གཅན་ཚ་ངག་དབང་མཆོག་ལྡན་

ཡོང་ཁུངས་Wikipedia

གཅན་ཚ་ངག་དབང་མཆོག་ལྡན་ ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1677 ལོར་མདོ་སྨད་གཅན་ཚ་དཀར་མོ་ཕུག་ཏུ་ཡབ་ཕ་བཞིས་ཕྱག་རྡོར་བཀྲ་ཤིས་དང་། ཡུམ་སྦོ་མཆོག་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ 1751 ལོར་རྭ་སྒྲེང་དུ་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཅིག་པར་བྱ་ཁྱུང་དགོན་དུ་ཕེབས་ཏེ་ཁུ་བོ་ངག་དབང་ཚུལ་ཁྲིམས་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཤིང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དགུང་ལོ་བཅོ་ལྔ་པར་དབུས་སུ་ཕེབས་ཏེ་སེ་ར་བསམ་བློ་ལ་ཞུགས་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། དགུང་ལོ་ཉི་ཤུ་ཐམ་པར་གསང་ཕུར་གྲྭ་སྐོར་མཛད་ནས་ཕར་ཕྱིན་གྱི་མཚན་བཏགས་བཞེས། དགུང་ལོ་ཉེར་ལྔ་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་བཞེས་འཕྲལ་སྨད་རྒྱུད་གྲྭ་ཚང་དུ་ཞུགས། དགུང་ལོ་ཉེར་དགུ་པར་རྒྱུད་པའི་དགེ་བསྐོས་མཛད། དེ་ནས་མདོ་སྨད་རང་ཡུལ་དུ་ཕེབས་ཏེ་བྱ་ཁྱུང་དགོན་དང་། སྐུ་འབུམ་དགོན། དགོན་ལུང་དགོན། བཙན་པོ་དགོན་རྣམས་སུ་ཕེབས་ནས་དམ་བཅའ་བཞག ཡབ་ཡུམ་གཉིས་ལ་བདེ་གཤེགས་བརྒྱད་ཀྱི་མཆོད་རྟེན་བཞེངས། སླར་དབུས་སུ་ཕེབས་ཏེ་དགུང་ལོ་སོ་བཞི་པར་མངའ་རིས་མཐོ་ལྡིང་གི་མཁན་པོར་ཕེབས་ཏེ་ལོ་ཆེན་རིན་ཆེན་བཟང་པོའི་དུས་སུ་བཞེངས་པའི་མཆོད་རྟེན་སྟོང་ཕྲག་དུ་མ་ཉམས་གསོས་མཛད་ཅིང་ལོ་བདུན་དུ་བཞུགས། དགུང་ལོ་ཞེ་གསུམ་པར་རྒྱུད་སྨད་ཀྱི་ཁྲིར་ཕེབས་ཏེ་ལོ་བཅུར་འཆད་ཉན་བསྐྱངས་ཤིང་མ་རྒྱུད་བསྟན་པའི་སྲོག་རྩ་བསོས། དགུང་ལོ་ང་གཉིས་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དུ་བཀུར་ཞིང་ཁམས་མགར་ཐར་དུ་ཕེབས་ནས་རྒྱལ་མཆོག་ལ་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་ཕུལ་ཏེ་བསྟན་པའི་བདག་པོར་མངའ་གསོལ། ལྕང་སྐྱ་རོལ་པའི་རྡོ་རྗེ་ལ་ཟབ་ཆོས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ཕུལ། གོང་མ་ཆེན་པོས་ཨ་ཆི་ཐུ་ནོ་མིན་ཧན་གྱི་ཆོ་ལོ་བསྩལ། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་གཉིས་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ 1739 ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་བདུན་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་འཆད་ཉན་ཤིན་ཏུ་དར་བར་མཛད། དགུང་ལོ་དོན་གཉིས་པར་ཇོ་བོ་ལོ་ཀེ་ཤྭ་ར་གསུང་འབྱོན་མ་ལ་རིན་པོ་ཆེའི་འཕྲ་རྒྱན་གསེར་དངུལ་གྱི་བཞུགས་ཁྲི་རྒྱབ་ཡོལ་བཅས་རྒྱལ་མཆོག་བདུན་པ་ནས་གནང་བ་ཡང་བྱ་ཁྱུང་དགོན་དུ་སྦྱོར་འཇགས་མཛད་པ་ད་ལྟ་གསེར་གདུང་ཁང་དུ་བཞུགས་སོ། དེ་ལྟར་མཛད་པ་མཐར་ཕྱིན་ནས་དགུང་ལོ་དོན་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་གདུང་ཇོ་བོ་འཇམ་དཔལ་རྡོ་རྗེའི་གཡོན་ཕྱོགས་སུ་བཞུགས་སོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་ལྔ་བཅུ་ང་བཞི་པ་ཡིན་ནོ། །