གན་ཆག

ཡོང་ཁུངས་Wikipedia

གན་ཆག་ཅེས་པ་ནི་བོད་ཀྱི་གླུ་གར་རྩེད་མོའི་སྐབས་རམས་འདེགས་རོལ་ཆར་བཀོལ་བའི་གཞུ་འཐེན་རོལ་མོའི་རྣམ་གྲངས་ཤིག་ཡིན།

དར་ཚུལ།[རྩོམ་སྒྲིག]

གན་ཆག་ཅེས་པ་ནི་གཞུ་འཐེན་རོལ་མོའི་རྣམ་གྲངས་ཤིག་ཡིན་ཞིང་། དེ་བོད་དུ་ནམ་བྱུང་གི་སྐོར་ལ་བཞེད་སྲོལ་མི་འདྲ་བ་སྣ་ཚོགས་བྱུང་བ་སྟེ། «དེང་རབས་བོད་ཀྱི་རོ་མོའི་རྣམ་བཤད» ཅེས་པའི་རྒྱ་ཡིག་གི་དཔེ་དེབ་དེ་ལས། དེའི་སྐོར་ལ་ཤོད་རྒྱུན་གཉིས་ཙམ་ཡོད་དེ། གཅིག་ནི་རོལ་ཆ་འདི་ཏཱ་ལའི་བླ་མ་ལྔ་བ་ཆེན་པོའི་སྐབས་ལ་ལ་དྭགས་ནས་བོད་དུ་དར་བར་བཤད་ཅིང་། དེའི་གཞི་འཛིན་ས་ནི་གན་ཆག་འདི་ནི་ཨ་རབ་མི་རིགས་ཀྱི་རོལ་མོའི་བྱེ་བྲག་ཅིག་ཡིན་སྟབས། ལ་དྭགས་དབྱི་སི་ལན་ཆོས་ལུགས་ཅན་དུ་བསྒྱུར་རྗེས་ཨ་རབ་རིག་གནས་དང་དུ་བླངས་པ་དང་སྦྲགས་གན་ཆག་ཀྱང་ཁྱིམ་མཚེས་དབྱི་སི་ལན་རྒྱལ་ཁབ་ནས་ལ་དྭགས་དེ་ནས་བོད་དུ་དར་བར་འདོད་པ་དང་། ཅིག་ཤོས་ནི་བོད་རང་སྐྱོང་ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་གིས་རོལ་མོའི་བྱེ་བྲག་དེའི་སྐོར་ལ་བཞག་པའི་ཆོད་སྡོམ་སྙན་ཞུའི་ནང་རོལ་མོ་འདི་རྒྱ་བཟའ་ཝུན་ཤིང་ཀོང་ཇོས་བོད་དུ་བསྣམས་ཕེབས་ཞེས་འཁོད་ཡོད་པ་དེའོ། །འོན་ཀྱང་ང་ཚོས་ཤོད་རྒྱུན་དེ་གཉིས་ལ་དོགས་པ་ཟ་བཞིན་ཡོད་དེ། རྒྱུ་མཚན་ནི་དེ་གཉིས་ལ་ད་དུང་ཁུངས་ཐུབ་རྒྱུ་མཚན་དེ་ཙམ་མེད་པས་རེད་ཅེས་དང་། ཡང་དེ་ལས«བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ»ལས། རོལ་མོ་འདི་ནི་རྒྱ་བཟའ་ཝུན་ཤིང་ཀོང་ཇོས་མ་ཡིན་པར་གྱིམ་ཤིང་ཀོང་ཇོས་ཁྲིད་ཕེབས་པའི་ཆིའུ་ཚི་རོལ་ཆ་རུ་ཁག་གིས་བེད་སྤྱོད་པའི་རོལ་མོ་ཞིག་ཡིན་ཞེས་རང་གི་འདོད་ཚུལ་བསྟན་ཡོད་ཀྱང་། དེ་ཡང་རྒྱུ་མཚན་ལྟར་སྣང་ཙམ་དུ་ཟད་དེ། སྤྱིར་ཐང་རྒྱལ་རབས་སྐབས་སུ་གན་ཆག་ལྟ་བུའི་གཞུ་འཐེན་རོལ་ཆ་དེ་རིགས་དར་སྲོལ་མེད་པར་བཤད་པ་དང་། ཡང་སྒོས་ཐང་རྒྱལ་རབས་ཀྱི་ཆིའུ་ཚི་རོལ་ཆ་རུ་ཁག་གིས་གན་ཆག་སོགས་གཞུ་འཐེན་རོལ་ཆ་གཏོང་སྲོལ་མེད་པ་ནི་སུང་རྒྱལ་རབས་ཀྱི་ཝུའུ་ཙུང་ཡོན་གྱིས་སུག་བྲིས་བགྱིས་པའི་«རྒྱལ་རབས་གསར་བ་དབུ་བརྙེས་བར་རྟེན་འབྲེལ་ཞུ་བའི་ལྷ་ཡི་གཟབ་སྦྲེང»ལ་བལྟས་པས་ཤེས་ནུས། དེ་བཞིན«དེང་རབས་བོད་ཀྱི་རོལ་མའི་རྣམ་བཤད»ཅེས་པའི་རྩོམ་པ་པོ་དེས་ཀྱང་རང་གི་འདོད་ཚུལ་བཏོན་ཏེ་སུའུ་ལེན་ཝུའུ་སེ་པེ་ཁེ་སོགས་ས་ཁུལ་ནས་སྤྱི་ལོ1956ལོའི་བར་ཙམ་ལ་དར་བར་བཤད་ཀྱང་། གར་དཔོན་པ་སངས་དོན་གྲུབ་ལགས་ཀྱིས་དེ་ལ་གསལ་ཁ་བཏོན་པའི་རྩོམ་ཡིག་ཅིག་བྲིས་ཡོད་པ་དེར་གན་ཆག་ཅེས་པའི་རོལ་ཆ་འདི་ནི་དེ་ལས་སྔ་ཚད་ཅིག་ནས་དར་ཚུལ་ནན་བཤད་བྱས་ཡོད་པ་དང་། «ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་ཚིག་མཛོད»དང«ཀྲུང་གོའི་རོལ་མོའི་ཚིག་མཛོད»སོགས་ཀྱི་ནང་དུ་དེ་ནི་རྒྱལ་དབང་སྐུ་ཕྲེང་ལྔ་བའི་དུས་ལ་ལ་དྭགས་ནས་དར་ཞིང་། གར་པའི་ནང་དངོས་སུ་བེད་སྤྱོད་བྱས་ནས་ད་བར་བགྲང་བྱ་སུམ་བརྒྱ་ལྷག་ཙམ་ཕྱིན་ཡོད་ཚད་བཀོད་འདུག དེ་ལ་སོགས་པའི་ལོ་རྒྱུས་ཡིག་ཆ་མང་པོར་གཞིགས་ན། གན་ཆག་ཅེས་པའི་རོལ་ཆ་འདི་ཡང་གར་གྱི་རོལ་མོའི་བྱེ་བྲག་གཞན་ཞིག་དང་འདྲ་བར་ལ་དྭགས་ཁུལ་ནས་རིམ་བཞིན་གཙང་དང་དབུས་ཕྱོག་སུ་དར་བར་སེམས་ལ། རོལ་ཆ་འདི་རྒྱུད་མང་ཉུང་ལ་མ་ལྟོས་བར་ཨ་རབ་དང་། ཏ་ཟིག ཐུར་ཁེ་སོགས་སུ་དར་ཁྱབ་ཡོད་པ་མ་ཟད། ས་ཆ་དེ་དག་དུ་ཡང་རོལ་མོའི་བྱེ་བྲག་དེར་གན་ཆག་ཅེས་འབོད་སྲོལ་ཡོད་པ་བཅས་ལ་གཞིགས་ན། རང་རེའི་གན་ཆག་འདི་ཡང་ས་ཆ་དེ་དག་ནས་ལ་དྭགས་བརྒྱུད་བོད་དུ་དར་ཡོང་བ་ཞིག་ཡིན་པ་གོར་མ་ཆག་ལ། བོད་དུ་དར་རྗེས་སུ་ཡང་རང་རང་སོ་སོའི་དགོས་དབང་གི་བབས་དང་བསྟུན་ནས་འགྱུར་བ་སོང་ཡོད་པ་ཞིག་རེད།

