གནམ་གོ་ལ་
གཟའ་རྣམས་བགྲོད་གནས་གོ་ལ་ཞེས་གྲགས་ལ། རྒྱུ་སྐར་ལ་སོགས་ལྷ་ཡི་གཞལ་མེད་ཁང།། འདེགས་བྱེད་རླུང་གི་འཁོར་ལོ་ཟླུམ་པོ་ཡི།། གཡས་སྐོར་རི་རབ་ལ་ཉེའི་ཕྱོགས་དེ་མཐོ།། མེ་རིར་ཉེ་བའི་ཕྱོགས་དེ་དམའ་བ་སྟེ།། མཐོ་དམན་སྒང་གཤོང་གིས་རྒྱུ་ཁྱིམ་གྱི་གཞི།། གྲུབ་སྟེ་དེ་སྟེང་རྒྱུ་སྐར་ཉེར་བརྒྱད་ཆགས།། གཡས་སུ་འཁོར་ལས་ལྷོ་གླིང་དབུས་མ་འདིར།། ཐ་སྐར་ཐོག་མར་སྣང་ཕྱིར་རྒྱུ་སྐར་གྱི།། དང་པོའི་ཁྱིམ་གྱི་ཐོག་མར་ལུག་ཁྱིན་ཉིད།། དེ་ཡང་གྲོ་བཞིན་བྱི་བཞིན་སྐར་ཁོངགཅིག། བྱས་པའི་རྒྱུ་སྐར་ཉེར་བདུན་རེ་རེ་ཡང།། ཡུལ་གྱི་ས་ཁྱོན་ཆུ་ཚོད་དྲུག་ཅུ་སྟེང།། སྐར་མ་གཉིས་དང་བཞི་ཆ་ཁྱིམ་རེའི་ཚད།། བཞི་ཆའི་རྐང་པ་རེ་ལ་ཆུ་ཚོད་ནི།། བཅོ་ལྔ་དེ་འདྲ་དགུ་ལ་མདའ་ཡོན་ཟླ།། བགྲོད་བྱའི་ཁྱིམ་སྐར་ཆགས་རྗེས་བགྲོད་བྱེད་གཟའ།། སྐྱེ་བའི་ཤར་གླིང་དབུས་མའི་ཚངས་ཐིག་སྟེང།། ཀ་ཊའི་ཁྱིམ་གྱི་ཐོག་མར་ཉི་མ་སྐྱེས། དེ་ནས་ཟླ་བ་ཐ་སྐར་མིག་དམར་འཆུ།། ལྷག་པ་ལྷ་མཚམས་ཕུར་བུ་མེ་བཞི་དང།། པ་སངས་ནབས་སོ་སྤེན་པ་སྣུབས་ལ་སྐྱེས།། རང་རང་སྐྱེས་ཞག་དབང་ཕྱིར་རེས་གཟའ་གྲགས།། སྒྲ་གཅན་ནག་པ་དུས་མེ་ནམ་གྲུ་དང།། མཇུག་རིང་ཆུ་སྨད་སྟེང་སྐྱེས་དེ་རྣམས་ཀྱང།། རང་རང་སྐྱེས་སྐར་ཞིང་ལ་བདག་ཏུ་བཟུང།། དེ་རུ་དགྲ་ཟླ་ཞུགས་ན་རྩོད་ཅེས་གྲགས།། སྐར་ཁྱིམ་གོ་ལ་འདི་ནས་སྣང་བ་བཞིན།། གཡས་སྐོར་རི་རབ་ཉིན་ཞག་རེ་ཡིས་འཁོར།། རང་བགྲོས་གདོང་མཇུག་གཡས་སྐོར་ཉི་མ་སོགས།། གཟའ་གཞན་རི་རབ་གཡོན་སྐོར་སྐར་ཁྱིམ་སྤྱོད། དལ་རྐང་རང་རང་སྐྱེས་སྐར་ལས་བརྩམས་ཤིང།། མྱུར་རྐང་དལ་བ་ལས་བརྩམས་རིལ་རིལ་མིན། སྔ་ཕྱིའི་རྐང་པར་འཕེལ་དང་འགྲིབ་པ་ཡིས།། སྤྱོད་མཐར་ཉི་མ་ནུབ་སོགས་བགྲོས་ཀྱིས་འཁོར།། ཟླ་ལྷག་པ་སངས་མཇུག་རིང་ཞི་གཟའ་གཡོན།། དམར་ཕུར་སྤེན་པ་དྲག་གཟའ་གཡས་ནས་རྒྱུ།། སྒྲ་གཅན་མཉམ་པོའི་བགྲོས་སུ་ཕལ་ཆེར་འདོད།། དེ་ནས་གནམ་གྱི་གོ་ལའི་འཁོར་ཚུལ་ཡང། མུ་སྟེགས་ལུགས་སུ་རྨོག་རྩེགས་ཞེས་བྱ་བ།། ཁྱིམ་སྐར་བཞིན་དུ་ཁྱིམ་ཅན་གཟའ་རྣམས་ཀྱང།། ལྷོ་བྱང་བགྲོད་གཉིས་མེད་པར་སྟེར་རིམ་དུ། བརྩིགས་པས་ཁྱིམ་དང་ཁྱིམ་ཅན་འཆུག་མེད་འདོད།། གཟའ་རྣམས་བགྲོད་གཉིས་འདོད་པའི་ལུགས་ལ་ཡང།། ཕྱེད་བསྐྱེད་སྟེང་བསྐྱེད་ལུགས་གཉིས་གླིང་བཞི་ཀར།། དུས་བཞི་མི་འཁོར་དུས་མཉམ་ཡིན་པར་འདོད།། ཕྱེད་བསྐྱེད་ལུགས་དེ་སྙེ་ཐང་གྲགས་སེང་དང།། ཕྱོགས་འདིར་ཨ་སེང་དམ་ཚོས་བརྟན་པའང་བཞེད།། སྣར་ཐང་ལུགས་སུ་ལྩགས་སྒྲོག་མ་ཞེས་པ།། ཤར་ནུབ་དབྱར་གཅིག་ལྷོ་བྱང་དགུན་གཅིགཟེར།། གྲུ་འཛིན་མ་ཞེས་དུས་འཁོར་རྒྱུད་འགྲེལ་གྱི།། དགོངས་དོན་མཁའ་ལ་ཁྱིམ་དང་ས་གཞི་ལ།། དུས་བཞི་གཡས་སུ་འཁོར་ཚུལ་ཡོངས་གྲགས་ལུགས།། འདི་ལའང་གཞན་གྱི་འཁྲུལ་པའི་ལུགས་བཀག་སྟེ།། རང་ལུགས་རྣམ་དག་སྒྲུབ་པ་ཞལ་ལུང་དང།། བུ་དཔེའི་དགོངས་དོན་གོ་ལའི་ཐིག་རིས་ནི།། སྙམ་པའི་གཞི་ལ་ཚངས་ཟུར་ཐིག་གདབ་སྟེང།། ཆེ་ཆུང་ཇི་ལྟར་འདོད་པའི་ཟླུམ་སྐོར་བྱ།། དེ་ཉིད་ཕྱེད་བགོ་ཕྱི་ནང་གཉིས་ཀ་ཡང།། ཕྱེད་ཕྱེད་བྱས་པས་རིམ་བཞིན་རླུང་མེ་ཆུ།། ལས་སའི་ཕྱི་ཐིག་ནོ་ནང་མ་དེའི།། ཕྱེད་ནས་བསྐོར་བ་ལྷུན་པོའི་སྟེང་གི་རྒྱ།། དེའི་སུམ་ཆ་ཉེ་བའི་ནང་སྐོར་ནི།། རི་རབ་རྩ་བའི་དེ་ཡི་བརྒྱད་ཆ་གཅིག། དེའི་ཕྱིར་བསྐོར་བ་འགྲམ་སྟེགས་ལྷག་མ་ནི།། བཅོ་བརྒྱད་ཆ་བསྐོར་གླིང་མཚོ་རི་དྲུག་པ།། ལས་སའི་མཐའ་དང་ཚངས་ཐིག་བཞི་འཕྲད་པའི།། གཡས་གཡོན་ཚངས་ཟུར་བར་དེ་སུམ་ཆ་བྱ།། ཐིག་གིས་བཅད་པས་བཅུ་གཉིས་གླིང་གི་ས། ལྷོ་དབུས་ཕྱེད་བྱང་དྲུག་བྱས་ཡུལ་དྲུག་ཡིན།། དེ་ནས་ཁྱིམ་ཟླ་བཅུ་གཉིས་འཁོར་ཚུལ་ནི།། གླིང་རྣམས་སོ་སོའི་ནང་མཐའི་དབུས་དྲང་དུ།། བཟུང་སྟེ་དུམ་བུ་བདུན་པའི་ཕྱེད་ནས་བསྐོར།། རང་རང་ལྷོ་བགྲོད་ཐད་དེའི་བྱང་བགྲོད་དང།། གཡས་གཡོན་དབུས་མའི་གླིང་གི་མཉམ་གཉིས་འཆར།། དེ་འདྲ་བཅུ་གཉིས་བསྐོར་བ་ཁྱིམ་གྱི་གྲངས།། ཁ་དོག་རི་རིབ་དབུས་ནི་ལྗང་གུའི་སྟེང།། ཤར་ནག་ལྷོ་དམར་ནུབ་སེར་བྱང་ཕྱོགས་དཀར།། ལུག་དང་བུ་མོ་དཀར་ཞིང་ཉ་སྲང་དམར།། སྡིག་བུམ་ནག་ལ་གླང་དང་སེངྒེ་སེར།། ཀར་འཕྲིག་སྔོན་པོ་གཞུ་དང་ཆུ་སྲིན་ལྗང།། དེ་ཡང་དུས་སྦྱོར་བཅུ་གཉིས་རང་རང་གི།། བགྲོད་པའི་ལམ་ལས་མི་འདའ་གཡས་སྐོར་རྒྱུ།། ལུག་ཁྱིམ་ཤར་དབུས་བསིལ་རིར་ཉེ་ཞིང་མཐོ།། ནུབ་དབུས་མེར་ཉེ་དམའ་ཞིང་ལྷོ་བྱང་དུ།། མཉམ་པའི་ལམ་ནས་འགྲོ་བའམ་དེ་བཞིན་དུ།། ཀ་རཊ་ལྷོ་རུ་བསིལ་རིར་ཉེ་ཞིང་མཐོ།། བྱང་དུ་མེར་ཉེ་དམའ་ཞིང་ཤར་ནུབ་མཉམ།། སྲང་ནི་ནུབ་ཏུ་བསིལ་རིར་ཉེ་ཞིང་མཐོ།། ཤར་དུ་མེར་ཉེ་དམའ་ལ་ལྷོ་བྱང་མཉམ།། ཆུ་སྲིན་བྱང་དུ་བསིལ་རིར་ཉེ་ཞིང་མཐོ།། ལྷོ་རུ་མེར་ཉེ་དམའ་ཞིང་ཤར་ནུབ་མཉམ།། ཚུལ་དེས་ཁྱིམ་གཞན་བརྒྱད་ལའང་རིགས་འགྲེ་སྦྱར།། ཁྱད་པར་ལྷོ་དབུས་འཛམ་གླིང་ཆུང་ངུ་ཡི།། སྟེང་ཐང་ཁྱིམ་གྱི་འགྲོ་ལམ་ཤེས་བྱའི་ཕྱིར།། རྒྱ་མཚོའི་བཞི་ཆ་གཅིག་ནི་ནང་དོར་དེ།། ཚངས་ཐིག་འཕྲད་པ་ནས་བཟུང་བསིལ་རི་དང།། མེ་མཚམས་བར་སྐོར་ཟླུམ་པོ་དེ་ཡི་དབུས།། ཤར་ནུབ་མཉམ་ལམ་མཚོན་པའི་རི་མོས་བཅད།། མཉམ་ལམ་དེ་ཡི་ཤར་ཕྱེད་བྱང་མར་ལག