གངས་རྒྱན་ལས་གཉེར་སློབ་གྲྭ་ངོ་སྤྲོད།

ཡོང་ཁུངས་Wikipedia

སེར་ཤུལ་གངས་རྒྱན་ལས་གཉེར་སློབ་གྲྭ་ངོ་སྤྲོད།[རྩོམ་སྒྲིག]

རང་ཅག་རྣམས་ཀྱི་རྣམ་འདྲེན་མཚུངས་མེད་སྐྱབས་རྗེ་ཁྲི་བ་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་ལ་ས་གནས་འདིར་སློབ་གྲྭ་ཞིག་འཛུགས་རྒྱུའི་ཐུགས་འདོད་དྲག་པོ་སྔོན་ནས་ཡོད་ནའང།ཕྱི་ནང་གི་རྐྱེན་མང་པོ་ཞིག་གིས་ཡུན་རིང་དུ་ལྷག 
 ༢༠༠༩ལོར་ཁོང་གིས་དབུ་འདྲེན་མཛད་དེ་ཁོང་གི་བཀའ་ལྟར། སེར་ཤུལ་གྲོང་སྡེའི་ནང་གི་གཞོན་སྐྱེས་༤༠ལྷག་ཞིག་བསྡུས་ཏེ་འཛིན་གྲྭ་གོང་འོག་གཉིས་བྱས་ནས།ཟླ་༨པའི་ཚེས་༢༨ཉིན་ལ།དགོན་འདིའི་བསྟན་བདག་སྨན་ཤུལ་རིན་པོ་ཆེ་དང་།མཁན་གདན་ཟུར་དང་།ཚོགས་ཆེན་ཞལ་ངོ་།གཞུང་གཉེར་ཆེན་མོ།ནང་བསྟན་སློབ་གླིང་གི་དགེ་རྒན་དུ་མ་སོགས་དགོན་པའི་ལས་སྣེ་དང་།གཞན་ཡང་རྫ་སྟོད་ལྟེ་བའི་མགོ་ཁྲིད་རྣམ་པའི་ཐུགས་ཁུར་འོག་དབུ་འཛིན་གྱི་མཛད་སྒོ་སྤེལ།དགོན་པ་གཞུང་ལས་ཁང་གིས་སློབ་ཁང་དང་དགེ་རྒན་བཞུགས་ཤག་བཅས་གཡར་གནང་མཛད།དེ་ནས་བཟུང་སྐུ་ཞིང་གཤེགས་དགེ་བློ་བཟུང་རྒྱ་མཚོས་རྒྱ་ཡིག་དང་།བོད་ཡིག་གི་དགེ་རྒན་གཅིག་ཆོག་དང་།དགེ་ཉི་མ་ཕུན་ཚོགས་མཆོག་གིས་དབྱིན་ཡིག་གི་དགེ་རྒན་གཙོ་བོར་མཛད་ནས་སློབ་ཁྲིད་དང་རྒྱུགས་སྤྲོད་བྱེད་ཕྱོགས།ཤེས་རིག་འགྲན་གླེང་སོགས་རྭ་རྒྱ་ཤེས་རིག་སློབ་གླིང་གི་མ་རྐང་གི་འགྲིག་གཞི་ལྟར་འགྲོ་ཅི་ཐུབ་བྱས། 
 ༢༠༡༠ལོར་སློང་མའི་གྲངས་ཀ་༨༠ཙམ་འཕར་ཞིང་རིན་པོ་ཆེའི་བཀའ་ལྟར་ལོ་དེའི་ཟླ་༣པའི་ཚེས་༡ཉིན་བཟོ་རིག་འཛིན་གྲྭ་ཞིག་གསར་འཛུགས་གནང་།དགེ་གསལ་ལྡན་བཟོ་རིག་དགེ་རྒན་དང་།ཟླ་༧པའི་ནང་དགེ་མི་འགྱུར་ལགས་བོད་ཡིག་དགེ་རྒན་དུ་གདན་འདྲེན་ཞུས་ནས་སློབ་གྲྭ་འདིའི་སློབ་སྦྱོང་དང་ཀུན་སྤྱོད་སོགས་གང་ཐད་ནས་ཟླ་རེ་ནས་ཟླ་རེ་ཡར་ཐོན་བྱུང་བས་ཀུན་གྱིས་བསྔགས་འོས་སུ་གྱུར། 
༢༠༡༡ལོར་གངས་རྒྱན་སྤྱི་ལས་ཁང་གི་ཚོང་ར་ལེགས་འགྲུབ་བྱུང་སྐབས།སྐྱབས་རྗེ་ཁྲི་བ་རིན་པོ་ཆེས་སློབ་གྲྭ་འདི་གཙིགས་ཆེར་བཟུང་ནས་ཚོང་ར་ཕྱོགས་གཅིག་སློབ་གྲྭར་གནང་ཞིང་།ཟླ་གསུམ་པའི་ཚེས་༡ཉིན་སློབ་གྲྭ་དེར་གནས་སྤོ་བྱས།དེ་ལོའི་སློབ་མའི་གྲངས་ཀ་༡༢༠ལྷག་ཙམ་འཕར།ཟླ་༩བའི་ནང་དགེ་དབང་རྒྱལ་དོན་འགྲུབ་མཆོག་གདན་འདྲེན་ཞུས་ཏེ་ཁོང་གིས་འཛིན་གྲྭ་ཐམས་ཅད་ལ་རྒྱ་བོད་རྩིས་གསུམ་གྱི་སློབ་ཁྲིད་གནང་བས་སློབ་གྲྭ་འདི་འབུར་དུ་ཐོན་པའི་གྲུབ་འབྲས་བྱུང་།
