གནམ་གྱི་ཁྲི་བདུན་

ཡོང་ཁུངས་Wikipedia

བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་རིམ་བཞིན་རྒྱལ་པོ་གནམ་གྱི་ཁྲི་བདུན་བྱུང་བའི་མིང་ནི། མུ་ཁྲི། དིང་ཁྲི། སོ་ཁྲི། མེར་ཁྲི། གདགས་ཁྲི། སྲིབས་ཁྲི་བཅས་བྱུང་བ་རང་རང་སོ་སོའི་སྐྱེས་པའི་ཡུལ་གྱི་མིང་ནས་གྲས་ཏེ་མཚན་གསོལ་ཞེས་བཤད་སྲོལ་ཡོད། གནམ་གྱི་ཁྲི་བདུན་ཟེར་བའི་རྒྱུ་མཚན་ནི་རྒྱལ་པོ་འདི་རྣམས་འདས་སྐབས་སྤྱི་གཙུག་ཏུ་ཡོད་པའི་འོད་དཀར་པོའི་རྨུ་ཐག་ལ་འཇུས་ནས་ནམ་མཁར་གཤེགས་ཏེ་འཇའ་ཚོན་ལྟར་ཡལ་ནས་འགྲོ་བ་ལས་རོ་མེད་པའི་དབང་གིས་མིང་དེ་ལྟར་ཐོགས་པ་ཡིན་ཞེས་བོན་གྱི་བཤད་སྲོལ་ཡིན།

དེ་ཡང་སྤྲེའུ་དང་བྲག་སྲིན་ལས་འཆད་པའི་སྤེའུ་དྲུག་པོ་ཇེ་མང་དུ་སོང་ནས་བོད་ཡུལ་འདི་མིའི་གླིང་ཕྲན་དུ་གྱུར།  དེ་ནས་རུས་ཆེན་བཞི་རུ་གྱེས།  རིམ་བཞིན་བོད་ཡུལ་འདི་མིའི་རྒྱལ་ཁམས་སུ་གྱུར་བ་དེ་ལ་ཡང་ཐོག་མར་གཅིག་གྱུར་མིན་པའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་བཞི་བཅུ་ལྟ་བུ་མང་དུ་བྱུང་ཞིང་། ཁྱད་པར་ལྗོངས་འདིར་མངའ་བསྒྱུར་བའི་རྒྱལ་བོ་མེད་ན་རིགས་རུས་ཆེན་པོ་འདི་གནས་དཀའ་བར་དགོངས་ནས་སྤོ་བོའི་ཡུལ་དུ་བྱ་མོ་བཙུན་བྱ་བའི་བུད་མེད་ཅིག་ལ་བུ་སྤུན་དགུ་སྐྱེས་པ་ལས་ཆུང་ཤོས་ཨུ་བེ་ར་ཟེར་བ་བཞིན་མཛེས་པ།  ལག་སོར་དྲ་བས་འབྲེལ་བ།  མཐུ་རྩལ་ཤིན་ཏུ་ཆེ་བ་ཞིག་བྱུང་བ་དེ་ཡུལ་མི་ཀུན་གྱིས་གདོན་འདྲེར་རྩིས་ཏེ་ཡུལ་དེ་ནས་ཕུད་པ་རིམ་གྱིས་ཡར་ལུང་དུ་སླེབས་པ་ན།  ཡར་ལུང་གི་མི་བསམ་ཤེས་མཁན་བཅུ་གཉིས་བོད་སྤྱིའི་རྒྱལ་བོ་འཚོལ་བའི་སྐབས་དང་ཁེལ་ཏེ་བྱང་ལམ་གཡའ་མོ་གོང་ཟེར་བ་དེར་ཕྲད།  ཁོ་ཚོས་ཁྱེད་སུ་ཡིན།  གང་ནས་འོངས་ཞེས་དྲིས་པས་ལན་དུ་ང་སྤོ་བོའི་ཡུལ་ནས་ཡོང་།  ད་བོད་ལ་འགྲོ་ཟེར།  དེ་ན་ཁྱེད་ལ་མཐུ་རྩལ་གང་འདྲ་ཡོད་ཞེས་པས་ང་ནུས་པ་ཆེ་དྲག་པའི་རྐྱེན་གྱིས་ཡུལ་ནས་ཕུད་པ་ཡིན་ཞེས་སྨྲས།  འོ་ན་ཁྱེད་བོད་ཀྱི་རྗེ་ཨེ་ནུས་ཞེས་པས།  ལན་དུ་ཁྱེད་རྣམས་ཀྱི་ང་གཉའ་པར་ཁྲི་ལ་བཏེག་གྱིས་དང་།  མཐུ་སྟོབས་རྫུ་འཕྲུལ་རིམ་གྱིས་ཤེས་འོང་ཞེས་སྨྲས་བ་བཞིན་འབངས་རྣམས་ཀྱིས་དེ་ལྟར་བྱས་ནས་རྗེ་རུ་བཀུར་བས་མཚན་ལའང་གཉའ་ཁྲི་བཙན་པོ་ཞེས་སོ།།  ཞེས་གསལ་བར་བརྟག་ན།  གཉའ་ཁྲི་བཙན་པོ་ནི་ཡུལ་སྤོ་བོ་ནས་བྲོས་བྱོལ་དུ་ཕེབས་ཤིང་བོད་སྐད་ཤེས་པའི་བོད་མི་རང་ཡིན་པ་མཐོང་ཐུབ་ན།  གཞན་ཆོས་འབྱུང་མང་པོའི་ནང་།  རྒྱ་གར་སོགས་ནས་འོང་བར་བཤད་པའང་མང་མོད།  ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ཡིན་ན་རྗེ་བོའི་འབྱུང་ཁུངས་ཀྱང་རྒྱ་གར་ཡིན་དགོས་པའི་ངེས་པ་ཡེ་ནས་མེད།  འགྲོ་སྟངས་འདི་ནི་མཛུབ་མོ་གང་སྟོན་ཤར་ཞེས་པའི་དཔེ་ལས་དཔྱོད་ཤེས་ཀྱི་འགྲོ་སྟངས་ཤིག་མ་རེད་དོ།།  ལོ་རྒྱུས་ཀྱི་སྐབས་སུ་དེ་ལྟར་སོང་ཚེ་དོན་ངོས་དང་ཐག་རིང་བར་མི་འགྱུར་རམ།  དེ་ནས་གཉའ་ཁྲི་བཙན་པོས་བོད་ཁམས་གཅིག་གྱུར་མཛད་དེ་སྐུ་མཁར་ཐོག་མ་ཡུམ་བུ་བླ་སྒང་བཞེངས།  སུན་པའི་དཔོན་པོ་ཨ་ཡོངས་རྒྱལ་བ་བཏུལ།  སྣུབས་རྗེས་སྲིད་པའི་རྒྱལ་ཕྲན་འབངས་སུ་འདུས།  དེ་བས་གཉའ་ཁྲི་ནི་བོད་སྤྱི་ལ་དབང་བའི་རྒྱལ་བོའི་ཐོག་མར་གྱུར་རོ།།

