གནའ་རབས་ཀེ་རི་སི།

ཡོང་ཁུངས་Wikipedia
ཕཱར་ཧྥེ་ནན་ལྷ་ཁང་།

སྤྱི་ལོ་སྔོན་གྱི་༧༥༠ལོ་ཡས་མས་སུ། གནའ་བོའི་ཀེ་རི་སི་དེ་ག་ཙོ་བོ་སྤྱི་དམངས་ཀྱིས་ཐུན་མོང་དུ་གཙོ་ཁྲིད་བྱེད་པའི་མཁར་རྫོང་རྒྱལ་ཕྲན་དག་གིས་གྲུབ་པའི་རྒྱལ་ཁབ་ཅིག་ཏུ་ཆགས་མགོ་བརྩམས་ཤིང་། སྐབས་དེར་མཚོ་ཐོག་ཉོ་ཚོང་དར་རྒྱས་ཆེ་བར་མ་ཟད། སྒྱུ་རྩལ་དང་རྩོམ་རིག མཚན་ཉིད་རིག་པ། ཆབ་སྲིད་སོགས་ལའང་འཕེལ་རྒྱས་ཚད་མཐོན་པོ་བྱུང་བས། ཧོ་མུར་དང་ཧེ་རོ་ཏེ་ཐི་སི། ས་ཁི་ར་ཐེའུ་ཟི། ཕི་ལི་ཐོ། ཨེར་ཝེ་སི་ཐ་ཐོ། ཨར་ཁི་མེའུ་ཏེ་སི་སོགས་རིག་གནས་མི་བོ་ཆེ་སྐོར་ཞིག་བྱུང་། སྤྱི་ལོའི་སྔོན་གྱི་དུས་རབས་༥བར། ཀེ་རི་སིའི་ཤེས་རིག་དར་རྒྱས་ཀྱི་ཡང་རྩེར་སོན། དེའི་རྗེས་སུ། ནང་འཁྲུག་དང་འགལ་བ་སྣ་ཚོགས་ཀྱི་དབང་གིས་ཀེ་རི་སིའི་ཤེས་རིག་ཉམས་རྒུད་དུ་འགྱུར་མགོ་བརྩམས། སྤྱི་ལོའི་སྔོན་གྱི་༢༠༥ལོ་ནས་སྤྱི་ལོའི་སྔོན་གྱི་༡༤༦ལོའི་བར་ཀེ་རི་སིའི་རིག་གནས་ཀྱི་ཤན་ཤུགས་ཟབ་མོ་ཐེབས་པའི་རོ་མ་པས་ཀེ་རི་སིའི་མཁར་རྫོང་རྒྱལ་ཕྲན་དག་ཡོངས་སུ་བཏུལ།[༡]

གསལ་བཤད།[རྩོམ་སྒྲིག]

མཁར་རྫོང་རྒྱལ་ཕྲན་དག་གི་བར་གྱི་འཐབ་རྩོད།[རྩོམ་སྒྲིག]