༢༠༡༢ ལོར་སློབ་གླིང་འདི་སློབ་མའི་གྲངས་ཀ་༡༧༠ལྷག་ཙམ་གྱུར། མཚོ་སྔོན་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་དགེ་རྒན་བདུད་འདུལ་ཚེ་རིང་།དཔལ་མགོན་རྒྱལ།རྡོ་རྗེ་སྒྲོལ་མ།སི་ཁྲོན་བོད་ཡིག་སློབ་གྲྭ་དང་།དགུ་ཐོག་གསུམ་པ་སོགས་ནས་སློབ་མཐར་ཕྱིན་པའི་ནམ་མཁའ་འགྲོལ་མ་དང་།ཚུལ་ཁྲིམས་སྒྲོལ་མ། བདེ་སྐྱིད་མེ་ཏོག འགྱུར་མེད་བསྟན་འཛིན། རྣམས་དགེ་རྒན་དུ་གདན་འདྲེན་ཞུས།མ་ཟད་སྨན་པ་གྲྭ་ཚང་གི་དགེ་སྐལ་བཟང་ལགས་ཀྱིས་སློབ་གླིང་གི་སྐོར་བྲོ་དང་།གླུ་དབྱངས་སོགས་རིག་རྩལ་སྣ་ཚོགས་ཁྲིད་གནང་མཛད།མདོར་ན་གཞོན་སྐྱེས་ཤེས་ཡོན་པ་དེ་དག་གི་སྙིང་སྟོབས་དང་།འབད་བརྩོན་ལ་བརྟེན་ནས་སློབ་གླིང་འདི་སྔར་ལས་ལྷག་པའི་འགྲིག་འཛུགས་ལྡན་པའི་སློབ་གླིང་ཞིག་ཏུ་གྱུར། 
༢༠༡༣ལོར་སློབ་མའི་གྲངས་ཀ་ཡང་༢༠༠ལྷག་ཙམ་འཕར།སློང་གླིང་འདིར་སྨན་གྱི་འཛིན་གྲྭ་གཉིས་གསར་འཛུགས་གནང་གཞི་།དགེ་པན་ཚེ་དང་།དགེ་རྡོ་རྗེ་ཚེ་གཡང་། དགེ་ལོ་ཡག་རྣམ་པ་གསུམ་སྨན་གྱི་དགེ་རྒན་དུ་གདན་འདྲེན་ཞུས།མ་ཟད་སྨན་པ་གྲྭ་ཚང་གི་དགེ་ཚེ་སྟོབས་དང་།དགེ་བསྟན་འཕེལ།དགེ་བློས་ཚེ་རྣམ་པས་ཀྱང་ཐུགས་ཁོམ་གང་ཡོད་ཀྱིས་སློབ་གླིང་འདི་ཐུགས་རྗེས་བརྐྱངས།ནང་བསྟན་སློབ་གླིང་ནས་དགེ་ཀརྨ་རྣམ་རྒྱལ་མཆོག་བོད་ཡིག་དགེ་རྒན་དུ་གདན་འདྲེན་བྱས།གཞན་ཡང་མདོ་དབུས་ཁམས་གསུམ་ནས་མཁས་དབང་མང་པོ་གདན་འདྲེན་ཞུས་ཏེ་དགེ་སློབ་ཡོངས་ཀྱི་ཤེས་ཡོན་དང་བསམ་བློའི་གོ་རྟོགས་མཐོར་འདེགས་གཏོང་བཞིན་ཡོད། སྐྱབས་རྗེ་ཁྲི་བ་རིན་པོ་ཆེ་མཆོག་གིས་ལོ་འདིའི་ཟླ་ཚེས་དགེ་བའི་ཉིན་ལ་དགེ་བདུད་འདུལ་ཚེ་རིང་མཆོག་སློབ་གཙོ་ཆེན་མོ་དང་།སྨན་པ་གྲྭ་ཚང་གི་མཁན་པོ་ཐོས་བསམ་མཆོག་སློབ་གླིང་འདིའི་བློ་འདྲི་ཡུལ་དང་སློབ་གཙོའི་རོགས་སུ་སྐོས་བཞག་མཛད།དེ་ནས་སློབ་གླིང་འདིའི་སྤྱི་གཉེར་ཁང་དང་། སློབ་དོན་ཁང་། སློབ་མ་ཁང་། རིག་རྩལ་ཁང་སོགས་སྡེ་ཚན་དེ་དག་སྔར་ལས་ལྷག་པའི་ཚད་ལྡན་ཞིག་ཏུ་བསྒྱུར།སྐྱབས་རྗེ་ཁྲི་བ་རིན་པོ་ཆེས་འཛུབ་སྟོན་འོག་སྨན་པ་གྲྭ་ཚང་གི་མཁན་པོ་ཐོས་བསམ་དང་།སྨན་པ་གྲྭ་ཚང་གི་