འཕེལ་འགྱུར།[རྩོམ་སྒྲིག]

ད་ཡོད་བོད་ཀྱི་གན་ཆག་གི་དབྱིབས་ནི་ཕལ་ཆེར་ཨ་རབ་ས་ཁུལ་གྱི་གན་ཆག་དང་འདྲ་ཤས་ཆེ་བ་ཕུད། དེ་མིན་རྒྱུད་མང་ཉུང་དང་སྒྲ་སྒྲིག་སྲོལ་ཐད་ཨ་རབ་ས་ཁུལ་གྱི་གན་ཆག་དང་ཁྱད་པར་གང་ཙམ་མཆིས། Gdgc1ཞེས་སུ་སྒྲིག་སྲོལ་ཡོད་པ་ཞིག་ཡིན་ན། རང་རེའི་བོད་ཀྱི་མཆོད་སྤྲིན་གར་པའི་གན་ཆག་ནི་རྒྱུད་གསུམ་ལྡན་ཕྲ་སྦོམ་འབྲིང་གསུམ་སྟེ་རང་རང་སོ་སོའི་མཉན་བྱའི་གོམས་གཤིས་དང་མཐུན་པར་སྒྲིག་སྲོལ་མཆིས་པ་ལྟ་བུ་ཡིན། འོན་ཀྱང་རང་རེའི་བོད་ཀྱི་གན་ཆག་གི་སྒྲིག་སྲོལ་སྐོར་ལ་ཡང་བཞེད་སྲོལ་སྣ་ཚོགས་བྱུང་བ་སྟེ། «ཀྲུང་གོའི་རོལ་མོའི་ཚིག་མཛོད»ནང་ae1a1དང་། «ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རོལ་མོའི་སྒྱུ་རྩལ་ཚིག་མཛོད»ནང་། d1a1e2 ཞེས་སུ་འཁོད་ཡོད་ཅིང་། དང་པོ་ལྟར་ན་རྒྱུད་སོ་སོའི་བར་དཀྱུས་རིམ་ལྔ་ལྡན་ནས་བཞི་ལྡན་བར་འབྲེལ་བ་དང་ལྡན་པ་ཞིག་ཡིན་ལ། གཉིས་པ་ལྟར་ན་དཀྱུས་རིམ་ལྔ་ལྡན་ནས་ལྔ་ལྡན་བར་གྱི་འབྲེལ་བ་དང་ལྡན་པ་ཞིག་ཡིན་པས་དེ་གཉིས་ཀྱང་མི་མཐུན་པར་སྣང་། རོལ་མོའི་སྒྱུ་རྩལ་ལ་མངའ་བརྙེས་པའི་རྒན་རབས་ཁག་ཅིག་གིས། གན་ཆག་ནི་སྔ་དུས་མཆོད་སྤྲིན་གར་གླུར་མ་གཏོགས་བེད་སྤྱོད་མེད་པ་གང་ཞིག དེའི་སྒྲ་སྒྲིག་སྲོལ་ཡང་མཆོད་སྤྲིན་གར་གླུའི་གདངས་འགྱུར་དང་མཐུན་པར6 2 5ཞེས་སྒྲ་སྙན་གསགས་སྒྲིག་ལྟར་སྒྲིག་སྲོལ་ཡོད་མོད། ཕྱིས་དུས་དབང་གི་རྐྱེན་པས་སྟོད་གཞས་ནང་མ་སོགས་ལ་རམ་དཀྲོལ་བྱེད་སྐབས་སྟོད་གཞས་ནང་མའི་རོལ་དབྱངས་ཀྱི་གདངས་འགྱུར་ཅུང་ཟད་མི་འཚམས་པར་མ་ཟད། དཀྲོལ་ཐབས་ཀྱང་དེ་ཙམ་བདེ་བོ་མ་བྱུང་བར་བརྟེན། དེ་སྔ་ས་གནས་སྲིད་གཞུང་གི་གར་ཕྲུག་པ་དང་དེང་སྐབས་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་ཚན་ཁག་གི་དགེ་རྒན་བཀྲ་ཤིད་ཚེ་རིང་ལགས་ཀྱིས 5 2 6 ཞེས་སུ་བཅོས་པར་གནངས་པའི་སྐོར་ལས། དེ་མིན ae1a1དང་། d1a1e2ཞེས་པ་འདི་གཉིས་ཀྱི་ཁུངས་གཏུག་ས་གང་ཡིན་མིན་ཤེས་རྟོགས་མ་བྱུང་བས། ཁོ་བོ་ནི་རེ་ཞིག་སྔོན་གྱི་རྒན་པོའི་རྗེས་སུ་འབྲངས་ཏེ་རང་རེའི་བོད་ཀྱི་གན་ཆག་གི་སྒྲིག་སྲོལ་སྔར་གྱི་སྒྲ་སྒྲིག་སྟངས6 2 5 ཡིན་པར་ཡིད་འཐད་དོ། །

བཟོ་བཀོད།[རྩོམ་སྒྲིག]

