གངས་འདབས་ཀྱི་རོལ་དབྱངས།

ཡོང་ཁུངས་Wikipedia

གངས་འདབས་ཀྱི་རོལ་དབྱངས། ཁམས་འཛུམ་གྲོལ་གྱིས་བརྩམས། ཐོག་མའི་སྐད་ཆ། ཕྱིར་འདང་རེ་རྒྱབ་ན། ངས་དབྱངས་གསལ་སོ་བཞིའི་འབྲི་ཀློག་ཤེས་ པ་ནས་བཟུང་ཚངས་སྲས་ལྷ་མོའི་རྒྱུད་མང་ལ་དུང་ཞིང་། ཏམྦུ་ར་ཡི་ འགྱུར་ཁུག་ལ་ཞེན་ཅིང་ཆགས། བགྲངས་བྱ་བཅོ་ལྔར་སོན་སྐབས་སུམ་ རྟགས་དག་གསུམ་ལ་སྦྱངས་པ་ཕྲན་བུ་རེ་བྱས་ཤིང་། རིམ་བཞིན་སྙན་ ངག་ལ་སློབ་པའི་སྐལ་བ་ལྡན་པར་གྱུར། སྙན་ངག་མེ་ལོང་མའི་དོན་ རྒྱན་སོ་ལྔའི་དཔེར་བརྗོད་འཇོག་པ་ནས་བཟུང་དམངས་ཁྲོད་ཀྱི་གླུ་ཤགས་དང་། དམངས་གཞས། མགུར་གླུ་སོགས་ལ་ལད་ཟློས་ཀྱིས་སྙན་ངག་ལ་གོམས་ པའི་སྟ་གོན་བྱས་པ་ཡིན་ལ། སྦྱངས་རྩོམ་འཁྱལ་འཁྱོར་རེ་འབྲི་བཞིན། རང་གྲོལ་གྱི་《ལང་ཚོའི་རྦབ་ཆུ་》ལ་རེ་སྨོན་གྱི་སྟོང་བསམ་སྙིང་ལ་ཉར། དེ་ནས་མི་ལོ་དུ་མའི་རིང་སྙན་ངག་གསར་རྩོམ་གྱི་ཕྱོགས་ལ་འབད་འབུངས་ སྣ་ཚོགས་བྱས་ཏེ། གནའ་དེང་གི་མཁས་དབང་དུ་མའི་སྙན་རྩོམ་བློར་ འཛིན་པ་དང་། གྱེར་འདོན་གྱིས་དབྱངས་ཅན་ལྷ་མོའི་བྱིན་རླབས་ཀྱི་ ཆ་ཤས་རྒྱུད་ལ་འབབ་པའི་ཡིད་སྨོན་དང་བཅས་སྦྱང་རྩོམ་དང་། སྙན་ རྩོམ་བརྒྱ་ཕྲག་ཁ་ཤས་ཆད་མ་མཐུད་དུ་བྲིས་ཤིང་། གནའ་བོའི་དཎ་ ཌྰའི་སྙན་ངག་མེ་ལོང་མར་དད་མོས་བྱེད་པ་ནས་རིམ་བཞིན་དགེ་ཆོས་ ཀྱི་འབོལ་རྩོམ་ལ་ལད་མོ་བྱེད་པའི་བར་དང་། ནུབ་གླིང་གི་ཝེ་ན་སིའི་ དེང་རབས་སྙན་ངག་དང་། ཨ་རིའི་ཝོད་ཝེད་མེན་གྱི་རང་མོས་སྙན་ ངག་ལ་དགའ་ཞེན་བྱེད་པའི་བར་བགྲངས་བྱ་དུ་མའི་ཀྱག་ཀྱོག་གི་བརྒྱུད་ རིམ་ཁྲོད་ནས་ནར་སོན་པར་གྱུར། ད་ལྟ་ཁོ་བོའི་རང་གི་ལངས་ཕྱོགས་དང་། རང་གི་བསམ་བློ། རང་གི་ ལྟ་ཚུལ་སོགས་བརྗོད་པའི་སྙན་རྩོམ། ཨ་མའི་མངལ་དུ་སྦྲུམ་པའི་ཕྲུ་ གུ་བཞིན་ཡུན་རིང་བསོགས་ཉར་བྱས་པ་འགའ་ཞིག་ཕྱོགས་སུ་བགྱིས་་པའི་དེབ་ཆུང་《གངས་འདབས་ཀྱི་རོལ་དབྱངས་》ཞེས་པ་འདི་རིགས་ ཞེན་གྱི་ལྷག་བསམ་སྙིང་ལ་ཉར་བའི་མི་བུ་འགའ་ཞིག་གི་རྒྱབ་སྐྱོར་ལ་བརྟེན་ནས་ཀློག་པ་པོའི་སྤྱན་ལམ་དུ་འབུལ་བའི་སྐལ་བ་དང་ལྡན་པར་གྱུར། འདི་ནི་བདག་ལ་མཚོན་ན་དགའ་འོས་པའི་གནད་དོན་ ཞིག་རེད། ཡིན་ནའང་འདིའི་འགའ་ཞིག་གི་ཐུགས་ལ་ཕོག་ཐུག་བཟོས་ ཏེ་སྨོད་པའམ། ཡང་ན་འགའ་རེའི་ལྟ་ཚུལ་དང་མཐུན་པས་བསྟོད་ ཀྱང་རུང་། གང་ལྟར་དེ་དག་ནི་བདག་གིས་ཇི་མི་སྙམ་ཞིང་། དེབ་ ཆུང་འདིས་སྐྱེ་བོ་འགའ་རེའི་རྒྱུད་ལ་བསམ་སྦྱོར་གང་གི་ཐད་ནས་ཀྱང་། ཡང་དག་པའི་ངེས་ཤེས་དང་སྐུལ་སློང་རེ་ཐོབ་ཐུབ་ན་སྙམ་པ་དེ་ནི་ བདག་གི་རེ་མདུན་ཉག་ཅིག་གོ།