སློབ་སྤྱི་བསྟན་འཕེལ།སློབ་གཙོ་བདུད་འདུལ་ཚེ་རིང་།སྤྱི་གཉེར་ཁང་གི་དགེ་ཆ་རས། ལས་གཉེར་སློབ་གྲྭའི་སློབ་དོན་ཁང་གི་དགེ་གསལ་ལྡན་རྣམ་པ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ལན་གྲངས་གསུམ་བཞི་ཕེབས་ནས་མཐར་༢༠༡༣ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་རྒན་གཞོན་དང་སེར་ཤུལ་རྫོང་གི་རྫོང་དཔོན་དང་།འཐད་ཕྱོགས་གཅིག་གྱུར་ཁངས།ཆོས་ལུགས་ཁངས།སློབ་གསོ་ཁུལ་སོགས་འབྲེལ་ཡོད་ཀྱི་དབུ་ཁྲིད་རྣམ་པ་སློབ་གྲྭ་འདིར་ཕེབས་ནས་གཟིགས་ཞིབ་གནང་།དེ་སྐབས་སྐྱབས་རྗེ་ཁྲི་བ་རིན་པོ་ཆེ་དང་། མཁན་པོ་ཐོས་བསམ་རྣམ་གཉིས་གཙོས་དགོན་པའི་ལས་སྣེ་ཡོངས་ཀྱི་རེ་བ་ལྟར།གོང་གི་དབུ་ཁྲིད་རྣམ་པས་རྒྱབ་སྐྱོར་ཚད་མེད་གནང་སྟེ་༢༠༡༣ལོར་སློབ་གླིང་འདི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཡན་ལག་གི་སློབ་གྲྭ་ཞིག་ཏུ་ཆོག་མཆན་ཐོབ། ད་སྐབས་སློབ་གླིང་འདིར་སློབ་མ་ཉིས་བརྒྱ་ལྷག་ཙམ་དང་།འཛིན་གྲྭ་བརྒྱད་ཡོད།དགེ་རྒན་ཡང་བཅུ་ལྷག་བཞུགས་ཤིང་།འགྲིག་ལམ་ནི་སི་ཁོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་འགྲིག་ལམ་ལྟར་ཡིན།དགེ་རྒན་དེ་དག་གི་ཟླ་ཕོགས་དང་བཞུགས་གནས། སློབ་མའི་དཔེ་དེབ་སོགས་ཀྱི་འགྲོ་གྲོན་ནི་སྐྱབས་རྗེ་ཁྲི་བ་རིན་པོ་ཆེས་ཐུགས་བརྩེས་བླ་མེད་དུ་བརྐྱངས་ཏེ།སློབ་གླིང་འདིའི་སྦྱང་བྱ་ནི་བཟོ་གསོ་གཉིས་དང་།བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་དང་།རྩིས་རིག་སོགས་ཡིན།ད་སྐབས་སློབ་མའི་ཉལ་ཁང་དང་ཟས་ཁང་གང་ཡང་འཛོམས་མེད་པས་སློབ་མ་སོ་སོས་ཁང་བ་གླས་ནས་གནས་ཡོད་པ་དང་།མ་ཟད་སློབ་ཁང་ཚད་ལྡན་དང་།སློབ་གྲྭའི་ལུས་རྩལ་ར་བ་དང་།སྤོ་ལོ་རྩེ་ཐང་སོགས།གང་ཡང་འགྲུབ་མེད་པ། 
༢༠༡༤ལོར་ས་གནས་གཞན་ཞིག་དུ་དགེ་རྒན་སོ་སོའི་བཞུགས་ཤག་དང།སློབ་ཁང་།དཔེ་མཛོད་ཁང་། སློབ་མའི་ཉལ་ཁང་དང་ཟས་ཁང་། ལུས་རྩལ་ར་བ་དང་།སྤོ་ལོ་རྩེ་ཐང་སོགས་ཡོད་པའི་སློབ་གྲྭའི་ཁོར་ཡུག་ཚད་དང་ལྡན་པ་ཞིག་བསྐྲུན་ཏེ་སློབ་གླིང་གནས་སྤོ་བྱེད་རྒྱུ་དེ།སྐྱབས་རྗེ་ཁྲི་བ་རིན་པོ་ཆེར་ཐུགས་བཞེད་ཡིན་པས་དེ་ལྟར་འགྲུབ་པའི་སྨོན་འདུན་བཅས་གངས་རྒྱན་ལས་གཉེར་སློབ་གྲྭའི་དགེ་རྒན་སྙོམས་ལས་པ་ཐུབ་དགས་གནམ་མཁར་ཟི་ལིང་ནས།