དོན་དངོས་ཐོག་གནའ་རབས་ཀེ་རི་སིའི་སྤྱི་ཚོགས་ནི་མཁར་རྫོང་རྒྱལ་ཕྲན་མང་པོ་ཁ་ཐོར་གྱི་ཚུལ་དུ་ཆགས་པ་ཞིག་ཡིན་ལ། མཁར་རྫོང་རྒྱལ་ཕྲན་རེ་རེར་མངའ་ཁོངས་ཆུང་ངུ་ལས་མེད་དེ། སྡོད་དམངས་ཀྱི་སྤྱི་པའི་ལས་དོན་ཐག་གཅོད་པའི་ལྟེ་བའི་གྲོང་ཁྱེར་དང་དེའི་ཉེ་འདབས་སུ་ཁ་ཐོར་དུ་ཡོད་པའི་གྲོང་ཚོ་དང་ཞིང་སྡེས་གྲུབ་པ་རེད། མཁར་རྫོང་རྒྱལ་ཕྲན་རེ་རེར་རང་རང་གི་སྲུང་སྐྱོབ་ཀྱི་ལྷ་རེ་ཡོད་དེ། དཔེར་ན་ཨ་ཧྥན་ཟིའི་ཨ་ཧྥན་ན་དང་ཨ་ཡ་ཁོ་སིའི་ཧེ་ར་ལྟ་བུའོ། མཁར་རྫོང་རྒྱལ་ཕྲན་གྱི་ལྟེ་བའི་གྲོང་ཁྱེར་དུ་སྲུང་སྐྱོབ་ཀྱི་ལྷ་ལ་མཆོད་འབུལ་བྱེད་པའི་ལྷ་ཁང་དང་ཁྲིམས་ཁང་། སྡོད་དམངས་མཉམ་དུ་འདུ་སའི་ཐང་ཆེན་དང་ལྷད་མོར་རོལ་སའི་ར་བ་སོགས་བཙུགས་ཡོད། མཁར་རྫོང་རྒྱལ་ཕྲན་གྱི་ཆབ་སྲིད་སྒྲི་སྲོལ་དེ་དམངས་གཙོ་ལམ་ལུགས་དང་སྐུ་དྲག་སྤྱི་མཐུན་ལམ་ལུགས་གཙོ་བོ་ཡིན་ཅིང་། མཁར་རྫོང་རྒྱལ་ཕྲན་བར་རྒྱུན་དུ་ཕན་ཚུན་འཕྲོག་རེས་འཇོམས་རེས་བྱས་ནས་གཡུལ་འཁྲུག་འབྱུང་བ་རེད།

ཨུ་ཇིའུ་ཡན་ཤེས་རིག[རྩོམ་སྒྲིག]

ཨུ་ཇིའུ་ཡན་མཚོ་མོ་ནི་ས་དབུས་མཚོའི་མཚོ་དབུག་ཆེན་པོ་ཞིག་ཡིན་ལ། ཀེ་རི་སི་གླིང་ཕྲན་དང་ཨ་ཤེ་ཡ་ཆུང་བ་གཉིས་ཀྱི་བར་དུ་ཆགས་ཡོད། དེ་ནི་ཁེ་རེའུ་ཐི་དང་ཀེ་རི་སིའི་སྔ་དུས་ཀྱི་ཤེས་རིག་དར་བའི་འབྱུང་ཁུངས་ཀྱང་ཡིན། སྔ་དུས་ཤེས་རིག་ལ་གཙོ་བོ་མེའུ་ནོ་སི་ཤེས་རིག་དང་མེ་སེ་ནེ་ཤེས་རིག་སྟེ་དུས་རིམ་ཆེན་པོ་གཉིས་འདུ། དེ་ནི་ཨུ་ཇིའུ་ཡན་མཚོ་མོའི་མཐའ་རུ་བསྐོར་ཡོད་པས་ཨུ་ཇིའུ་ཡན་མཚོའི་ཁྱབ་ཁོངས་ཞེས་ཟེར་བ་རེད། ཨུ་ཇིའུ་ཡན་ཤེས་རིག་དུས་སྐབས་ཀྱི་ཞིང་ལས་དང་མཚོ་སྐྱོད་ལས་རིགས་ཧ་ཅང་དར་རྒྱས་ཆེ་ལ། ཕོ་བྲང་འཛུགས་སྐྲུན་དང་རི་མོའི་སྒྱུ་རྩལ་ཐད་ཀྱི་གྲུབ་འབྲས་ཀྱང་བླ་ན་མཐོ་བས། གནའ་རབས་ཀེ་རི་སིའི་ཤེས་རིག་དར་བར་ཤུགས་རྐྱེན་གལ་ཆེན་ཐེབས་པར་བྱས།

འགོག་སྲུང་མཁར།[རྩོམ་སྒྲིག]

