གངས་སུལ་གྱི་རོལ་དབྱངས་ཀྱི་ལ་ཕུལ་བ།
སྔོན་གླེང་།
སྒྱུ་རྩལ་གངས་སུལ་ཉུལ་བའི་གྲུ་ག་ནས།།
རྩོམ་རིག་རོལ་དབྱངས་འཁྲོལ་བའི་འབབ་སྟེགས་སྟེང་།།
གནའ་དེང་ཚིག་རྒྱན་འཁྱོག་པའི་འཁྲབ་སྟོན་འདིས།།
ཡིད་ཀྱི་བརྟན་པ་མི་འཕྲོག་དཔྱོད་ལྡན་སུ།།
གངས་སུལ་གྱི་རོལ་དབྱངས་ནི། མི་ལོ་བཅུ་ཕྲག་ལྷག་གི་སྔོན་ནས་རང་རེའི་སློབ་གླིང་འདི་ནས་ཆེས་ཐོག་མར་འབུད་བཀྲོལ་བྱས་པའི་སྒྱུ་རྩལ་གྱི་རོལ་དབྱངས་ཤིག་ཡིན་ལ། འཛིན་བཅུ་པའི་སེམས་ཚོར་གྱི་སྣང་བརྙན་དང་། མཛུབ་རྩེའི་ཟློས་གར་རྩེན་སའི་གདེང་ཆ་ཆེས་ཐོག་མ་དེ་ཡང་འདི་ཉིད་ཡིན། བྱ་དངོས་གང་ཞིག་མེད་པ་ནས་ཡོད་པར་བསྒྱུར་བ་ལས་སླ་པོ་མིན་ལ། ཡོད་པ་ནས་གྲ་རྒྱས་སུ་བཏང་བའང་དེ་བས་ལས་སླ་པོ་མིན། ལོ་རབས་བཅུ་ཕྲག་ལྷག་གི་བྱུང་འདས་ལ་ཕྱི་འདང་རགས་ཙམ་བྱས་ནས་སྔོན་གླེང་འདི་ཉིད་འབྲི་མགོ་འཛུགས་འདོད་སྐྱེས། གྲྭ་ཚང་རིན་པོ་ཆེ་འདི་ཉིད་མི་ཐོགས་མིས་བརྗེས་ཤིང་ཐོགས་ལོ་མས་བརྗེས་པའི་བརྒྱུད་རིམ་གྱི་སྣེ་མོ་བཙན་བྱོལ་ལ་འཐེན་ནས་དེ་རིང་གི་བར་གྱི་བཤད་སྒྲུབ་ལས་གསུམ་གྱི་མཛད་རྗེས་རེ་རེ་བཞིན་བཤད་པས་མི་ཚར་བའི་ཁྲོད་ནས། གསར་དུ་བཙུགས་པའི་སློབ་གྲྭའི་བྱུང་བ་བརྒྱུད་པའི་ཁྲོད་དུ་བར་ལམ་ནས་བསམ་ཕོད་པ་དང་། བཤད་ཕོད་པ། བྱེད་ཕོད་པ་སྟེ་ཕོད་པ་གསུམ་ལྡན་གྱི་ཤེས་འཇོན་གཉིས་ལྡན་གྱི་ཕྱག་མཛོད་ཁག་གཅིག་གིས་དཔལ་ཡོན་ལྷན་ཅིག་རྒྱ་བསྐྱེད་གཏོང་བ་དང་ཆབས་ཅིག་ཤེས་སྤྱོད་ཡར་ལྡན་གྱི་སློབ་མ་ཁྱུ་གཅིག་ལ་ལམ་སྟོན་དང་མ་རྩ་གསར་འཛུགས་ཀྱིས་ལྷོ་མཐའི་ཚ་ལྗོངས་ནས་གངས་སུལ་འགྲིམ་པའི་སྒྱུ་རྩལ་གྱི་རོལ་དབྱངས་གསར་པ་ཞིག་འཕྲོ་མགོ་ཚུགས་པ་ཡིན་ལ། ཉམས་འགྱུར་གྱི་དབུ་ཁྱུད་གསར་པ་ཞིག་ཀྱང་འབྲི་མགོ་ཚུགས་པ་ཡིན། མི་ལོ་བཅུ་ཕྲག་ལྷག་གི་རིང་སློབ་གྲྭའི་ར་བ་འདི་ནས་ཐོན་པའི་སློབ་མ་སྐོར་ཞིག་ད་ཆར་རྩོམ་པ་པོ་དང་། ལོ་རྒྱུས་སྨྲ་བ། སྙན་ངག་པ། ཞིབ་འཇུག་པ། རིག་པ་སྨྲ་བ་བཅས་ཀྱི་གདན་གྲལ་དུ་འཛེགས་པར་མ་ཟད། འབུར་དུ་ཐོན་པའི་རྩོམ་རིག་གི་སྒྱུ་རྩལ་ལ་ཉམས་འགྱུར་གྱི་ཚོན་མདངས་བཀྲ་བ་ཡང་ཉུང་ཉུང་མིན། སྤྱི་ཚོགས་ནང་དུ་གཏམ་བཤད་ཀྱི་བགྲོ་གླེང་དང་། དུས་དེབ་ཁག་ཏུ་སྒྱུ་རྩལ་གྱི་ཆེད་རྩོམ། ཚོགས་སྡེ་ཁག་གི་ངོ་སྤྲོད་དང་གླེང་སློང་། དཔེ་སྐྲུན་ཁང་གི་ཞུས་ཆེན་དང་ཞུ་དག དཔེ་མཛོད་ཁག་གི་ཞུ་དག་དང་དེབ་བཟོ། གདན་ས་ཆེན་པོའི་རྩོད་གྲྭའི་ནང་གི་རིགས་པའི་དཔའ་བོ་ཐོན་པའང་དེ་བས་ཉུང་ཉུང་མིན། རྒྱུ་མེད་ལས་འབྲས་བུ་འབྱུང་བ་མེད་པ་དང་། མ་ཚང་མེད་རྒྱུ་དེ་ལས་ནི་འབྲས་བུ་གང་གིས་ཟློག་པ་མི་ནུས་པ་རྟེན་འབྲེལ་ལྟོས་གྲུབ་ཀྱི་གཤིས་སུ་གྲུབ་པས་ད་ལྟ་བའི་བར་རང་རེའི་སློབ་གྲྭ་ནས་ཐོན་པ་སྤྱི་དང་། ཆུ་ཆེན་ཆུ་རླབས་ཀྱི་དཔེ་ལྟར་ཉེ་བའི་ཁོར་ཡུག་ཁག་ནས་སྙན་ངག་དང་། སྒྲུང་རྩོམ། དཔྱོད་བརྗོད་དང་ངོ་སྤྲོད། རྒྱལ་རབས་དང་ཆོས་འབྱུང་སོགས་འབྲི་མཁན་ཇི་སྙེད་ཅིག་ཐོན་པ་དེ་དག་ཀྱང་། དུས་དེབ་འདི་ཉིད་དང་ལྟོས་གྲུབ་ཀྱི་འབྲེལ་བ་ངེས་ཅན་རེ་ཡོད་པ་ནི་བཤད་མ་དགོས་པ་རེད། ད་ལྟའི་སློབ་གྲྭའི་ནང་བོད་དགེ་རྣམ་པ་ཚོའང་སྒྲུང་དང་། སྙན་ངག ལོ་རྒྱུས་སོགས་ཀྱི་འཆད་འཁྲིད་དགེ་རྒན་ཙམ་དུ་མ་ཟད། དེ་དག་གི་རྩོམ་པ་པོར་ངོས་འཛིན་ཞུ་ནའང་ཚད་གཞི་དང་ཆ་ལག་ཡོངས་སུ་ཚང་བས། ཡིག་འཁྱོགས་རེ་གཉིས་ཙམ་བྲིས་ནས་རྩོམ་པ་པོའི་རུ་ཚོན་བརྫུན་མ་འཕྱར་མཁན་དེ་ཚོ་དང་ནམ་ཡང་བསྡུར་ས་མེད། སློབ་གྲྭ་འི་དུས་དེབ་གངས་སུལ་གྱི་རོལ་དངས་འདི་ཉིད་ད་བར་མུ་མཐུད་ནས་ད་ལྟའི་བར་གཟིམ་མེད་མར་མེ་ཞིག་དང་འདྲ་བར་གསལ་ལྷམ་མེར་འབར་བཞིན་མཆིས་ལ། ཕྱིས་ནས་ཀྱང་ལྷག་བསམ་དང་སྙིང་སྟོབས། ཆོད་སེམས་དང་ཕུགས་བསམ། བརྟན་ལྷིངས་དང་བསྟུན་མཁས་ཀྱིས་ནམ་ཡང་འགྱེལ་དུ་མེད་པའི་དཔའ་བོའི་རྡོ་རིང་བཞིན་ལང་དགོས་ལ། སློང་དགོས་པའང་རྡོ་ལག་བརྒྱུད་ཀྱི་དཔེ་ལྟར་གནང་རྒྱུའི་རེ་བ་ཞུ། ད་ལྟའི་བར་བཙན་བྱོལ་དུ། བོན་སྒོ། ལྡུམ་ར། ཆོས་དུང་དཀར་པོ། གངྒཱའི་བཞད་སྒྲ།ཁ་བའི་མེ་ཏོག