གཅུང་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་

ཡོང་ཁུངས་Wikipedia

གཅུང་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་ ཁོང་ནི་རབ་བྱུང་བཞི་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ 1218 ལོར་ཡབ་ཡོན་ཆེན་སངས་རྒྱས་སྐྱབས་དང་། ཡུམ་ཡེ་ཤེས་འཚོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1280 ལོར་སྐུ་གཤེགས། ཁོང་ནི་རྒྱལ་བ་རིན་ཆེན་ཐོག་རྡུགས་ཀྱི་གཅུང་བོ་ཡིན། སློབ་དཔོན་ནམ་འགག་པ་ལས་རབ་ཏུ་བྱུང་ཞིང་མཚན་ལ་རྡོ་རྗེ་རིན་ཆེན་ཞེས་གསོལ། དགུང་ལོ་ཉེར་གཉིས་པར་དབུས་སུ་བྱོན་ནས་རྗེ་སྤྱན་སྔ་གྲགས་པ་འབྱུང་གནས་དང་མཇལ་ཞིང་གདམས་ངག་མང་དུ་གསན། དགུང་ལོ་ཉེར་ལྔ་པར་མཁན་པོ་ཞང་སེ་གསེབ་བར་པ་དང་། སློབ་དཔོན་ཡར་ཁང་པ་དང་། གསང་སྟོན་སྟོད་ལུང་པ་རྣམས་ལས་བསྙེན་རྫོགས་མཛད། དེའི་རྗེས་སུ་རྗེ་སྤྱན་སྔ་བ་ལས་བཀའ་བརྒྱུད་ཀྱི་ཆོས་རྣམས་རྫོགས་པར་གསན། ལོ་ངོ་བཅུ་གཉིས་ཀྱི་བར་དུ་དབུ་སྔས་ལ་མི་འཇོག་པའི་དམ་བཅའ་མཛད་ནས་ཐུགས་དམ་མཛད་པས་དུ་མ་རོ་གཅིག་གི་རྟོགས་པ་འཁྲུངས། དེ་རྗེས་གཅེན་གྲགས་པ་བརྩོན་འགྲུས་ལ་ཟབ་ཁྲིད་དུ་མ་གསན། དགུང་ལོ་ལྔ་ཅུ་པ་རབ་བྱུང་ལྔ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ 1267 ལོར་ཕག་གྲུའི་གདན་སའི་གོ་སར་ཕེབས། ལོ་ངོ་བཅུ་བཞིའི་བར་དུ་གདན་སའི་འགན་ཁུར་བཞེས། རབ་གནས་དང་རྟེན་འབྲིལ་ལ་མངའ་བརྙེས། མངོན་པར་མཁྱེན་པར་ཐོགས་པ་མེད་ཅིང་གྲུབ་རྟགས་ཀྱང་འགའ་རེ་བསྟན། གདན་སར་ཕེབས་པ་ཉིད་ནས་གཅེན་གྲགས་པ་བརྩོན་འགྲུས་ཀྱི་དགོངས་པ་རྫོགས་ཐབས་ཀྱི་སྒོ་མངས་འགྲན་ཟླ་དང་བྲལ་བ་འདི་བཞེངས་ཏེ། གདན་སའི་སྒོ་མངས་རྣམས་ཀྱི་ཐོག་མ་ཡིན། དགུང་ལོ་དྲུག་ཅུ་རེ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་ཕག་གྲུའི་གདན་རབས་ལྔ་པ་ཡིན། །