གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་
| |
མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „གནས་ཆུང་དགོན།“! ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ། |
གནས་ཆུང་དགོན་(འབྲས་སྤུངས་དགོན་པའི་མདུན་དུ་ཡོད་)ནི་ཐོག་མ་འབྲས་སྤུངས་བདེ་ཡངས་ཀྱི་མཁན་པོ་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱིས་ཕྱག་བཏབ་པ་ཡིན་ཟེར། ད་ལྟའི་གནས་ཆུང་སྒྲ་དབྱངས་གླིང་འདི་ཉིད་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་(༡༦༦༠)ལོ་ནས་ས་སྤྲེལ་(༡༦༦༨)བར་ལོ་དགུའི་རིང་སྡེ་སྲིད་འཕྲིན་ལས་རྒྱ་མཚོའི་སྐུ་དུས་སུ་རྩིག་རྨང་བཏིང་གྲུབ་རུང་ཆོས་སྐྱོང་ནས་ངའི་གནས་གཞི་ལས་སྔགས་ཁང་རྒྱག་དགོས་ཚུལ་གསུངས་པས་ལུང་ཤིང། དེ་རྗེས་རྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོས་བཀའ་བསྩལ་བ་ལྟར་ཐོག་མའི་ཤོག་ཕྲ་དང་བཅས་གང་ཅིའི་ལྗགས་བཀོད་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རང་ནས་གནང་ཞིང། ལས་གྲོ་དོ་དམ་སྐྱིད་སྟོད་པ་བསྟན་པ་རྒྱལ་མཚན་དང། ཕུ་ལུང་པ་ཕུན་ཚོགས་སྐལ་བཟང། དེ་བཞིན་རྡོ་ཤིང་ལས་མི་ཁྱོན་ལྔ་སྟོང་ནས་ལྕགས་བྱ་(༡༦༨༡)ལོར་འགོ་བཙུགས་ཏེ་དེའི་ཕྱོ་ལོ་བཟོ་སྟོན་ལྟར། ཆུ་ཕག་(༡༦༨༣)ལོར་རྟེན་དང་བརྟེན་པར་བཟོ་སྣ་བརྒྱད་ཀྱིས་འཕགས་པའི་ངོ་མཚར་ཁྱད་ཆོས་དང་བཅས་ཏེ་བསྐྲུན་ཟིན་པ་དང། ལོ་དེའི་བོད་ཟླ་དགུ་པའི་ཚེས་བཅུ་བཞི་ཉིན་དགེ་སློང་འཇམ་དབྱངས་གྲགས་པས་རྡོ་རྗེ་སློབ་དཔོན་གནང་སྟེ་ཕན་བདེ་ལེགས་བཤད་གླིང་གི་འདུས་ཚོགས་ཀྱིས་རབ་གནས་ཀྱི་ཆོ་ག་རྒྱས་པ་དང་བཅས་ལེགས་པར་གྲུབ་ཅིང། དེ་སྐབས་དེ་སྔའི་གནས་ཆུང་གཡུ་ལོ་བཀོད་དགོན་དང་སྒྲོ་སྡོང་ལྷ་ཁང་ཞེས་པ་གཅིག་ཏུ་སྒྲིལ་ཏེ་དགོན་མིང་དུ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་ཞེས་གསོལ། དགོན་པའི་ནང་མི་སྣ་མཐོ་ཤོས་གནས་ཆུང་སྐུ་རྟེན་ཏཱ་བླ་མ་དང། དེ་ནས་རིན་བཞིན་གནས་ཆུང་སྡེ་པའམ་གཉེར་པ། མཆོག་སྤྲུལ་རིན་པོ་ཆེ། སློབ་དཔོན། དབུ་མཛད། དགེ་བསྐོས། ཆོས་སྐྱོང་གི་དྲུང་ཡིག་དང་སྐུ་མདུན་ཞེས་ཆོས་སྐྱོང་སྐུ་ཕེབས་སྐབས་ཞབས་ཞུ་བ་གཉིས་བཅས་ཡོད་པ་དང། དགེ་འདུན་གྱི་ཞལ་གྲངས་ནི་སྡེ་སྲིད་སྐབས་བརྒྱ་དང་གཅིག་འཛུགས་པ་གནས་བ་ནས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་གྲངས་བརྒྱ་དང་བཅོ་ལྔའི་ཚད་གཞི་བཟོ་གནང་མཛད། སྒྲིག་ལམ་ཐད་ལོ་ལྟར་ཟླ་གཅིག་རིང་གི་དགུང་སེང་དུས་ཚོད་ལས་རྣམ་ཀུན་ཕར་ཚུར་གང་བྱུང་འགྲོ་བསྐྱོད་མི་ཅིང། གལ་ཏེ་དམིགས་བསལ་གྱི་དོན་གནད་ཡོད་ཚེ་དགོངས་ཞུ་བྱེད་དགོས། གྲྭ་ཤག་ཏུ་རང་གི་ནང་མིར་ཡང་ཞག་སྡོད་གནས་གཡར་མི་ཆོག་པ་དང། གྲྭ་ཤག་ནང་སྨན་ཆུ་སྐོལ་རྒྱུའི་མེ་གཏོང་དགོས་ནའང་གནང་བ་ཞུ་དགོས་པ་སོགས་འདུལ་ཁྲིམས་དམ་པོས་འདུལ་སྡེ་སྐྱོང་ཞིང། ཐུགས་མཐུན་ཁྲིམས་གཙང་གིས་བསྟན་པའི་མིག་རྒྱན་དུ་གྱུར། དེ་གར་གནས་ཆུང་ཆོས་སྐྱོང་སྟེ་དགྲ་ལྷ་འོད་ལྡན་དཀར་པོའམ་རྡོ་རྗེ་གྲགས་ལྡན་ཁོག་ཞུགས་བྱེད་ཅིང། དེ་ནི་བོད་ས་གནས་སྲིད་གཞུང་གི་བསྟེན་གསོལ་བྱེད་པའི་སྲུང་མའི་གཙོ་བོ་ཡིན་པས་ལུང་ཞུའི་འགོ་བརྗོད་དུ་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་ཞེས་འགོད་སྲོལ་ཡོད། དེ་གའི་འདུ་ཁང་གི་གཞུང་སྒོའི་སྟེང་རྒྱ་ཡིག་གི་པེན་ཆེན་པོ་ཞིག་ཡོད་པ་ནི་གོང་མ་རྟཱ་ཀོང་གིས་གནང་བ་ཡིན་སྐོར་《ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པའི་རྣམ་ཐར་》ནང་གསལ། གྲུབ་མཐའ་ས་དགེ་རྙིང་གསུམ་རིས་མེད་དུ་བཞེད་ཅིང། དགོན་བདག་ཡིག་ཚང་ལས་ཁུངས་ནས་བྱེད་པས་གཞུང་དགོན་ཡིན།