གཅུང་རྡོ་རྗེ་གྲགས་པ་

ཡོང་ཁུངས་Wikipedia

གཅུང་རྡོ་རྗེ་གྲགས་པ་ ཁོང་ནི་རབ་བྱུང་བཞི་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ 1211 ལོར་སྒ་ཡུལ་ནོན་འཇམ་འོམ་བུ་ལུང་དུ་ཡབ་ཨ་ཉེ་ཨ་གྲགས་ཀྱི་སྲས་སུ་སྐྲ་འཁྲུངས། གདུང་རུས་ཀྱུ་ར་ཡིན། རབ་བྱུང་ལྔ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ 1279 ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་པར་ཡབ་ཡུམ་འཁོར་དང་བཅས་པ་འབྲི་གུང་དུ་ཕེབས་ཤིང་ཆོས་རྗེ་སྐྱོབ་པ་ལས་རབ་བྱུང་བསྒྲུབས་ཏེ་མཚན་ལ་རྡོ་རྗེ་གྲགས་པ་ཞེས་གསོལ། ཏེ་ལོ་པའི་རྣམ་འཕྲུལ་ཡིན་པར་ལུང་བསྟན། དེ་ནས་དབོན་བསོད་ནམས་གྲགས་པ་ལ་བསྟེན་ཏེ་བཀའ་བརྒྱུད་གོང་མའི་གདམས་ངག་ཐམས་ཅད་བུམ་པ་པ་གང་བྱོའི་ཚུལ་དུ་ཞུས་ཤིང་དགུང་ལོ་ཉེར་གཅིག་པར་སྐུ་མཚམས་བཞུགས་ནས་ལོ་བཅུ་གསུམ་གྱི་རིང་དུ་སྒྲུབ་པ་ཉམས་ལེན་མཛད་ཅིང་གྲུབ་པ་ཐོབ། ཀརྨ་པཀྵི་ཆོས་ཀྱི་བླ་མ་ལ་ལུང་བསྟན་གནང་བས་སེ་ཆེན་རྒྱལ་པོའི་ཁྲིམས་ལས་ཐར། ཀརྨ་པས་ཀྱང་ “སངས་རྒྱས་ཀུན་འདུས་འབྲི་གུང་པ། འགྲོ་བའི་དེད་དཔོན་རྡོ་རྗེ་གྲགས། ཁོང་སེང་གེ་དཀར་མོའི་སྟེང་དུ་བཅིབས། མི་ཁོ་བོའི་མདུན་གྱི་ནམ་མཁར་བྱོན།” ཞེས་གསུངས་སོ། དགུང་ལོ་ཞེ་དྲུག་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་ཆོས་སྲིད་གཉིས་ཀྱིས་གདན་ས་བསྐྱངས་ཏེ་རྟེན་དང་བརྟེན་པ་མང་དུ་བཞེངས་ཤིང་ཧོར་གྱིས་འཇིག་པ་ལས་བོད་ཁམས་སྐྱོབ་པར་མཛད། དེ་ནས་ཙ་རི་དང་དྭགས་པོ། བྱ་ཡུལ། ཀོང་པོ། གུ་ལིང་སོགས་སུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། བརྒྱལ་སངས་དགོན་པ་གསར་འདེབས་མཛད་ཅིང་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛད། དགུང་ལོ་རེ་དགུ་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཞི་པ་ཡིན་ནོ། །