གཉན་དར་མ་གྲགས་པ་

ཡོང་ཁུངས་Wikipedia

གཉན་དར་མ་གྲགས་པ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། དེ་ནས་རབ་བྱུང་དང་པོའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1076 ལོར་ཁ་ཆེ་དང་། བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས་ཏེ་ལོ་བཅུ་གཉིས་ཀྱི་རིང་དུ་པཎྜི་ཏ་མ་ཏི་སོགས་ལ་བསྟེན་ནས་མདོ་སྔགས་གཉིས་ཀར་སློབ་གཉེར་ཕུལ་དུ་ཕྱིན་པ་མཛད་དེ། ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པ་མཛད་ནས་རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད། ཁོང་གི་བསྒྱུར་རྩོམ་ནི་《བཀའ་འགྱུར》ལས《དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ》དང་། 《བསྟན་འགྱུར》ལས《དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་ཀྱི་རིམ་པ》། 《དཔལ་གསང་བ་འདུས་པའི་རྒྱན》ལས་ལེའུ་བཅོ་བརྒྱད་པའི《རྣམ་པར་བཤད་པ》《དེ་ཁོ་ན་ཉིད་བཅུ་པ》། 《འཕགས་པ་གཤིན་རྗེ་ཚེ་བདག་ནག་པོའི་སྒྲུབ་ཐབས》། 《དཔལ་གཤིན་རྗེ་ཚེ་བདག་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག》། 《ཛམྦྷ་ལའི་སྒྲུབ་ཐབས》། 《མཎྜལ་གྱི་ཆོ་ག》། 《སྟོང་ཉིད་བདུན་ཅུ་བའི་འགྲེལ་བ》། 《བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག》། 《དགེ་བསྙེན་གྱི་སྡོམ་པ་བརྒྱད་པ》། 《དགེ་བསྙེན་གྱི་སྡོམ་པ་བརྒྱད་པའི་བཤད་པ》། 《མི་འཁྲུགས་པའི་སྒྲུབ་ཐབས》སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པ། 《མི་འཁྲུགས་པའི་སྒྲུབ་ཐབས》སློབ་དཔོན་ཛེ་ཏཱ་རིས་མཛད་པ་བཅས་བཞུགས་སོ། །