ཙཻ་ཏ་བནྡ་ནཱ་ནཱ་མ་སྟ་བཿ། (Aṣṭamahāsthānacaityavandanānāmastavaḥ)
  • བོད་སྐད་དུ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་ཕྱག་འཚལ་བའི་བསྟོད་པ།

མཛད་པ་པོ།

[རྩོམ་སྒྲིག]

གཞུང་འདི་ནི་ཁ་ཆེའི་རྒྱལ་པོ་ཤྲཱི་ཧ་རི་ཤ་དེ་བས་ (King Śrī Harṣadeva of Kashmir) རང་གི་ཡུམ་གྱི་ཆེད་དུ་མཛད་པ་ཡིན། ཁོང་གི་འཁྲུངས་འདས་ལོ་ཚིགས་དང་ལོ་རྒྱུས་ཞིབ་ཕྲ་གཞུང་འདིའི་ནང་དུ་མི་གསལ།

ལོ་ཙཱ་བ།

[རྩོམ་སྒྲིག]

བསྟོད་པ་འདི་རྒྱ་གར་གྱི་མཁན་པོ་རཱ་ཛ་ཤྲཱི་ཛྙཱ་ན་མི་ཏྲ་ (Rājaśrījñānamitra) དང་། བོད་ཀྱི་ལོ་ཙཱ་བ་ཁེའུ་བརྒད་ཡོན་ཏན་དཔལ་གྱིས་བོད་སྐད་དུ་བསྒྱུར་བའོ། །

གཞུང་ཚད།

[རྩོམ་སྒྲིག]

གཞུང་འདི་ལ་ལེའུ་དང་ས་བཅད་ཀྱི་དབྱེ་བ་མེད་པར། བསྡོམས་པས་ཚིག་རྐང་བཞི་ཅན་གྱི་ཤོ་ལོ་ཀ་ལྔ་ཡོད།

གཞུང་གི་བརྗོད་བྱ་གཙོ་བོ།

[རྩོམ་སྒྲིག]

ས་བཅད་སོ་སོའི་དོན་བསྡུས།

[རྩོམ་སྒྲིག]
  • ཤོ་ལོ་ཀ་དང་པོ། འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་གཙོ་བོ་བརྒྱད་བྱུང་བའི་གནས་རྣམས་ལ་ཕྱག་འཚལ་ཡོད། དེ་དག་ནི་སྐུ་བལྟམས་པའི་གནས་ལུམྦི་ནཱི། མངོན་པར་བྱང་ཆུབ་པའི་གནས་རྡོ་རྗེ་གདན། ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཝཱ་རཱ་ཎ་སཱི། ཆོ་འཕྲུལ་ཆེན་པོ་བསྟན་པའི་གནས་མཉན་ཡོད། ལྷ་ལས་བབས་པའི་གནས་སཱངྐཱཤྱ། དབྱེན་ཟླུམ་པའི་གནས་འོད་མའི་ཚལ། མཐར་མྱ་ངན་ལས་འདས་པའི་གནས་ཀུ་ཤའི་གྲོང་སོགས་ལ་གོ་བ་ཡིན།
  • ཤོ་ལོ་ཀ་གཉིས་པ། འདིར་རྒྱ་གར་གྱི་གནས་ཆེན་བྱེ་བྲག་པ་ཁག་གཅིག་གི་མཚན་བགྲངས་ནས་དེ་དག་ཏུ་ཡོད་པའི་མཆོད་རྟེན་ལ་ཕྱག་བཙལ་ཡོད། དཔེར་ན། ཡངས་པ་ཅན། ཝཱ་རཱ་ཎ་སཱི། རྒྱལ་པོའི་ཁབ། མཉན་ཡོད། བྱང་ཆུབ་ཤིང་དྲུང་། ཀུ་ཤའི་གྲོང་། སེར་སྐྱ། ལུམྦི་ནཱི། ཀཽ་ཤམྤི་སོགས་ཡིན།
  • ཤོ་ལོ་ཀ་གསུམ་པ་དང་བཞི་པ། འདིར་རྒྱ་གར་གྱི་ཡུལ་གྲུ་ཙམ་མ་ཟད། ཡུལ་གཞན་དག་ཏུ་ཡོད་པའི་སྟོན་པའི་གདུང་བཞུགས་པའི་མཆོད་རྟེན་རྣམས་ལའང་ཕྱག་བཙལ་ཡོད། དཔེར་ན། ཁ་ཆེ་ (Kashmir)། རྒྱ་ཡུལ། སིངྒ་ལ་ (Sri Lanka)། ཨོ་རྒྱན། སིནྡྷུ། བལ་ཡུལ་ (Nepal)། ཀཱ་མ་རཱུ་ (Kamarupa)། ཀཱཉྩི་ (Kanchi) སོགས་དང་། དེ་བཞིན་གནས་ཆེན་རི་བོ་ཏི་སེ་དང་། རི་རབ། ཀླུ་དང་ལྷ་དང་རིག་འཛིན་རྣམས་ཀྱི་གནས་སུ་ཡོད་པའི་མཆོད་རྟེན་ལའང་ཕྱག་བཙལ་ཡོད།
  • ཤོ་ལོ་ཀ་ལྔ་པ། མཇུག་ཏུ་སྟོན་པའི་གདུང་དང་། སོལ་བ། རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་དང་། ས་འོག་དང་ས་སྟེང་། ལྷ་ཡུལ་སོགས་ན་བཞུགས་པའི་མཆོད་རྟེན་དང་སངས་རྒྱས་ཀྱི་སྐུ་གཟུགས་ཇི་སྙེད་ཡོད་པ་ཐམས་ཅད་ལ་ཉིན་རེ་བཞིན་ཕྱག་འཚལ་བའི་སྨོན་ལམ་བཏབ་ཡོད།