འགོག་སྲུང་མཁར་ནི་གནའ་བོའི་ཀེ་རི་སིའི་མཁར་རྫོང་རྒྱལ་ཕྲན་གྱི་འགོག་སྲུང་རང་བཞིན་ལྡན་པའི་ལྟེ་གནས་ས་ཁུལ་ཞིག་ཡིན། འགོག་སྲུང་མཁར་མང་ཆེ་བ་ས་དབྱིབས་མཐོ་སར་ཆགས་པ་དང་། མཁར་རྫོང་ཡིན་ལ་ལྷ་ཁང་ཡང་ཡིན་པས་ཆོས་ལུགས་དང་དམག་དོན་གཉིས་ཆའི་དམིགས་ཡུལ་གྲུབ་ཡོད། གནའ་རབས་ཀེ་རི་སིའི་མིང་གྲགས་ཆེས་ཆེ་བའི་ཨ་ཧྥན་ཟིའི་འགོག་སྲུང་མཁར་ནི་ད་ལྟའི་ཨ་ཧྥན་ཟི་གྲོང་ཁྱེར་ལྟེ་གནས་ཀྱི་རི་ངོས་སུ་ཆགས་ཡོད་ལ། དེ་ནི་གནའ་རབས་ཀེ་རི་སིའི་རྩིག་བཟོའི་སྒྱུ་རྩལ་ཁྲོད་ཀྱི་འོད་འཚོར་བའི་མུ་ཏིག་རྡོག་ཅིག་ཡིན​།

རིག་གནས་མི་བོ་ཆེའི་འབྱུང་གནས།[རྩོམ་སྒྲིག]

གནའ་བོའི་ཀེ་རི་སིའི་དུས་སྐབས་སུ་རིག་གནས་མི་བོ་ཆེ་ཇི་སྙེད་ཅིག་བྱོན་པ་དང་། མཁས་དབང་མང་བོ་ཞིག་མཚན་ཉིད་པ་ཡིན་པར་མ་ཟད། རྩིས་རིག་པ་དང་རིག་གནས་པ། ལོ་རྒྱུས་རིག་པ་སྨྲ་མཁན་ཡང་ཡིན། དཔེར་ན། ཨེར་ཝེ་སི་ཐ་ཐོ་ནི་རླབས་ཆེ་བའི་མཚན་ཉིད་པ་ཡིན་ལ། སྐྱེ་དངོས་རིག་པ་བའང་ཡིན། ཨར་ཁི་མེའུ་ཏེ་སི་དང་ཡོའུ་ཁེ་ལེ་ཏེ་གཉིས་ཀྱང་རྩིས་རིག་པ་དང་མཚན་ཉིད་རིག་པ་ཉིས་ཆའི་མཁས་པ་ཡིན། ཁོ་ཚོས་རྟག་པར་ཕན་ཚུན་བར་རྩོད་གླེང་མཛད་དེ། རང་ཉིད་ཀྱི་གཉུང་ལུགས་འཐུས་ཚང་དུ་གཏོང་གི་ཡོད། སྐབས་དེར། མཚན་ཉིད་པ་མང་བོ་དང་ཁོ་ཚོའི་བུ་སློབ་རྣམས་ཨ་ཧྥན་ཟི་ནས་དར་མྱོང་ལ། ཕི་ལེ་ཐོ་སློབ་གླིང་དང་ཨེར་ཝེ་སི་ཐ་ཐོ་གྲུབ་མཐའི་སློབ་གྲྭ། ད་དུང་ཨེ་ཕེ་ཁེ་ར་སི་གྲུབ་མཐའ་དང་སི་ཏོ་ཝེ་ཁི་གྲུབ་མཐའ་བཅས་ཡོད། མཁར་རྫོང་རྒྱལ་ཕྲན་རེ་རེར་རང་ཉིད་ཀྱི་དཔེ་མཛིད་ཁང་ཡོད་ལ། ནང་དུ་དཔེ་ཆའང་འབོར་ཆེན་ཉར་ཡོད།

ཨ་ཧྥན་ན་ལྷ་ཁང་།[རྩོམ་སྒྲིག]

