གཅན་ཚ་སྦྱིན་པ་ཀུན་བཟང་

ཡོང་ཁུངས་Wikipedia

གཅན་ཚ་སྦྱིན་པ་ཀུན་བཟང་ ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་དུ་མདོ་སྨད་གཅན་ཚའི་རི་བཟང་རྩར་སྔགས་རྒྱུད་བཟང་བ་ཞིག་ཏུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ཏེ་བསྡུས་གཞུང་ནས་བཟུང་གཞུང་ཆེན་རྣམས་ལ་སྦྱངས་པ་དང་། དེ་ནས་དབུས་སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཤིང་ཁྲི་ཆེན་ངག་དབང་སྙན་གྲགས (1746—1824) སོགས་ལ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་ལྷ་ལྡན་སྨོན་ལམ་ཆེན་པོའི་གྲྭ་སྐོར་མཛད་དེ་ལྷ་རམས་པའི་མཚན་བཏགས་བཞེས་ནས་རང་དགོན་བྱ་ཁྱུང་དུ་ཕྱིར་བྱོན། དེ་ནས་བྱ་ཁྱུང་དགོན་པའི་རྒྱུད་པའི་སློབ་དཔོན་མཛད་ཅིང་བརྒྱད་སྟོང་བའི་བཤད་ལུང་སོགས་དཀའ་ཆེན་ཡོངས་འཛིན་གྱི་གསུང་རྒྱུན་ལྟར་གྲྭ་ཚང་ཡོངས་ལ་གྲངས་མང་གནང་། རབ་བྱུང་བཅུ་གསུམ་པའི་བགྲང་བྱ་ལྔ་བཅུ་ང་དྲུག་པ་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1802 ལོར་བྱ་ཁྱུང་དགོན་པའི་གདན་སའི་མཁན་ཁྲི་ལ་བཞུགས་ནས་ལོ་གཅིག་གི་རིང་དུ་གདན་ས་བསྐྱངས་ཤིང་སྐུ་ཆས་གང་ཡོད་ཆོས་ཕྱོགས་སུ་ཕངས་མེད་དུ་གཏོང་སྒོ་མཛད། ཁྲི་ཟུར་ནས་ཀྱང་དད་ལྡན་གྱི་སློབ་མ་རྣམས་ལ་ལམ་རིམ་ཆེན་མོའི་བཤད་ལུང་དང་། འཇམ་དཔལ་ཞལ་ལུང་། ལམ་གཙོའི་ཁྲིད་སོགས་ཆོས་རྒྱུན་རྒྱ་ཆེར་གནང་། དགུང་ལོ་གྱ་གྲངས་ལ་བཞུགས་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་བཞི་བཅུ་ཞེ་བརྒྱད་པ་ཡིན་ནོ། །