གཉའ་ཁྲི་བཙན་པོ་དང་གནམ་མུག་མུག་གི་སྲས་མུ་ཁྲི་བཙན་པོ་ནི་བོད་དུ་གཡང་དྲུང་བོན་དར་རྒྱས་མཛད་མཁན་གཙོ་བོ་ཡིན།  བོན་རྣམས་ཀྱིས་ཁོངས་ལ་བརྩི་བཀུར་ཆེན་པོ་བྱེད།  བོན་ལུགས་ལྟར་ན་བཙན་པོ་འདིས་གསས་མཁར་ཁོ་མ་ནེའུ་ཆུང་བཞེངས།  ཞང་ཞུང་ནས་མཁས་པ་ཆེན་པོ་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་སོགས་པ་བརྒྱ་དང་བརྒྱད་གདན་དྲངས།  བོད་དུ་བོན་གྱི་འདུ་གནས་སམ་དགོན་ཆེན་པོ་བཞི་ཅུ་རྩ་ལྔ་བཙུགས།  བོན་གྱི་གསུང་རབ་མདོ་འབུམ་རྒྱུད་མཛོད་སོགས་པོ་ཏི་མང་པོ་བསྒྱུར།  དེ་ཡང་།  དག་པ་ལྷའི་ཡི་གེ་སྟག་གཟུགས་སྤུངས་ཡིག་ཏུ་བསྒྱུར།  སྟག་གཟུགས་སྤུངས་ཡིག་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར།  ཡིག་རྒན་སྨར་སྦྲག་ཏུ་བསྒྱུར།  དེ་སྨར་ཆེ་ཆུང་དུ་བསྒྱུར།  སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར།  ཡིག་སྣ་འབྲུ་མ་ལས་བརྩམས་སོ་ཞེས་སྐབས་དེ་དུས་སུ་བོད་ལ་ཡི་གེ་ཡོད་པར་གསུངས་འདུག  བཙན་པོ་མུ་ཁྲིའི་སྐུ་གཤེན་(སྐུ་གཤེན་ནི་སྔར་བོད་ཀྱི་བཙན་པོ་རིམ་བྱོན་གྱི་དུས་སུ་རྒྱལ་བོའི་སྐུའི་རིམ་གྲོ་བྱེད་མཁན་གྱི་བོན་པོ་རྣམས་ལ་ཞེ་སའི་ཚིག་གིས་འབོད་ཚེ་སྐུ་གཤེན་དང་སྐུ་བོན་ཟེར)ཅོའུ་ལན་ཚས་མཛད་ཅེས་གསལ།