ཞེས་དེབ་ཆུང་འདིའི་རྩོམ་པ་པོ་ཟླ་བ་བཟང་པོའམ་སྨྱུག་མིང་ལ་ཁམས་འཛུམ་གྲོལ་དུ་འབོད་པས་༢༠༡༡ལོའི་ཟླ་༨པའི་ཚེས་༢ཉིན་བྲིས་པའོ།།


དུམ་བུ་དང་པོ། འདོད་གསོལ། ཚངས་སྲས་བུ་མོའི་མགྲིན་གླུ། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་བདུད་རྩིའི་མཚོ།། ཚད་མེད་ཐུགས་བསྐྱེད་རླབས་ཀྱིས་བསྲུབ་པ་ལས།། ཉེར་འཁྲུངས་འཆར་ཀའི་འོད་ཀྱི་ལང་ཚོ་ཅན།། འཇམ་དཔལ་ཉི་མ་གཞོན་ནུས་ཤིས་པ་སྩོལ།།

རྟ་བདུན་འཛུམ་ཟེར་འཕོས་པའི་གཞོན་ནུའི་གཟུཊ།། སུས་ཀྱང་མཐོང་ན་མི་མཐུན་མེད་པ་ཡི།། དྲི་མེད་འདམ་གྱི་མ་གོས་པདྨ་བཞིན།། རྡུལ་བྲལ་མཚན་དཔེའི་རྒྱན་པའི་ཡེ་ཤེས་སྐུ།།

སྲིད་པའི་མུན་པར་འཕྱན་པའི་མཐའ་ཡས་འགྲོར།། བུ་ལྟར་བརྩེ་བའི་གསུང་གི་འབྲུག་སྒྲ་ཡིས།། ཉོན་མོངས་ལས་ཀྱི་འཆིང་ཐག་གཅོད་མཛད་པའི།། ཡན་ལག་དྲུག་ཅུའི་དབྱངས་ཀུན་རྫོགས་པའི་གསུང་།།

དམར་སེར་ཉི་མ་འཆར་ཁའི་འོད་ཟེར་འབུམ།། མཛེས་སྡུག་ལང་ཚོའི་རྒྱན་དུ་འཕོས་པའི་དཔྱིད།། བཅུ་དྲུག་གཞོན་ནུའི་རྣམ་པར་རྟག་རོལ་བའི།། བགྲེས་རྒུད་འཕོ་འགྱུར་བྲལ་བའི་ཡིད་འོང་སྐུ །།

མིག་གིས་ལྟ་བས་མི་ངོམས་འཛུམས་པའི་ཞལ།། ཟུམ་མེད་སྤྱན་དཀྱུས་ཨུཏྤལ་ཡངས་པའི་འདབ།། རྟག་ཏུ་མཁའ་མཉམ་འགྲོ་ལ་གཟིགས་པ་ཡི།། ཐུགས་བསྐྱེད་འདོར་མེད་རྒྱལ་སྲས་དཔའ་བོ་དངོས།།

པཉྩའི་དར་ཟབ་རིན་ཆེན་དུ་མ་ཡིས།། མཛེས་པ་དབང་གཞུའི་ལྷུན་པོ་རྒྱན་པ་བཞིན།། ས་གསུམ་སྐྱེ་དགུའི་ཡིད་དབང་རབ་འཕྲོག་པའི།། ལང་ཚོ་རྒྱན་གྱིས་མཛེས་པ་ལྟ་ན་སྡུག།