དེ་ནས་རིམ་བཞིན་ནུབ་ཕྱེད་བྱང་མ་རུ།། བུ་མོའི་བར་གྱི་བྱང་ཁྱིམ་དྲུག་བཀོད་ཅིང།། ནུབ་ཕྱེད་ལྷོ་མར་སྲང་ནས་ཤར་གྱི་ཕྱེད།། ལྷོ་རུ་ཉ་ཡི་བར་བཀོད་ལྷོ་ཁྱིམ་དྲུག དེ་ལྟའི་ལྷོ་ཁྱིམ་དྲུག་དབྱིབས་འོད་མི་གཞུ།། བྱང་ཁྱིམ་པདྨའི་དབྱིབས་ཞེས་རྒྱུད་འགྲེལ་ལས།། གསུངས་པའང་དུམ་བུ་སོ་སོའི་ཁྱིམ་འདིས་རྫོགས།། དེ་བཞིན་དུམ་བུ་ལྷག་མ་བཅུ་གཅིག་པོའི།། རང་ཐད་གོ་ལའང་སྔར་བཞིན་ཟླུམ་པོར་བསྐོར།། མཉམ་པའི་ལམ་བཅད་ལྷོ་གླིང་ཤར་མ་ནས།། བཟུང་སྟེ་གཡོན་སྐོར་སོ་སོའི་ཤར་གྱི་ཕྱེད།། བྱང་མར་ཉ་བུམ་ཆུ་སྲིན་གཞུ་སྡིག་སྲང།། བུ་མོ་སེང་ཀར་འཁྲིག་གླང་བཀོད་པ་ནས།། བརྩམས་ཏེ་ཁྱིམ་རྣམས་གཡོན་སྐོར་དགོད་པ་ཡི།། གླིང་རྣམས་རང་རང་ཐད་ཀྱི་འགྲོ་ལམ་རྟོགས།། ཚུལ་འདི་འགོས་ལོའི་བཞེད་བཞིན་ལྷོ་བྱང་བར།། གནས་དྲུག་བྱས་པར་ཁྱིམ་གང་འགྲོ་བའི་ལམ།། དུམ་བུ་སོ་སོའི་ཐད་རེར་མི་འདྲ་རེ།། འོང་བའི་ཚུལ་ཡང་ཁོང་དུ་ཆུད་པར་འགྱུར།། སྐར་ཁྱིམ་འཁོར་བའི་རྒྱ་ཚད་མེ་ནས་བཟུང།། བསིལ་རིའི་བར་གྱི་བདུན་ཁྲི་ལྔ་སྟོང་སྟེང།། དེ་ལས་ལྷོ་བྱང་དཔག་ཚད་སྟོང་ཉིས་བརྒྱ།། ལྔ་བཅུ་རེ་དོར་དེ་དབུས་ལྔ་ཁྲི་ནི།། ཉི་མ་ལྷོ་བྱང་བགྲོད་པའི་བར་ཁྱོན་ཡིན།། མཐོ་ཚད་བྱང་བགྲོད་མཐའ་དེར་ས་གཞི་ལས།། དཔག་ཚད་བརྒྱད་ཁྲི་དྲུག་སྟོང་མཁའ་ལས་འཁོར།། ལྷོ་བགྲོད་མཐར་ཐུག་དམའ་ཚད་ས་གཞི་ལས།། བདུན་ཁྲི་ལྔ་སྟོང་འཕགས་པའི་སྟེང་ནས་འགྲོ།། མཉམ་གཉིས་སྐབས་སུ་བརྒྱད་ཁྲི་ལྔ་བརྒྱས་འཕགས།། ཉི་མའི་ལྷོ་བྱང་བགྲོད་པ་ལོ་རེའི་ཕྱེད།། ཉིན་ཞག་ཕྱེད་བཅས་བརྒྱ་དང་གྱ་གཉིས་སུ།། སྟེང་འོག་ལྷོ་བྱང་འགྲོ་བ་དེ་ཡིས་ནི།། དཔག་ཚད་སྟོང་ཕྲག་བཅུ་གཅིག་ལ་བགོས་ནོར།། ཞག་རེར་གདུང་བྱེད་སྟེང་འོག་འགྲོ་བའི་ཚད།། བདུན་ཁྲི་ལྔ་སྟོང་ལ་བགོས་ནོར་དེ་ནི།། གདུང་བྱེད་ལྷོ་དང་བྱང་དུ་འགྲོ་བའི་ཚད།། དེ་བཞིན་ཞག་དེས་ལྔ་ཁྲི་བགོས་པའི་ནོར།། ཉི་དཀྱིལ་ལྷོ་བྱང་བགྲོད་པའི་ཚད་དུ་ངེས།། མགྱོགས་བུལ་ཚད་ཀྱང་ཆུ་ཚོད་རེའི་ཡུན་ལ།། དཔག་ཚད་དྲུག་སྟོང་ཕྱེད་དང་སུམ་བརྒྱ་འགྲོ།། ཉིན་ཞག་རེ་རེར་དཔག་ཚད་སུམ་འབུམ་དང།། བདུན་ཁྲི་ལྔ་སྟོང་རེ་ནི་བགྲོད་པར་ནུས།། དེ་ནས་ས་ལ་དུས་བཞི་འཁོར་ཚུལ་ཡང།། དཔེར་ན་ཉི་མ་ལུག་ཁྱིམ་ལ་གནས་ཚེ།། ལྷོ་དབུས་དཔྱིད་འབྲིང་ནུབ་དབུས་དགུན་འབྲིང་གནས།། དེ་ཚོ་ལྷོ་གླིང་ནུབ་མར་དཔྱིད་ར་སྟེ།། ལྷོ་གླིང་ཤར་མར་དཔྱིད་ཐ་གནས་སོགས་མཚོན།། རང་ཅག་གནས་པའི་ས་འདིར་ཉ་དང་ནི།། བུ་མོའི་ཐོག་མར་མཉམ་གཉིས་འཁྲིག་གཞུ་ལ།། བགྲོད་མཐའ་ཕོག་ཕྱིར་ལྷོ་གླིང་ཤར་མ་ཡི།། ཚངས་པའི་གནས་ཀྱི་ཁྱོན་གཉེར་ཕུག་པས་བཞེད།། བགྲོད་མཉམ་རི་མོར་མཐུན་མོད་དེ་ལྟར་ནའང།། ཤར་ཕྱོགས་རྒྱ་ནག་ཡུལ་མཐའ་རྒྱ་མཚོ་ཡི།། དངོས་སུ་བཅད་པར་སྣང་ཕྱིར་ལྷོ་དབུས་མིའི།། ས་ཡི་ཆ་ལས་གཞན་དུ་མི་འགྱུར་ངེས།། འདི་ན་ཕུག་པའི་ལེགས་བཤད་སྔོན་བྱུང་ལས།། གསར་དུ་སྤྲོས་པ་མེད་ཀྱང་རང་ཡིད་ལ།། ཤེས་བྱའི་གནས་ཚུལ་གསལ་བའི་མི་བསྙེལ་བའི།། ཆེད་དུ་ཡི་གེའི་ལས་སུ་སླར་ཡང་བྱས།། ཞེས་ཞིབ་པར་ཕུག་ལུགས་ལེགས་བཤད་གཙོ་བོར་བྱས་པའི་གཙུག་ལག་རྩིས་ཀྱི་རི་མོའི་ལག་ལེན་གསལ་པའི་ཡི་གེ་རྩིས་རིག་རྣམ་གསལ་འོད་ཀྱི་ཐིག་ལེ་ལས་ས་དང་གནམ་གྱི་གོ་ལའི་སྐབས་སུ་གསལ།