དེ་བཞིན་གན་ཆག་གི་དབྱིབས་དང་བཟོ་བཀོད་ནི། སྤྱིར་ཨ་རབ་ཡུལ་དུ་དར་བའི་གན་ཆག་གི་རྫིང་ངམ་རྫ་མ་ནི་བེ་ཏའི་འབྲས་བུའི་ཤུན་པ་ཕྱེད་བཤགས་བཏང་པའི་ཕྱེད་ཆ་གཅིག་ལས་གྲུབ་པ་ཞིག་ཡིན་པ་ཕུད། དེ་བྱིངས་གཞུང་ངམ་མདའ་དང་། གཅུས་ཕུར། སྒ་བཅས་ཤིང་ལས་གྲུབ་ཚུལ་བོད་དང་གཅིག་མཚུངས་ཡིན་ལ། རྫིང་ངམ་རྫ་མའི་ཁར“ཏི་པི”ཞེས་ར་ལུགས་དང་སྦྲུལ་སོགས་ཀྱི་པགས་པ་གཡོགས་ཚུལ་དང་། གཞུ་ཡང་སྨྱུག་མ་དང་རྟ་རྔ་ལས་གྲུབ་པ་གཅིག་མཚུངས་ཡིན་པ་བཅས། མདོར་ན་གན་ཅག་གང་ཞིག་ཡིན་རུང་ར་མ་དང་། མདའ། རྒྱུད་སྐུད། གཞུ། གཅུས་ཕུར། སྒ་སོགས་ཆ་ཤས་དུ་མ་འདུས་པ་ལས་གྲུབ་པ་ཞིག་ཡིན་ནོ། །

དཀྲོལ་སྟངས།[རྩོམ་སྒྲིག]