ཕྱག་གཡས་འཇམ་གཉེན་ལྕུག་ཕྲན་སོར་མོའི་རྩེར།། སྔོ་སངས་ཨིནྡ་ནི་ལའི་མདངས་འཛིན་པའི།། ཤེས་རབ་རལ་གྲི་མཁའ་རུ་འཕྱར་བ་ཡིས།། མ་རིག་རྨོངས་པའི་དྲྭ་བ་གཅིག་ཅར་གཅོད།།

རབ་དཀར་ཆུ་སྐྱེས་འདབ་སྟོང་དགོད་པའི་དབུས།། རྒྱལ་གསུང་དམ་ཆོས་གླེཊ་བམ་གྱིས་གཏམས་པའི།། སྡོང་བུ་གཡོན་པའི་ཕྱག་གི་སོར་མོའི་རྩེར།། གང་གི་ཐུགས་ཀར་ལེགས་པར་འཛིན་དེར་སྔཊ།།

བློ་གྲོས་ཞིང་ས་གཤིན་པོའི་ཕང་བ་རུ།། གང་ཐུགས་བྱམས་བརྩེའི་སྦྲང་ཆར་འཐོར་བ་ཡིས།། ཤེས་རབ་ལྗོན་པའི་ཁོ་ལག་ཡོངས་རྫོགས་ནས།། ཡོན་ཏན་འབྲས་བུ་ཁུར་གྱིས་ལྕི་བར་མཛོད།།

དེ་ལྟར་བསྟོད་པའི་དགེ་བས་ཚེ་རབས་ཀུན།། འཇམ་དཔལ་ཡེ་ཤེས་སེམས་པ་ཉིན་མོར་བྱེད།། གང་གི་མཁྱེན་རབ་འོད་ཟེར་འབུམ་ཕྲག་གིས།། བདག་སོགས་འགྲོ་བློའི་པད་ཚལ་སྐྱོང་གྱུར་ཅིག། ཅེས་བོད་མེ་ཁྱི་ལོའི་ནག་པ་ཟླ་བའི་དམར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཉིན་ཏེ་ཉི་མ་མེ་བཞིའི་འགྲུབ་སྦྱོར་ལ་ཟླ་བ་བཟང་པོས་གནམ་རྒྱལ་གསང་བ་ལྷ་རྩེའི་ཉེ་ཞོལ་དུ་སྦྱར་བའོ།།

ཚངས་པའི་དྲུག་འགྱུར།

དཀར་མཛེས་ཟླ་ཤེལ་འཛུམ་པའི་སྐུ།། སྙན་འགྱུར་འབུམ་གྱིས་ཕྱུག་པའི་གསུང༌།། བྱམས་ལྡན་མ་ལྟར་བརྩེ་བའི་ཐུགས།། དབྱངས་ཅན་ངག་གི་ལྷ་མོར་འདུད།།

ཤེལ་དཀར་མེ་ཏོག་འཛུམ་པའི་དབུས།། མཚར་སྡུག་སྟོང་གི་འཇོ་སྒེགས་ཀྱིས།། ཏམ་བུ་ར་ཡི་སྙན་འགྱུར་ལས།། སྲིད་ཞིའི་ཆོས་ཀུན་གླུ་རུ་ལེན།།

མགྲིན་པ་འོ་མའི་ཆུ་མཚོ་རུ།། ངང་པའི་བུ་མོ་རྟག་རོལ་བས། ། འགྱུར་ཁུག་སྟོང་ལྡན་ངག་གི་གླུ།། སྙན་འཇེབས་ལེཌ་བཤད་དགའ་སྟོན་འགྱེད།།


ཨ་མ་ཚངས་སྲས་ལྷ་མོ་ཡིས།། བརྩེ་ཆེན་གཟིགས་པ་མི་ལྷོད་པས།། ཚིག་སྦྱོར་ཚུལ་ལ་མི་མཁས་ཀྱང༌།། ངག་ལ་དད་པ་གཤིས་སུ་གྲུབ།།

སྙན་པའི་ངག་དང་མི་ལྡན་པ།། ལྐུཊ་པར་མཚུངས་ཞེས་མཁས་པས་གསུང་།། དེ་བས་སྙན་ངག་འདོད་པ་དག། ཚངས་སྲས་མི་བསྟེན་ཤིན་ཏུ་བླུན།།

རྒྱལ་ཀུན་གསུང་གི་དབང་ཕྱུག་མ།། མ་ལུས་ངག་གི་དངོས་གྲུབ་ཀུན།། ཀུན་ལ་སྩོལ་མཁས་ལྷ་མོ་དེ།། དེ་རིང་འདི་ན་དང་བས་བསྙེན།།

རབ་དཀར་མཚན་དཔེའི་མེ་ཏོག་སྐུ།། སྐལ་བཟང་མིག་གི་རྒྱན་དུ་སྩོལ།། སྙན་དབྱངས་ངག་གི་དཔལ་མ་ལུས།། ལོངས་སྤྱོད་འཁོར་ལོའི་དཔྱིད་དུ་གནོང༌།།