ཨ་ཧྥན་ན་ལྷ་ཁང་ནི་ཨ་ཧྥན་ཟིའི་འགོག་སྲུང་མཁར་གྱི་ཆེས་མཐོ་སར་བཞེངས་ཡོད་ཅིང་། ལྷ་ཁང་ལྟེ་གནས་ཀྱི་ཁང་བ་དེ་ནི་ཕཱར་ཧྥེ་ནན་ལྷ་ཁང་ཡིན་པ་དང་། དེ་རུ་ཨ་ཧྥན་ཟིའི་སྲུང་མ་སྟེ་ཨ་ཧྥན་ན་ཕཱར་ཧྥེ་ནན་མཆེད་གསོས་བྱས་ཡོད། ཨ་ཧྥན་ན་ནི་གནའ་རབས་ཀེ་རི་སིའི་ལྷ་སྒྲུང་ཁྲོད་ཀྱི་ཤེས་རབ་ཀྱི་ལྷ་མོ་ཡིན་ལ། ངག་རྒྱུན་དུ་མོས་འཁེལ་འཐག་དང་ལྭ་བ་བཟོབ། ཚག་རྐོ། རྫ་ཆས་བཟོ་བ་སོགས་ཀྱི་ལག་རྩལ་མིའི་རིགས་ལ་བསྕལ་པས། ཨ་ཧྥན་ཟིའི་མཁར་རྫོང་རྒྱལ་ཕྲན་གྱི་སྲུང་མར་བཀུར་པའི་བཤད་སྲོལ་ཡོད། ཨ་ཧྥན་ན་ལྷ་ཁང་དེ་སྤྱི་ལོའི་སྔོན་གྱི་དུས་རབས་༥བའི་དུས་སྨད་དུ་བཞེངས་པ་དང་། ད་ལྷ་ཉར་ཚགས་བྱས་ཡོད་པ་ནི་ལྷ་ཁང་ནང་འགྲོ་སའི་སྒོ་ཆེན་དང་། ཕཱར་ཧྥེ་ནན་ལྷ་ཁང་གཉིས་ཡིན​།

File:ཨ་ཧྥན་ན་ལྷ་ཁང་།.jpg

གནའ་རབས་ཀེ་རི་སིའི་ལུས་རྩལ་འགུལ་སྐྱོད།[རྩོམ་སྒྲིག]

ཀེ་རི་སིའི་མི་རྣམས་ཀྱིས་ལུས་ཕུང་གི་ལེགས་པོ་སྐྱོན་བྲལ་གྱི་ཉམས་ལ་བརྩི་མཐོང་ཆེན་པོ་བྱེད་པ་དང་། ལུས་རྩལ་ལ་ཧ་ཅང་དགའ། སྙན་ངག་པས་སྙན་ངག་ལས་ལུས་རྩལ་འགྲན་ཚོགས་ཁྲོད་རྒྱལ་ཁ་ཐོབ་མཁན་ལ་བསྟོད་བསྔགས་འབུལ་བ་དང་། ཚག་རྐོ་པས་ཚག་བརྐོས་ལས་ལུས་རྩལ་བདེ་མྱུར་གྱི་མཛེས་པ་མཚོན་པར་བྱས་ཡོད། དུས་དེ་རིང་དི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འབྱུང་ཁུངས་གནའ་རབས་ཀེ་རི་སི་ཡིན། གནའ་རབས་ཀེ་རི་སིར་ད་དུང་ཆེད་དུ་ལུས་རྩལ་སློབ་གྲྭའང་བཙུགས་ཡིད་ལ། དེ་ནི་སྐྱེས་པ་ཚོར་ཀེ་རི་སིའི་རིག་གནས་སློབ་གསོ་གཏོང་བའི་ལས་ཁུངས་ཤིག་ཡིན། ན་གཞོན་སྐྱེས་པ་ཚོས་སློབ་གྲྭ་ནས་ལུས་ཕུང་སྦྱོར་བརྡར་བྱེད་དགོས་པ་དང་། ད་དུང་རྩོད་གླེང་མཁས་ཅན་ནམ་རིག་འཕྲུལ་མཁས་དབང་གི་སློབ་གསོའང་དང་ལེན་བྱེད་དགོས།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོའམ་དཔྱད་གཞི།[རྩོམ་སྒྲིག]

ལོ་རྒྱུས་བཤད་པ། ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

  1. ལོ་རྒུས་བཤད་པ། ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