གཞན་ཡང་རང་རེ་བོད་ཀྱི་གན་ཆག་གི་སྤྱོད་ཁུངས་དང་དཀྲོལ་ཐབས་སྐོར་ལ། དེ་སྔ་ཡིན་ན་མཆོད་སྤྲིན་གར་བ་ཁོ་ནས་མ་གཏོགས་བེད་སྤྱོད་སྲོལ་མེད་པའི་རོལ་མོ་ཞིག་ཡིན་རུང་། ཕྱིས་དུས་ཀྱི་འགྱུར་བ་ལ་བརྟེན་ནས་སྐབས་འགར་དམངས་ཁྲོད་གླུ་གར་སྟོད་གཞས་ནང་མ་སོགས་ཀྱི་རམ་དཀྲོལ་རོལ་ཆའི་ཁོངས་སུ་གཏོགས་པ་ཞིག་ཡིན་སྟབས། དེར་དམིགས་བསལ་བཀའ་ཤག་རང་ནས་དོ་དམ་བྱེད་པར་མ་ཟད། གར་གྱི་ཆེད་ལས་མི་སྣ་གར་ཕྲུག་ཆེད་འགུགས་བགྱི་སྐབས་བཀའ་ཤག་རང་ནས་དམིགས་བསལ་བཀའ་རྒྱ་གཏོང་སྲོལ་ཡོད་ཅིང་། གར་ཆས་སོགས་རྩིས་ལེན་རྩིས་སྤྲོད་བྱེད་སྐབས་བཀའ་ཤག་གི་སྐུ་ཚབ་བཀའ་ཤག་ཤོད་པ་དང་། ཞོལ་ལས་ཁུངས་ཀྱི་སྐུ་ཚ་གཉེར་ཆུང་གཅིག་ཕེབས་སྲོལ་ཡོད་ལ་ཐད་ཀའི་འགོ་ཁྲིད་སྐབས་སོ་སོའི་གར་དཔོན་ལས་ཐོག་དང་མཛད་སྒོའི་སྐབས་རྩེ་མཁན་མགྲོན་ཆེན་མོ་ནས་གནང་སྲོལ་ཡོད་པ་བཅས་མཆོད་སྤྲིན་གར་པའི་སྒྲིག་གཞི་དང་དོ་དམ་ཧ་ཅང་ཚགས་ཚུད་ཅིང་གནས་བབས་དམིགས་བསལ་ཡིན་པ་སོགས་ལས། དམངས་ཁྲོད་དུ་དར་ཁྱབ་དེ་ཙམ་མ་བྱུང་བར་སྙམ། དེ་ཡང་སྟོད་གཞས་ནང་མའི་རོལ་མོའི་བྱེ་བྲག་གི་ཁོངས་སུ་གན་ཆག་གཏོང་སྲོལ་ཆགས་པའི་ཐོག་མའི་དུས་ནི་སྤྱི་ལོ1956 ལོར་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཙུང་ལི་གཞོན་པ་ཁྲིན་དབྱི་ཡོད་དུ་ཡོང་སྐབས་བསུ་མ་ཞུ་བའི་གསོལ་སྟོན་སྐབས་གར་པས་ནང་མའི་སྐྱིད་སྡུག་གི་ཚབ་ལྟ་བུ་བྱས་ཏེ་སྟོད་གཞས་ནང་མ་སོགས་དམངས་ཁྲོད་རོལ་དབྱངས་གཏོང་དཀྲོལ་བྱེད་པའི་སྐབས་སུ་ཡིན་ནོ་ཞེས་རྒན་རབས་རྣམས་ཀྱི་ངག་ལས་ཐོས། དེ་ལྟ་བུའི་གན་ཆག་དཀྲོལ་བའི་ཚེ་ནའང་སྔར་ཡིན་ན་དཀྲོལ་བ་པོ་དེ་ཉིད་གདན་སྟེང་སྐྱིལ་ཀྲུང་བཅས་ཏེ་སྡོད་དགོས་སྟབས། རྫ་མའི་འོག་གི་ལྕགས་ཀྱི་རྐང་པ་དེ་ཉིད་ས་ལ་བཙུགས་ཏེ་དཀྲོལ་བར་བྱེད་ལ། ཕྱིས་ཕྱིའི་ཆ་རྐྱེན་དང་ནང་གི་ཀུན་སྤྱོད་སོགས་ལ་འགྱུར་བ་བྱུང་སྟབས། དཀྲོལ་བ་པོ་དེ་ཉིད་རྐུབ་སྟེགས་སྟེང་ཁྱེལ་འདུག་བྱས་ཏེ་སྡོད་གཤིས་སྔར་གྱི་རྐང་བ་ཨང་སྟན་དུ་བཅོས་ནས་པུས་མོ་གཡོན་པའི་སྟེང་དུ་བཞག་ནས་གཏོང་སྲོལ་ཆགས། དེ་ལྟར་གན་ཆག་དཀྲོལ་གཏོང་བྱེད་པའི་ཚེ་ནའང་ལག་གཡོན་པས་གན་ཆག་དང་ལག་གཡས་པས་གཞུ་བཟུང་སྟེ་བྲང་ལག་མི་སྦྱོར་བར་ལྷོད་ཡང་དང་བཅས་པས་དཀྲོལ་དགོས་ལ། དཀྲོལ་ཚུལ་ཡང་པི་ཝང་རྒྱུད་གཉིས་པ་དང་མི་འདྲ་བར་གན་ཆག་དང་གཞུ་གཉིས་ཕན་ཚུན་སྟབས་བསྟུན་པའི་སྒོ་ནས་ཕར་གཅུ་ཚར་གཅུ་བྱས་ཏེ་དཀྲོལ་དགོས་ཤིང་། གན་ཆག་གི་སྒྲ་སྙན་མི་སྙན་ཚང་མའང་མཐེབ་རྒྱག་དང་གཞུ་འཐེན་གནད་དུ་ཁེལ་མིན་དང་འཁྲོལ་མིན་ལ་རག་ལས་པ་ཡིན་ན། དེ་ལུགས་རྒྱུད་དང་། མཐེབ་རྒྱག གཞུ་འཐེན་སོགས་ཀྱི་གནས་ལུགས་ཁོང་དུ་ཆུད་དགོས། དེ་ཡང་མཐེབ་རྒྱག་ལ་ཆ་བཞག་ན། མཛུབ་མནན་དང་། ལྡེམ་མནན། མཐེབ་ཙག འདྲེད་ཤུད་ཟེར་བ་སོགས་ཡོད་ལ། གཏོང་བའི་ཚེ་ནའང་སྤར་གནས་སྤོ་སྒྱུར་གྱི་རིགས་ཅང་མ་མཆིས་སོ། ། གཞན་ཡང་ཕྱིས་ཆེད་ལས་སྒྱུ་རྩལ་ཚོགས་པས་ལེགས་བཅོས་བྱས་པའི་གན་ཆག་ལ་མཚོན་ན། སྲིད་དུ་རིང་ཚད་ལིའི་རྨིད60ཙམ་དང་། རྫ་མའི་མདུན་ངོས་སྒོར་ཞིང་ཆུང་ལ་ལྟོ་ལྡིར་རྒྱབ་ཁ་ཆུང་བ། རྫ་མའི་སྟེང་དུ་ཏི་པིར་སྦྲུལ་ལྤགས་དང་ཉ་ལྤགས་སོགས་གཡོགས་པ། རྒྱུད་ཕྲ་སྦོམ་འབྲིང་གསུམ་ལྕགས་རིགས་ལས་གྲུབ་པ། སྒྲ་སྒྲིག་སྲོལ་ཡང་ནུབ་གླིང་གི་རོལ་མོའི་བྱེ་བྲག་ཨོག་ལེན་ནམ«རྒྱ་བོད་རོལ་མོའི་ཐ་སྙད་གསར་བསྒྲིགས»ནང་གསལ་བའི་མགུལ་འཆིངས་ཆུང་བའི་གཞུ་དང་འདྲ་བ་བཅས། མདོར་ན་སྲོལ་རྒྱུན་གྱི་གན་ཆག་ལས་ཀྱང་སྒྲ་ཁྱབ་དང་སྤྱོད་སྒོ་ཆེ་བ་ཡོད་ལུགས་སོགས་ཀྱི་སྐོར«ཀྲུང་གོའི་རོལ་མོའི་ཚིག་མཛོད»སོགས་ཀྱི་ནང་ཅུང་ཟད་ཞིབ་ཙམ་བཀོད་ཡོད་པས་དེར་གཟིགས་ན་དགོས་པ་ཆེའོ། །