ངག་གི་ཟིལ་མངར་ལ་ཆགས་པའི།། གཉིས་སྐྱེས་གཞོན་ཆུང་བྷྲ་མ་རས།། སྤྲིན་བཅུད་འཐུང་བའི་པད་ཚལ་ནས།། སྙན་འཇེབས་མགྲིན་པའི་དྲུག་འགྱུར་སྒྲོཌ།།

དྭངས་གསལ་ཡིད་ཀྱི་ཆུ་མཚོ་རུ།། གང་གི་གཟུགས་བརྙན་རབ་བསྐྱེད་ནས།། མ་བཅོས་དད་གསུམ་གྱིས་བསྐུལ་ན།། གསང་གསུམ་ཡོན་ཏན་བདག་ལ་སྩོལ།།

བོད་རྒྱལ་ལོ་༢༡༣༤ལོའི་ཟླ་༣་པའི་ཚེས་༥ཉིན་ཟང་རི་འབར་བའི་ཉེ་འདབས་ནས་བྲིས་སོ།།








རབ་འབྱམས་རྒྱལ་ཀུན་གསུང་གི་དབང་ཕྱུག་མ།། མ་ལུས་ངག་གི་དངོས་གྲུབ་སྩོལ་བའི་ལྷ།། ལྷ་མོ་ཁྱོད་ཀྱིས་བློ་དམན་བདག་གི་ངག། ངག་རིག་ཐོགས་མེད་སྨྲ་བའི་ཤིས་པ་སྩོལ།།

ཀ་མ་ཏ་ནའི་སྒྲ་དབྱངས་རྣ་བའི་དཔྱིད།། ཁ་དོག་རབ་དཀར་ཉ་གང་ཟླ་བའི་མདོག། ག་ནས་བལྟས་ཀྱང་ཡིད་འཕྲོག་དབྱངས་ཅན་ལྷར།། ང་ཡིས་བསྟོད་དབྱངས་རྒྱ་མཚོའི་སྙན་འཕྲིན་འབུལ།།

དཀར་མཛེས་ཟླ་གཞོན་མདངས་འཕྲོག་མཚན་དཔེའི་སྐུ།། སྙན་འཇེབས་ཡན་ལག་དྲུག་ཅུ་མགྲིན་པའི་གསུང།། མཁྱེན་གཏེར་ཡེ་ཤེས་མཆོག་མངའ་བརྩེ་བའི་ཐུགས།། ཨེ་ཝཾ་བདེ་ཆེན་ལ་གནས་ཚངས་སྲས་ལྷ།།

དཀར་འཇམ་པདྨ་ཟླ་བའི་གདན་སྟེང་ནས།། རབ་མཛེས་སྐུ་ཡི་དཀྱིལ་འཁོར་སྟངས་སྟབས་བཅས།། མཉེན་ལྕུག་སོར་མོས་རྒྱུད་མང་རྡུང་བའི་ཚེ།། དྲི་ཟའི་བུ་མོ་སྟོང་གི་ཁེངས་པ་བསྙིལ།།

མཛེས་མཛེས་སྐུ་ཡི་ལང་ཚོ་ལྟ་ན་སྡུག། སྙན་སྙན་གསུང་གི་ཆོས་སྒྲ་ཚངས་པའི་དབྱངས།། བྱམས་བྱམས་ཐུགས་ཀྱིས་འགྲོ་ལ་བུ་ལྟར་དགོངས།། སྭ་ར་སྭ་སྟི་ལོངས་སྤྱོད་འཁོར་ལོར་སྦྲུམ།།

རྨད་བྱུང་མཛེས་པ་འབུམ་རྫོགས་ཡིད་འོང་ཞལ།། དཀྱུས་རིང་འདྲེན་བྱེད་བྷྲ་མ་ར་ཡི་གར།། མཁྱེན་བརྩེའི་སྤྲིན་དཀར་ཕྱོགས་མཐར་དཀྲིཌ་པ་ཡི།། ཀུན་གྱི་ཡིད་དབང་འཕྲོག་པའི་ལུས་ཕྲ་མ།།

སྡེ་བཞིའི་ཕུན་ཚོགས་མ་ལུས་དཔལ་སྟེར་བའི།། གསང་གསུམ་རྩེ་དགས་མྱོས་པའི་ན་ཆུང་མ།། མིག་གཉིས་ལྟ་བས་མི་ངོམས་མཛེས་སྡུག་ཅན།། ལྷ་གཅིག་ཕྱག་ན་པད་དཀར་བུ་ལ་དགོངས།།