མཐོ་སྒང་གི་ཉི་ཟེར། བློ་གསལ་རྩོམ་རིག་དགའ་ཚལ། རྩམ་པ། གངས་ལྷ་མེ་ཏོག པདྨའི་རང་མདངས། ལྗང་གཞོན། གཏམ་ཚོགས། ཤེས་རིག ཟླ་འོད་གཞོན་ནུ། ཟམ་པ། ཆོས་རྭའི་ནང་གི་དྷཱི་སྐད། གཏམ་ཚོགས། ཤཱཀྱའི་འོད་སྣང་། གངས་རིའི་ལང་ཚོ། གཡག་གུའི་ཧལ་སྒྲ། ཁ་བ། འོད། རླབས་ཕྲེང་། རིག་རླབས། མིག གངས་རྒྱུན། དཔྱིད་ཀ་སོགས། སྤེལ་ཞིང་བཏོན་པའི་དུས་དེབ་ཕལ་ཆེ་བ་ཞིག་ནི་རླུང་ཁྲོད་ཀྱི་མར་མེ་དང་། ཆུ་འགྲམ་གྱི་བྱེ་མ་བཞིན་ངེས་བརྟན་མེད་པའི་འགྱུར་འགྲོས་ཀྱི་ལྟད་མོ་ཆེས་མང་ཡང་། རང་རེི་གངས་སུལ་གྱི་རོལ་དབྱངས་འདི་ནི་སྲིད་པ་ཆགས་པའི་གངས་རྒན་བཞིན་བརྟན་ཅིང་། དབྱངས་ཅན་ཕྱག་གི་རོལ་དབྱངས་བཞིན་སྙན་པའི་ཁྱད་ཆོས་དང་ལྡན་ཞིང་། ད་ལྟའང་འཚོ་ཞིང་བཞུགས་ལ། ད་དུང་ཡང་མུ་མཐུད་འཚོ་བཞུགས་ཐུབ་པར་མ་ཟད། རྩོམ་རིག་གི་དར་ཆེན་བསྐྱོད་པའི་རླུང་རླབས་དང་། སྒྱུ་རྩལ་གྱི་སྦྲང་ཆར་འབེབས་པའི་སྤྲིན་པ་བཞིན་གནས་ལ། གནས་ཤིང་འཕེལ་བའི་འགན་འཁྲི་ཡང་ནམ་ཡང་མི་འདོར་བ་མཛད་དགོས། འཇིག་རྟེན་འདིར་མཁས་པ་རྒྱལ་གྱུར་ཅིག མཁས་པའི་བྱ་བ་རྒྱལ་གྱུར་ཅིག རྩོམ་རིག་རྒྱལ་གྱུར་ཅིག །
བརྟན་གཡོ་ཤེས་བྱའི་མཛེས་བཀོད་རི་མོ་འབུམ། །
སྒྱུ་རྩལ་རྟོག་པའི་པིར་གྱིས་འབྲི་མཁས་པ། །
རྣམ་གསུམ་ཚད་མ་སྨྲ་བའི་གྲལ་མགོ་ན། །
འཆད་རྩོད་རྩོམ་པའི་རོལ་དབྱངས་སྙན་གྱུར་ཅིག །
དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་འཇིགས་མེད་ཀྱིས་གནས་མཆོག་དྲང་སྲོང་ལྷུང་བའི་ནགས་འདབས་ལྭཱ་ར་ཎཱ་སི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གྲྭ་ཆེན་པོའི་ཞི་འཚོ་དཔེ་མཛོད་ཁང་དུ། སྤྱི་ལོ་ ༢༠༡༡།༠༡།༢༠ ཉིན་བྲིས་པ་དགེའོ། །