ལྟ་གྲུབ་ཀྱི་གནད་འགག

[རྩོམ་སྒྲིག]

གཞུང་འདིའི་ལྟ་གྲུབ་ཀྱི་གནད་འགག་གཙོ་བོ་ནི་དད་པདང་བསོད་ནམས་གསོག་པའི་ཐབས་ལམ་སྟོན་པ་དེ་ཡིན། སངས་རྒྱས་ཀྱི་སྐུ་གདུང་རིང་བསྲེལ་བཞུགས་པའི་མཆོད་རྟེན་དང་། ཁོང་གི་མཛད་པ་དང་འབྲེལ་བའི་གནས་ཆེན་རྣམས་ལ་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་ནི་སྡིག་པ་སྦྱོང་ཞིང་ཚོགས་གསོག་པའི་ཐབས་མཆོག་ཏུ་གྱུར་པ་ཞིག་ཡིན་པར་བསྟན་ཡོད།

ཐུན་མོང་མ་ཡིན་པའི་ཁྱད་ཆོས།

[རྩོམ་སྒྲིག]
  • བརྗོད་བྱ་ཁྱབ་ཆེ་བ། གཞུང་འདིར་རྒྱ་གར་གྱི་གནས་ཆེན་བརྒྱད་ཙམ་དུ་མ་ཟད། ཨེ་ཤ་ཡའི་ཡུལ་གྲུ་གཞན་དག་དང་། ཐ་ན་འཇིག་རྟེན་གྱི་ཁམས་གཞན་ན་ཡོད་པའི་མཆོད་རྟེན་རྣམས་ལའང་ཕྱག་འཚལ་བས། སངས་རྒྱས་ཀྱི་བྱིན་རླབས་ནི་ས་ཕྱོགས་གཅིག་ཏུ་མ་ངེས་པར་ཀུན་ཏུ་ཁྱབ་ནས་ཡོད་པའི་དོན་སྟོན།
  • གོ་བདེ་ཞིང་བློར་འཛིན་སླ་བ། ཤོ་ལོ་ཀ་ལྔ་ལས་མེད་པས། གནས་སྐོར་བ་རྣམས་ཀྱིས་གནས་མཆོག་དེ་དག་ཏུ་སླེབས་སྐབས་ཞལ་འདོན་བྱེད་པར་ཤིན་ཏུ་བདེ་བའི་ཁྱད་ཆོས་ལྡན།
  • ལོ་རྒྱུས་ཀྱི་དགོས་པ། གཞུང་འདིར་བགྲངས་པའི་ཡུལ་གྲུ་ཁག་ (ཁ་ཆེ། བལ་ཡུལ། སིངྒ་ལ་སོགས།) གིས་སྐབས་དེར་ནང་པ་སངས་རྒྱས་པའི་ཆོས་དར་ཁྱབ་ཇི་ཙམ་ཡོད་པ་མཚོན་ཐུབ།

དཔྱད་གཞིའི་ཡིག་ཆ་དང་འབྲེལ་ཡོད་དྲ་ཐག

[རྩོམ་སྒྲིག]

པར་མ་དང་དཔེ་རྒྱུན།

[རྩོམ་སྒྲིག]
  • གཞུང་འདི་བོད་ཀྱི་བསྟན་འགྱུར་གྱི་ཁྲོད་དུ་བཞུགས། དཔེར་ན་སྡེ་དགེ་བསྟན་འགྱུར་གྱི་བསྟོད་ཚོགས་སྐོར། (Toh 1162)

དྲ་ཐོག་གི་ཁུངས།

[རྩོམ་སྒྲིག]