རབ་མཛེས་བཅུ་དྲུག་གཞོན་ནུའི་སྒེག་པ་འཆང་།། རབ་དཀར་ཞལ་རས་དུང་གི་ཟླ་གཞོན་འཛུམ།། རབ་དམར་མཆུ་སྒྲོས་པདྨའི་ཟེའུ་འབྲུ་དགོད།། རབ་བྱུང་མཚར་སྡུག་ཡོངས་རྫོགས་མཚོ་བྱུང་ལྷ།།

གནག་སྣུམ་དབུ་སྐྲ་རྒྱབ་ཏུ་འཕྱང་བྱས་ཤིང།། ཟུར་ཕུད་མཛེས་བཅིང་མེ་ཏོག་ཆུན་པོ་ཡིས།། རྒྱན་སྤྲས་རིན་ཆེན་རྣ་ཆ་མཛེས་པ་དང།། སྣ་ཚོགས་ནོར་བུའི་རྒྱན་གྱིས་ལང་ཚོ་སྤུད།།

དཀར་འཇམ་པཉྩ་ལི་ཀའི་དར་གོས་ཀྱིས།། དཀར་མཛེས་དུང་གི་མྱོས་བུམ་ཕྱེད་བཀབ་ཤིང།། དཀར་གསལ་རིན་ཆེན་གཉིས་པའི་གདུབ་བུ་ཡིས།། དཀར་འཇམ་ཕྱག་ཟུང་མཛེས་པའི་རྒྱན་དུ་བྱས།།

རྒྱལ་དང་རྒྱལ་སྲས་འཇམ་དཔལ་གཞོན་ནུ་ཡིས།། བདེ་སྟོང་བདེ་བ་བསྐྱེད་པའི་མཛའ་ན་མོ།། སྙན་འགྱུར་སྙན་པའི་ངག་གི་དབང་ཕྱུག་དཔལ།། མ་ནོར་མ་འདྲེས་ཇི་བཞིན་བདག་ལ་སྩོལ།།

མཛེས་མཛེས་མགྲིན་པའི་ཏི་ལ་ཀར་རོལ་ནས།། དུང་དུང་བརྩེ་བས་སྐྱོང་བའི་རྒྱལ་བའི་ཡུམ།། ལྡེམ་ལྡེམ་གར་གྱི་ཉམས་ལྡན་ལུས་དཀར་མ།། ལྷང་ལྷང་འབོད་དོ་བརྩེ་བས་རྗེས་འཛིན་འཚལ།།

གང་གི་ཡོན་ཏན་ནམ་མཁའི་རྗེས་འགྲོ་མར།། འདི་ག་ཙམ་ཞེས་སྨྲ་བར་སུ་ཡིས་སྤོབས།། འོན་ཀྱང་དད་གསུམ་ཁུར་གྱིས་དུད་པ་ཡིས།། བསྟོད་ཚིག་མེ་ཏོག་འཐོར་བ་སུ་ཡིས་འགོག།

ངག་གི་དབང་ཕྱུག་སྒྲ་དབྱངས་ལྷ་མོ་ལ།། ངག་རིག་སྨྲ་བའི་མེ་ཏོག་སྤེལ་ལེགས་ཀྱིས།། གསུང་ཅིག་ཡན་ལག་རྒྱ་མཚོའི་དབྱངས་ལྡན་ནས།། གསུང་གི་གསང་བ་བསམ་མི་ཁྱབ་གྱུར་ཅིག།

      ༢༠༠༨/༨/༢༦ ཉིན་གནམ་རྒྱལ་གསང་བ་ལྷ་རྩེའི་ཉེ་ཞོལ་ནས།






སྟོན་མཚན་དུང་གི་ཟླ་དཀར་ཚར་གཅོད་ཡིད་འཕྲོག་མཚར་སྡུག་ ལང་ཚོ་རྫོགས།། དྲི་ཟའི་རོལ་མོ་སྟོང་དུ་དགོད་ཀྱང་ཟླ་བོ་མི་ཟིན་བདུད་རྩིའི་ ངག། དྭངས་གསལ་མཁྱེན་པའི་མེ་ལོང་དྭངས་མོར་ཤེས་བྱའི་གཟུཊ་ བརྙན་ཡོངས་བསྡུད་པའི།། ཚངས་སྲས་བུ་མོའི་ཞབས་ལ་འདུད་དོ་ལོངས་སྤྱོད་འཁོར་ལོའི་ རྒྱན་དུ་བྱོན།།

ཕ་མཐའ་ཡོངས་བྲལ་ལྷ་ལམ་ཡངས་པའི་མི་ཤིག་སྙིང་གི་གུར་ ཁྱིམ་ནས།། ལང་ལོང་སྤྲིན་དཀར་འཕྱུར་བའི་རང་མདངས་མ་བཅོས་དད་པ་ འགོག་མེད་ཀྱིས།། མཚོ་བྱུང་ཟླ་དཀར་གསང་བ་གསུམ་ལ་བསྟོད་པའི་དབྱངས་སྙན་ འབུམ་ལྡིར་ན།། ངག་རིག་ཀུན་དའི་འདབ་མ་གྲོལ་བའི་བྱིན་རླབས་འཛུམ་དཀར་ སྤྲོ་ལ་འདུན།།

