གདུལ་བྱ་
གདུལ་བྱ་ཞེས་པ་ནི་སངས་རྒྱས་ཀྱིས་གདུལ་བ་དགོས་པའི་སེམས་ཅན་སྟེ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱིས་གདུལ་ཞིང་འདྲེན་པར་བྱ་བའི་དོན་དུ་ངེས་པར་སྣང་བར་གྱུར་པའི་སེམས་ཅན་རྣམས་ལ་ཟེར། "གདུལ་བྱའི་སངས་རྒྱས་དང་ཕྲད་པ་སོགས་ཀྱི་བསོད་ནམས་བསགས་པའི་མཐུ་དང་སངས་རྒྱས་རྣམས་ཀྱིས་རྟོག་པ་མེད་བཞིན་དུ་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་བྱེད་པར་གྱུར་ཅིག་སྙམ་པའི་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྒྱལ་བའི་གཟུགས་ཀྱི་སྐུར་སྣང་ནས་ཆོས་སྟོན་པ་ཤིན་ཏུ་འཐད་པ་ཡིན་ནོ། །"[༡]ཞེས་པ་ལྟར་སངས་རྒྱས་ཀྱིས་འདྲེན་པར་བྱ་བའི་སེམས་ཅན་རྣམས་ལ་གོ།
དཔེའི་སྒོ་ནས་འགྲེལ་པ།
[རྩོམ་སྒྲིག]སངས་རྒྱས་རྣམས་ལ་རྟོག་པ་ཐམས་ཅད་ཉེ་བར་ཞི་ཡང་གདུལ་བྱའི་རེ་བ་ལ་བབ་པ་ལ་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་གི་དཔེ་གཏོགས། "དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་དཔག་བསམ་གྱི་ཤིང་དག་ལ་སྤྱོད་ཡུལ་ན་གནས་ཤིང་གསོལ་བ་འདེབས་པར་བྱེད་པ་རྣམས་ཀྱི་དོན་བྱའོ་སྙམ་དུ་རྣམ་པར་མི་རྟོག་ཀྱང་ཇི་ལྟར་རེ་བའི་ཡི་དོན་ཡོངས་སུ་སྐོང་བ་དེ་བཞིན་གདུལ་བྱར་ཏེ་གདུལ་བྱ་རྣམས་ལ་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །"[༢]ཞེས་གསུངས་པ་ལྟར། ནོར་བུ་དང་དཔག་བསམ་གྱི་ཤིང་ལ་བསམ་པ་མེད་ཀྱང་གདུལ་བྱའི་འདོད་རེ་བ་སྐོང་བ་བཞིན། སངས་རྒྱས་རྣམས་ཀྱང་ལས་དང་སྨོན་ལམ་གྱི་དབང་གིས་གདུལ་བྱ་རྣམས་ལ་ཆོས་སྟོན་པ་སོགས་ཀྱི་འཕྲིན་ལས་མཛད་པ་ཡིན།
སྨོན་ལམ་གྱི་དབང་གིས་གདུལ་བྱ་འདྲེན་ཚུལ།
[རྩོམ་སྒྲིག]"གདུལ་བྱའི་རྒྱུད་དག་པ་དང་བྱང་སེམས་ཀྱིས་དེ་དག་གི་དོན་བྱེད་པར་སྨོན་ལམ་བཏབ་པ་གཉིས་ཀྱི་དབང་གིས་རྒྱལ་བའི་གཟུགས་སྐུ་སྣང་ཞིང་དོན་བྱེད་པ་འབྱུང་བས་སྐྱོན་མེད་དོ། །"[༣]ཞེས་གསུངས། གདུལ་བྱ་རྣམས་ཀྱི་རྒྱུད་དག་པར་གྱུར་པ་དང་། སྔོན་ཆད་བྱང་ཆུབ་སེམས་དཔའི་གནས་སྐབས་ན་བྱས་པའི་སྨོན་ལམ་གྱི་དབང་ལས། སངས་རྒྱས་དེ་དག་གིས་གདུལ་བྱ་རྣམས་ལ་མཁྱེན་རྟོགས་མེད་པར་ཐུགས་རྗེའི་འཕྲིན་ལས་མཛད་པ་ཡིན།
མཆོད་སྡོང་གི་དཔེ།
[རྩོམ་སྒྲིག]"དཔེར་ན་བྲམ་ཟེས་དུག་ཞི་བར་བྱེད་པའི་ནམ་མཁའ་ལྡིང་གི་མཆོད་སྡོང་བསྒྲུབས་ནས་བྲམ་ཟེ་འདས་པར་གྱུར་པ་དེ་འདས་ནས་ཡུན་རིང་ལོན་ཡང་མཆོད་སྡོང་དེ་ད་ལྟར་དུག་ལ་སོགས་པ་ཞི་བར་བྱེད་ནུས་པ་བཞིན་དུ་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སྤྱོད་པ་དང་རྗེས་སུ་མཐུན་པར་ཚོགས་གཉིས་ཀྱི་སྒོ་ནས་རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང༌། སྒྲུབ་པ་པོ་བྱང་ཆུབ་སེམས་དཔའ་མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་བྱས་ཀྱང་གདུལ་བྱའི་གནས་སྐབས་དང་མཐར་ཐུག་གི་དོན་རྣམས་ཐམས་ཅད་མཛད་པ་མི་འགལ་ཞིང་"[༤]ཞེས་དཔེ་སྟོན་ལ། འདི་ལྟར་བྲམ་ཟེ་མཆོད་སྡོང་གི་ནུས་པ་བསྒྲུབ་མཁན་འདས་ཡང་མཆོད་སྡོང་གི་ནུས་པ་བརྟན་པ་དེ་བཞིན། བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་ཤིང་སངས་རྒྱས་སུ་གྱུར་པས་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་གདུལ་བྱ་རྣམས་ལ་རང་བཞིན་གྱིས་འཕྲིན་ལས་མཛད་པ་ཡིན།
ལས་དང་སྨོན་ལམ་གྱི་དབང་།
[རྩོམ་སྒྲིག]"གདུལ་བྱའི་དབང་གིས་ཡིན་ཏེ། གང་སངས་རྒྱས་བཅོམ་ལྡན་འདས་རྣམས་གདུལ་བྱ་དེ་རྣམས་ཀྱི་འབྲས་བུའི་ཁྱད་པར་ཐོབ་པའི་རྒྱུ་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དེའི་དབང་གིས་སོ། སྨོན་ལམ་གྱི་དབང་གིས་ཏེ། གང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་གནས་སྐབས་ན་རྣམ་པ་དུ་མས་སེམས་ཅན་གྱི་དོན་བསྒྲུབ་པའི་སྨོན་ལམ་དེས་འཕངས་པའི་དབང་གིས་རྫ་མཁན་གྱི་འཁོར་ལོ་འཁོར་བའི་ཚུལ་གྱིས་ལྷུན་གྱིས་གྲུབ་པའི་འཇུག་པས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པར་འཐད་པ་ཡིན་ནོ། །"[༥]ཞེས་གདུལ་བྱ་རང་ཉིད་དགེ་བའི་ལས་བསགས་པས་དེའི་འབྲས་བུ་འཐོབ་པ་དང་། སངས་རྒྱས་རྣམས་ཀྱི་སྔོན་གྱི་སྨོན་ལམ་གཉིས་ཚང་བས་འཕྲིན་ལས་ཀྱི་སྒོ་ནས་གདུལ་བྱ་རྣམས་ལ་ཆོས་སྟོན་པ་སོགས་མཛད་པ་ཡིན།
ལྷུན་གྲུབ་ཀྱི་འཕྲིན་ལས།
[རྩོམ་སྒྲིག]"སྐུ་གང་ལ་གང་འདུལ་དུ་སྣང་ཞིང་ཆོས་སྟོན་པ་སོགས་ཀྱི་སྒོ་ནས་ཕན་བདེའི་ཕྲིན་ལས་དུས་རྟག་ཏུ་མཛད་པ་ཡིན་ནོ། །"[༦]ཞེས་གསུངས། སངས་རྒྱས་རྣམས་ཀྱིས་གདུལ་བྱ་སོ་སོའི་ལོ་རྒྱུས་དང་བློ་ཁམས། དབང་པོ་ལ་སྦྱར་ཏེ་མཚམས་སྦྱོར་བ་མེད་པར་རང་བཞིན་གྱིས་ཐུགས་རྗེའི་འཕྲིན་ལས་མཛད་པ་ཡིན། "འདིར་སློབ་ལམ་གྱི་འབད་རྩོལ་ཐམས་ཅད་ཉེ་བར་ཞི་ཞིང་ཆོས་ཀྱི་དབྱིངས་ལས་ནམ་ཡང་མི་གཡོ་བའི་མྱང་འདས་མཐར་ཐུག་པ་བརྙེས་པ་ན་འབད་རྩོལ་གྱི་རྟོག་པ་མེད་ཀྱང༌། གཞན་དོན་དུ་ཕྲིན་ལས་འཇུག་པ་ནི་ནོར་བུ་ལ་སོགས་དཔེས་བསྟན་"[༧]ཞེས་སངས་རྒྱས་ཀྱི་ས་ལ་རྟོག་པའི་སྒྲིབ་པ་ཐམས་ཅད་ཟད་ཀྱང་གདུལ་བྱའི་དོན་བྱེད་པ་ནི་ལྷུན་གྲུབ་ཏུ་འབྱུང་བ་ཡིན།
བསྡུས་དོན།
[རྩོམ་སྒྲིག]གདུལ་བྱ་ཅེས་པ་ནི་སེམས་ཅན་གང་ཞིག་སངས་རྒྱས་ཀྱི་ཞིང་གི་རང་བཞིན་གྱིས་ཆོས་སྟོན་པ་སོགས་ཀྱི་འཕྲིན་ལས་ཀྱིས་འདྲེན་ཞིང་གདུལ་བར་བྱ་བ་ཡིན། འདི་ནི་དགེ་བའི་ལས་དང་སྨོན་ལམ། རྒྱུད་དག་པ་ལ་སོགས་པའི་ཆ་རྐྱེན་ལ་བརྟེན་ནས་འབྱུང་བ་སྟེ། སངས་རྒྱས་རྣམས་ལ་མཁྱེན་རྟོགས་མེད་ཀྱང་ཡིད་བཞིན་ནོར་བུ་དང་དཔག་བསམ་གྱི་ཤིང་གི་དཔེ་བཞིན་དུ་འདོད་རེ་བ་ལ་བབ་པ་སོགས་ཀྱི་ཐབས་ཤེས་ཀྱིས་ལྷུན་གྱིས་གྲུབ་པའི་ངང་ནས་གདུལ་བར་བྱེད་པ་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་ཚབ་དར་མ་རིན་ཆེན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 273
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 554
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 346
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 554
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 554