གཉགས་ལོ་ཡེ་ཤེས་གཞོན་ནུ་

ཡོང་ཁུངས་Wikipedia

གཉགས་ལོ་ཡེ་ཤེས་གཞོན་ནུ་ ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་ཡར་ཀླུང་ཤེལ་པར་ཡབ་གཉགས་རྟག་སྒྲ་ལྷ་སྣང་དང་། ཡུམ་སྲུ་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་བྱིས་པའི་དུས་ཀྱི་མིང་ལ་རྒྱལ་བའི་བློ་གྲོས་ཞེས་ཞུ་ཞིང་། མཁན་པོ་བོ་ས་དྷི་ལས་རབ་ཏུ་བྱུང་སྟེ་བརྙེན་རྫོགས་མཛད། སློབ་དཔོན་པདྨ་འབྱུང་གནས་དང་། བི་མ་མི་ཏྲ། པ་གོར་བེེ་རོ་ཙ་ན། གཡུ་སྒྲ་སྙིང་པོ་བཅས་ལ་བསྟེན་ནས་དཀྱུས་བཤད་གཞུང་གི་ཆུ་བོ་དང་། སྙན་བརྒྱུད་གདམས་ངག་གི་ཆུ་བོ། བྱིན་རླབས་དབང་གི་ཆུ་བོ། ཕྱག་བཞེས་འཕྲིན་སྒྲུབ་ཀྱི་ཆུ་བོ་བཅས་བཀའི་ཆུ་བོ་བཞི་འདུས་ཤིང་སྔ་འགྱུར་གྱི་བསྟན་པ་དང་པོ་ཁོང་ལ་བབས་སོ། ཡར་འབྲོག་དང་ཀོང་པོ་སོགས་སུ་ཕེབས་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད་ཅིང་། 《གྲུབ་མཐའ་ཤེལ་གྱི་མེ་ལོང་》ལས་ “ཛྙཱ་ན་ཀུ་མཱ་ར་ནི་རྫུ་འཕྲུལ་སྟོན།” ཞེས་གསུངས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སོག་པོ་དཔལ་གྱི་ཡེ་ཤེས་དང་། གྲ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོ་བྲན་དཔལ་གྱི་གཞོན་ནུ། སྙན་དཔལ་དབྱངས། མཚུར་ནག་ཡེ་ཤེས་དཔལ། ཐང་བཟང་དཔལ་གྱི་རྡོ་རྗེ་བཅས་ཡིན། ཁོང་གི་མཚན་གཞན་ལ་ཛྙཱ་ན་ཀུ་མཱ་ར་ཞེས་ཞུའོ། ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན་ནོ། །ཁོང་གི་བསྒྱུར་རྩོམ་ནི《བསྟན་འགྱུར》ལས《མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མ》བཅས་བཞུགས་སོ། །