བརྩེ་ཆེན་ཐུགས་རྗེའི་འགྲོ་ལ་རྗེས་ཆགས་དུས་གསུམ་རྒྱལ་བའི་ཡུམ་ཆེན་མོར།། རིང་ནས་འགྱུར་མེད་དད་པའི་ཆུ་སྐྱེས་ཁྱོད་ཉིད་གཅིག་པུར་འབུལ་བ་ན།། སྒྲིབ་གཉིས་དྲི་མ་ཀུན་ནས་བྲལ་བའི་ཡེ་ཤེས་སྤྲིན་གྱི་མེ་ཏོག་ གིས།། རྨོངས་པའི་ཚ་བས་ཡང་ཡང་གདུང་བའི་བདག་ཡིད་ཞིང་ས་ བརླན་པར་མཛོད།།

ངོ་མཚར་སྲིད་པའི་མཚར་སྡུག་ཡོངས་རྫོགས་ཡིད་འཕྲོག་མཚན་ དཔེའི་ལང་ཚོ་ཅན།། འགགས་མེད་ཚངས་པའི་དབྱངས་རྟ་རེ་རེའི་སྐྱེ་དགུ་འདྲེན་པའི་ བརྩེ་ལྡན་མ།། མཁྱེན་པའི་ཡེ་ཤེས་ནམ་མཁའི་རྗེས་འགྲོའི་ཆོས་ཀུན་མ་ལུས་ གཟིགས་པ་ཡི།། མཚོ་བྱུང་ལྷ་མོའི་ཞབས་ལ་འདུད་དོ་སྙན་པའི་ངག་གི་དངོས་གྲུབ་ སྩོལ།།

དཀར་མཛེས་པདྨ་ཟླ་བའི་གདན་ལ་ཙོག་པུར་བཞུགས་པའི་སྟངས་ སྟབས་བཅས།། ལྔ་ཟུང་ལག་པའི་ལྕུག་ཕྲན་སོར་མོས་བེེ་ཌཱུར་རྒྱུད་མང་བརྡུང་བའི་ ཚེ།། ཀུན་ནས་སྙན་པའི་སྒྲ་དབྱངས་ལམ་ནས་ཤེས་བྱའི་ཆོས་ཀུན་གླུ་ ལེན་མ།། ཚངས་པའི་སྲས་མོའི་ཞབས་ལ་འདུད་དོ་ངག་གི་དཔལ་ཀུན་ བདག་ལ་སྩོལ།།

དཀྱུས་རིང་ཟུར་མིག་བུང་བ་གཡོ་བས་འགྲོ་ལ་གཟིགས་པའི་བརྩེ་ ལྡན་མ།། དཀར་གསལ་དུང་གི་འཁྲི་ཤིང་གསར་པའི་ལང་ཚོ་ཡོངས་རྫོགས་ རྒྱལ་ཡུམ་མ།། ཡན་ལག་དྲུག་ཅུའི་གསུང་གི་རང་སྒྲ་རྣ་བའི་དཔྱིད་གཅིག་ངག་ སྙན་མ།། བློ་དམན་བདག་གི་ལོངས་སྤྱོད་འཁོར་ལོར་སྙན་པའི་ངག་གི་བདུད་ རྩི་སྩོལ།།

བདག་ཡིད་དད་གསུམ་པདྨོ་འཛུམ་པའི་ཞིང་ས་གཤིན་པོའི་ཕང་ བ་རུ།། ཁྱེད་ཐུགས་མཐའ་བྲལ་ཡངས་པའི་ཀློང་ནས་བྱམས་བརྩེའི་ཆུ་འཛིན་ དཀྲིགས་པ་ལས།། བྱིན་རླབ་དངོས་གྲུབ་བདུད་རྩི་སིལ་མ་ཅི་དགར་འཇོ་བའི་ལེགས་ བྱས་ཀྱིས།། རིག་བྱེད་ངག་གི་པད་མ་དཀར་པོར་སྙན་ཚིག་འདབ་བརྒྱ་བཞད་ པར་མཛོད།།

༢༠༠༨/༨/༡༢ ཉིན་ལྔ་རིག་སློབ་གླིང་ནས།






རྟོགས་བརྗོད་ཡིད་འཕྲོག་སྐྱེ་བ་ལྔ་པའི་ སྒྲ་དབྱངས་ཞེས་བྱ་བ་།

དམར་སེར་འཆར་ཀའི་ལང་ཚོ་གཞོན་ནུའི་སྐུ།། འབྲུག་ལྟར་ཆེར་བསྒྲོག་འགཊ་མེད་ཚངས་པའི་གསུང་།། ཇི་སྙེད་ཤེས་བྱ་ཀུན་མཁྱེན་ཡེ་ཤེས་ཐུགས།། སྐྱེས་མཆོག་སྨྲ་བའི་རྒྱལ་པོས་ཤིས་པ་སྩོལ།།

རབ་མཛེས་ཞལ་རས་སྟོན་ཟླ་འཛུམ་པའི་གཉེན།། བཞི་བཅུའི་ཚེམས་དཀར་གངས་རིའི་ཕྲེང་བའི་སྤུན།། སྲིད་གསུམ་མཚར་སྡུག་ཡོངས་རྫོགས་ངག་གི་ལྷ།། དེ་རིང་ལོངས་སྤྱོད་འཁོར་ལོའི་ཁ་ལོ་བསྒྱུར།།

འཇໆམ་དབྱໆངས་བླ་མའི་གསང་གསུམ་གྲུ་ཆར་གྱིས།། བློໆ་གྲོໆས་པདྨོའི་ཁོ་ལག་ཡོངས་རྫོགས་ནས།། ས་གསུམ་སྐྱེ་དགུའི་འདྲེན་མཆོག་རིໆན་ཆེໆན་ནོར།། དད་གསུམ་སྙིམ་པའི་འདབ་མ་ཁྱོད་ལ་ཟུམ།།

གང་ཁྱོད་ཡེ་སངས་རྒྱས་པ་བསྙོན་མེད་ཀྱང།། ཟླ་མེད་བརྩེ་ཆེན་འོད་ཟེར་འབུམ་ཕྲག་གིས།། ཟོ་ཆུན་མུན་པར་འཕྱན་པའི་འགྲོ་དོན་དུ།། སླར་ཡང་སྤྲུལ་པའི་ཟླ་གཞོན་སྲིད་འདིར་རོལ།།

སྔོན་ཞིག་གྲུབ་དབང་ཛྙ་ནཱ་བྷ་དྲ་དང།། གླིང་རྗེ་རས་པ་རྒྱལ་སྲས་ཚུལ་ཁྲིམས་སེང།། རྨ་སེ་རྟོགས་ལྡན་ལ་སོགས་འཕགས་བོད་དུ།། འགྲོ་བའི་དོན་དུ་སྤྲུལ་བསྒྱུར་བསམ་མི་ཁྱབ།།

ད་ལྟ་དངོས་སྣང་སྦས་པའི་བརྟུལ་ཞུགས་ཅན།། རིག་འཛིན་པདྨའི་ཕོ་ཉར་བསྔགས་པ་ཡི།། གདོལ་པའི་སྤྱོད་འཆང་འཁྲུལ་ཞིག་རྣལ་འབྱོར་པ།། ཧེ་རུ་ཀ་དཔལ་འཇིໆགས་བྲໆལ་དབໆང་པོໆའི་སྡེ།།

ཁྱེད་ཐུཊ་མཐའ་བྲལ་ནམ་མཁའི་དཀྱིལ་འཁོར་དུ།། མཐའ་ཡས་ཤེས་བྱ་རྒྱུ་སྐར་བྱེ་བ་བརྒྱ།། མ་འདྲེས་ཇི་སྙེད་རྣམ་པར་བཀྲ་བའི་ཆོས།། མཁྱེན་པའི་ཡེ་ཤེས་འོད་དཀར་དབང་པོས་བསྡུས།།

ཐོས་ན་མི་སྙན་མེད་པ་ཚངས་པའི་གསུང།། ངག་དབང་དབྱངས་ལྡན་ངང་མོའི་མགྲིན་གླུ་བཞིན།། དད་དང་ལྡན་པའི་སོ་སྐྱེ་གང་ཞིག་གིས།། ཐོས་པ་ཙམ་གྱིས་གནས་ངན་སྒོ་ཀུན་འགེགས།།

མཐོང་ན་མི་མཛེས་མེད་པ་མཚན་དཔེའི་སྐུ།། དྲི་མེད་སྟོན་མཚན་འོད་དཀར་འཛུམ་པ་བཞིན།། དད་ལྡན་སྐྱེ་བོ་ཀུ་མུད་འབུམ་ཕྲག་གིས།། མཐོང་བ་ཙམ་གྱིས་སྲིད་པའི་ཚ་གདུང་སེལ།།

གྲུབ་བརྙེས་རིག་འཛིན་གོང་མའི་ཞལ་སྐྱིན་ལས།། བྱུང་བའི་སྙན་བརྒྱུད་གདམས་ཟབ་བདུད་རྩིའི་ཀླུང།། ཡོངས་རྫོགས་ཐུགས་ཀྱི་བུམ་པར་ལེགས་བསྐྱིལ་ནས།། ཚེགས་མེད་གྲུབ་པ་མཆོག་གི་རྒྱལ་སར་གཤེགས།།

