གཉེན་པོ་
གཉེན་པོ་ཞེས་པ་ནི་ཉོན་མོངས་པ་དང་སྡིག་པ་སོགས་མི་མཐུན་པའི་ཕྱོགས་རྣམས་ལ་འགལ་ཞིང་འཇོམས་པར་བྱེད་པའི་དགེ་བའི་ཆོས་རྣམས་ལ་གོ། སྤྱོད་འཇུག་གི་གཞུང་ལུགས་ནང་གཉེན་པོ་ནི་ཐེག་ཆེན་གྱི་ལམ་སྒོམ་པའི་གཞི་རྩ་གལ་ཆེན་པོ་ཞིག་ཡིན།
སྒྲ་བཤད།
[རྩོམ་སྒྲིག]གཉེན་པོ་ཞེས་པ་གཉེན་དང་པོ་གཉིས་འདུས་པ་སྟེ། གཉེན་ཞེས་པ་ནི་ཉེ་བ་དང་རོགས་པ་དང་མདུན་དུ་ཕྲད་པའི་དོན་ལ་ཞུགས་ལ། པོ་ཞེས་པ་ནི་བྱེད་པ་པོའི་རྐྱེན་ཏེ། གཉེན་པོ་ཞེས་པ་ནི་སྤང་བྱ་དང་ཉེ་བར་འབྲེལ་ཏེ་དེ་ལས་བཟློག་པར་བྱེད་པ་ལ་བྱ།
དབྱེ་བ།
[རྩོམ་སྒྲིག]སྟོབས་བཞིའི་གཉེན་པོ། "རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་བཟློག་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པའི་སྟོབས་ནི། མི་དགེ་བའི་ལས་སྤྱད་ན་དེ་ཉིད་ལ་འགྱོད་པ་མང་བ་ཡིན་ནོ། །དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །"[༡]ཀུན་ཏུ་སྤྱོད་པའི་གཉེན་པོ། ཀུན་ཏུ་སྤྱོད་པའི་གཉེན་པོ་ཞེས་པ་ནི་རྒྱུན་དུ་དགེ་བ་ལ་སྦྱོར་བ་ཡིན། "གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་དེ་ལ་བག་ཡོད་དང་ཤེས་བཞིན་དང་བཟོད་ལེ་རྣམས་གཙོ་བོ་དེ་དང་དེ་སྐྱེད་བྱེད་ཡིན་པ་ལྟར་འདིར་ཡང་སྡིག་པ་དག་བྱེད་ཀྱི་གཉེན་པོ་རང་རྒྱུད་ལ་སྐྱེད་བྱེད་ཡིན།"[༢] ཞེས་གསུངས་སོ། །
ནང་དོན།
[རྩོམ་སྒྲིག]སྡིག་པ་སྦྱང་བའི་གཉེན་པོ"སྡིག་པ་འདགས་པའི་གཉེན་པོ་བསྐྱེད་པའི་བློ་མེད་པ་རྣམས་ལ་དེའི་བློ་བསྐྱེད་པ་དང༌། ཅུང་ཟད་ཡོད་ཀྱང་ལེ་ལོ་རྣམ་གཡེང་གིས་དེར་མི་སྦྱོར་བ་རྣམས་ལ་མྱུར་དུ་དེ་ལ་སྦྱོར་བའི་ཕྱིར་ལས་རྒྱུ་འབྲས་དང་ཚེ་མི་རྟག་པ་ཡང་ནས་ཡང་དུ་བསྒོམ་སྟེ་དེའི་བློ་སྐྱེས་ཤིང་དེ་ལ་སྦྱོར་བའི་ཚེ་དགེ་བ་གང་སྒྲུབ་སྦྱོར་བ་སྡིག་པ་བཤགས་པའི་ཆེད་དུ་བསམ་པ་"[༣]ཞེས་གསུངས། ཉོན་མོངས་པའི་གཉེན་པོ་"གཉེན་པོ་བསོད་ནམས་དགེ་བའི་ཕྱོགས་ནི་གོང་དུ་བཤད་པ་ལྟར་མུན་ནག་ནང་གི་གློག་ལྟར་ཉམ་ཆུང་བ་སྟེ་མཐུ་དང་སྟོབས་ཞན་པས་རེས་འགའ་བ་དང་ཡུན་ཐུང་བ་ཉིད་ལ་རྟག་སྟེ་རྒྱུན་པར་གནས་ལ། སྤང་བྱ་སྡིག་པ་མི་དགེ་བའི་ཕྱོགས་ནི་སྤྲིན་རུམ་གྱི་མུན་ནག་ལྟར་སྟོབས་དང་ནུས་པ་ཆེན་པོ་ལྡན་པས་གཉེན་པོས་ཐུབ་པར་དཀའ་ཞིང་དམྱལ་སོགས་ཀྱི་སྡུག་བསྔལ་འཇིགས་སུ་རུང་བའང་འབྱིན་ནུས་པས་ཤིན་ཏུ་མི་བཟད་པ་དེ་ལྟ་བུ་རྟག་པར་རྒྱུན་ཆགས་པའི་ཚུལ་དུ་རང་གི་ངང་གིས་འབྱུང་བ་ཉིད་ཡིན་"[༤]ཞེས་གསུངས། བྱང་ཆུབ་སེམས་ཀྱི་གཉེན་པོ་"དེ་ལྟ་བུའི་སྡིག་པ་སྟོབས་ཆེན་དེ་ནི་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བདག་ཉིད་ཅན་གྱི་རྫོགས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྟོབས་དང་ལྡན་པ་དེ་ཉིད་མིན་པ་དགེ་བ་ཕལ་བའི་གཉེན་པོ་གཞན་གང་གིས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ཏེ་མི་འགྱུར་"[༥]ཞེས་བྱང་ཆུབ་ཀྱི་སེམས་ཀྱི་གཉེན་པོའི་མཐུ་སྟོབས་བཤད། གཉེན་པོ་སྒོམ་པའི་ཚུལ་"སྤང་བར་འོས་པ་དེ་ལྟ་བས་ན་ཉོན་མོངས་གཞོམ་པ་ལ་དུས་རྟག་ཏུ་བསམ་སྦྱོར་གང་ཡང་ཕྱིར་མི་ལྡོག་པར་བྱའོ། །ཉོན་མོངས་ཀྱི་གཉེན་པོ་འདི་ལ་བདག་གིས་ཞེན་པ་སྟེ་ཆེད་དུ་བསྟེན་པར་བྱ་ཞིང་ཉོན་མོངས་ལ་ཁོན་དུ་བཟུང་ནས་གཡུལ་བསྐྲད་ལ་གཞོན་པར་བྱའོ། །"[༦]ཞེས་གསུངས།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 130
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས།154
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 154
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། 45
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། 45
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 76