མུ་ཁྲི་བཙན་པོ་དང་ས་དིང་དིང་གི་སྲས་དིང་ཁྲི་བཙན་པོ།  སྐུ་གཤེན་ཅོའུ་སྨིན་དཀར་གྱིས་བྱས།  བཙན་པོ་འདིས་གསས་མཁར་ཁོ་མ་ཡོངས་རྩེ་བཞེངས་ཞེས་གསལ།   ༈ དིང་ཁྲི་བཙན་པོ་དང་སོ་ཐམ་ཐམ་གྱི་སྲས་སོ་ཁྲི་བཙན་པོ།  སྐུ་གཤེན་ཅོའུ་འོད་དཀར་གྱིས་བྱས།  གསས་མཁར་དགུ་ར་དགུ་འཁྱུད་བཞེངས།  ༈ སོ་ཁྲི་བཙན་པོ་དང་དོག་མེར་མེར་གྱི་སྲས་མེར་ཁྲི་བཙན་པོ།  སྐུ་གཤེན་ཅོའུ་ཤངས་དཀར་གྱིས་བྱས།  གསས་མཁར་ཟོ་བོ་ཁྱུང་ལག་བཞེངས།  ༈ མེར་ཁྲི་བཙན་པོ་དང་གདགས་ཀྱི་ལྷ་མོ་དཀར་མོའི་སྲས་གདགས་ཁྲི་བཙན་པོ།  སྐུ་གཤེན་ཅོ་ན་མི་ཆེན་གྱིས་བྱས།  གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས།  ༈ གདགས་ཁྲི་བཙན་པོ་དང་སྲིབ་ཀྱི་ལྷ་མོ་དཀར་མོའི་སྲས་སྲིབ་ཁྲི་བཙན་པོ།  སྐུ་གཤེན་ཅེའུ་ཞལ་དཀར་གྱིས་བྱས།

མུ་ཁྲི་བཙན་པོ་ནས་འདིའི་བར་གསང་སྔགས་ཀྱི་བོན་རྣམས་དང་ཁྱད་པར་སྤྱི་སྤུངས་ཀྱི་བོན་རྣམས་དར་ཞིང་རྒྱས་པ་བྱུང་ཟེར།  འདི་ཡན་གདུང་རབས་བདུན་རྣམས་འདྲ་སྟེ།  སྲས་རྣམས་ཀྱིས་རྟའི་ཆིབས་ཁ་ཐུབ་པ་ན་ཡབ་རྣམས་གཤེགས་སྐབས་རྨུ་ཐག་ལ་འཇུས་ནས་གནམ་དུ་ཡལ་སོང་བས་པུར་དང་བང་སོ་མེད་ཅེས་བོན་གྱི་ལོ་རྒྱུས་སུ་གྲགས།  འོན་ཀྱང་ཡབ་རྣམས་རྨུ་ཐག་ལ་འཇུས་ནས་གནམ་དུ་ཡལ་སོང་ཟེར་བ་ནི་བོན་གཏམ་ཁོ་ན་སྟེ།  འདི་ནི་སྲས་རྣམས་ཀྱིས་ཆིབས་ཁ་ཐུབ་པ་ན་རྒྱལ་སྲིད་སྲས་ལ་གཏད་དེ་རྒྱལ་བོ་རང་ཉིད་རྒྱལ་ས་དང་བྲལ་ནས་སྲིད་ལ་ཐེ་གཏོགས་མི་བྱེད་པར་གནས་ཤིང་།  གཤེགས་སྐབས་པུར་མེ་རུ་སྒྲོན་པའམ་ཡང་ན་བྱ་ལ་མཆོད་པ་སོགས་བྱས་པས་བང་སོ་ཡང་མེད་པར་ངེས་པ་ལས།  རྨུ་ཐག་འཇུས་ནས་ལྷའི་ཡུལ་ལ་ཆས་སོང་ཟེར་བ་དེ་བཙན་པོ་ལྷ་ཡིན་སྙམ་པའི་རྨོངས་དད་ཀྱིས་དེ་ལྟར་བཤད་པར་སྣང་ངོ་།།

མུ་འགོད།༢༠༡༦-༩-༢༡