ཁ་གསབ།[རྩོམ་སྒྲིག]

གན་ཆག་ཅེས་པ་ནི་གཞུ་འཐེན་རོལ་མོའི་རྣམ་གྲངས་ཤིག་ཡིན་ཞིང་།དེ་བོད་དུ་ནམ་བྱུང་གི་སྐོར་ལ་བཞེད་སྲོལ་མི་འདྲ་བ་སྣ་ཚོགས་བྱུང་བ་སྟེ།"དེང་རབས་བོད་ཀྱི་རོལ་མོའི་རྣམ་བཤད་"ཅེས་པའི་རྒྱ་ཡིག་དཔེ་དེབ་ཀྱི་ཤོག་གྲངས་ཉིས་བརྒྱ་ཐམ་པའི་ནང་"གན་ཆག་གི་བྱུང་བའི་སྐོར་ལ།ད་བར་ཁུངས་བཙུན་ཙམ་ཡིན་པའི་ལོ་རྒྱུས་ཡིག་ཆ་མ་ཪྙེད་ཀྱང་།དེའི་སྐོར་ལ་ཤོད་རྒྱུན་ཁག་གཉིས་ཙམ་བྱུང་བ་སྟེ།གཅིག་ནི་རོལ་ཆ་འདི་བཞིན་ཏཱ་ལའི་བླ་མ་ལྔ་པ་ཆེན་པོའི་སྐབས་ལ་དྭགས་ནས་བོད་དུ་དར་བར་བཤད་ཅིང་།དེའི་གཞི་འཛིན་ས་ནི་གན་ཆག་འདི་བཞིན་ཨ་རབ་མི་རིགས་ཀྱི་རོལ་མོའི་བྱེ་བྲག་ཅིག་ཡིན་སྟབས།ལ་དྭགས་དབྱི་སི་ལན་ཆོས་ལུགས་ཅན་དུ་བསྒྱུར་རྗེས་ཨ་རབ་རིག་གནས་དང་དུ་བླངས་པ་དང་སྦྲགས་གན་ཆག་ཀྱང་ཁྱིམ་མཚེས་དབྱི་སི་ལན་རྒྱལ་ཁབ་ནས་ལ་དྭགས་དང་དེ་ནས་རིམ་བཞིན་བོད་ལ་དར་འདོད་པ་དང་།ཅིག་ཤོས་ནི་བོད་རང་སྐྱོང་ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་གིས་རོལ་མོའི་བྱ་བྲག་དེའི་སྐོར་ལ་བཞག་པའི་ཆོད་སྡོམ་སྙན་ཞུའི་ནང་རོལ་མོ་འདི་བཞིན་རྒྱ་བཟའ་ཝུན་ཤིང་ཀོང་ཇོས་བོད་དུ་བསྣམས་ཕེབས་"ཞེས་འཁོད་ཡོད།      །

"https://bo.wikipedia.org/w/index.php?title=གན་ཆག&oldid=141193"ལས་སླར་རྙེད་སོང།