གངས་ལྗོངས་ཐུབ་པའི་བསྟན་པ་མཛེས་པའི་རྒྱན།། དྭགས་བརྒྱུད་རྒྱལ་བའི་རིང་ལུགས་ཉིན་མོར་བྱེད།། ནུབ་མེད་ཤར་གྱི་ལྷུན་པོའི་རྩེར་བཀོད་ནས།། སྒྲུབ་བརྒྱུད་བསྟན་པའི་སྲོག་འཛིན་མཆོག་ཏུ་གྱུར།།

ཆེར་སྙིགས་དུས་ཀྱི་འཚུབས་མ་ནག་པོ་ཡིས།། བསྟན་དང་འགྲོ་ལ་ཀུན་ནས་སྡང་བའི་ཚེ།། གང་ཉིད་རྒོད་ཚང་བྲག་ཏུ་སྒྲུབ་པ་མཛད།། པདྨས་རྗེས་བཟུང་དགོངས་པའི་གཏེར་མཛོད་བརྡོལ།།

དགེ་བཅུའི་ཞིང་མཆོག་མདོ་ཁམས་གླིང་སྟོད་དུ།། པདྨའི་རྒྱལ་ཚབ་རིག་འཛིན་རྣལ་འབྱོར་པ།། འཇིໆགས་བྲໆལ་པໆདྨໆ་དབໆང་ཆེໆན་ཞེས་གྲགས་པའི།། མཚན་གྱི་དབྱར་རྔ་སྲིད་པ་གསུམ་ན་ལྡིར།།

འགྲོ་རྣམས་འབྱུང་འཁྲུགས་ནད་ཀྱིས་ཉེན་པའི་ཚེ།། ཕໆན་བདེໆའི་གསོ་བྱེད་བདུད་རྩིའི་དགའ་སྟོན་གྱིས།། ཀུན་ཀྱང་རིང་འཚོའི་རྒྱໆ་ལས་མི་འདའ་བའི།། གཡུ་ཐོག་གདུལ་བྱ་མཚོໆ་ལྟར་རྒྱས་པར་བྱས།།

རབ་འབྱམས་གཞུང་ཀུན་འཆད་པ་ཐོགས་མེད་ཀྱིས།། རིས་མེད་རྒྱལ་བའི་བསྟན་པ་འོད་དཀར་ཅན།། འགྲོ་བློའི་མུན་པ་རབ་ཏུ་གསལ་བའི་ཕྱིར།། ཡངས་པའི་མཁའ་རུ་རྟག་ཏུ་འཆར་བར་བྱས།།

ལུང་དང་རིག་པའི་མཆེ་སྡེར་རེ་རེ་ཡིས།། ཕྱོགས་ཀྱི་དྲེགས་ལྡན་རི་དྭགས་ཝ་ཚོགས་ཀུན།། ཁེངས་བྲལ་གུས་དང་དངས་བས་བརྟེན་པ་ཡི།། རྩོད་པའི་ཟླ་བྲལ་གངས་རིའི་གདོང་ལྔ་པ།།

རྩོམ་པ་ལེགས་བཤད་ཀ་ལ་པིངྐའི་དབྱངས།། སྙན་ཞིང་འཇེབས་པ་རྣ་བའི་བཅུད་ལེན་གང།། ངག་གི་དབང་ཕྱུག་ཚངས་སྲས་ན་ཆུང་མའི།། མགྲིན་ལས་བརྐུས་སམ་བདག་ཅག་འཕྱང་མོ་ཉུག།

གངས་ལྗོངས་མཁས་གྲུབ་རྒྱུ་སྐར་བྱེ་བའི་ཁྲོད།། གསང་གསུམ་ཡོན་ཏན་གང་བ་ཡོངས་རྫོགས་ཤིང་།། ཕྲིན་ལས་འོད་ཀྱིས་འགྲོ་ཀུན་རྟག་སྐྱོང་བའི།། སྲིད་པའི་གདུང་སེལ་ཟླ་གཞོན་ཅིག་པུར་ཟད།།

བསྡུ་བའི་དངོས་བཞིའི་ཐབས་ཚུལ་ཟབ་མོ་ཡིས།། སྣང་དང་མི་སྣང་འགྲོ་བ་མ་ལུས་པ།། མངོན་མཐོ་ངེས་ལེགས་ལམ་ལ་བཀྲི་མཛད་པའི།། བསྟໆན་འཛིໆན་བློໆ་གྲོໆས་དུས་འདིར་ཡང་ཡང་དྲན།།

སྒྲུབ་བརྒྱུད་བསྟན་པའི་མངའ་བདག་རིན་པོ་ཆེར།། རྟོགས་བརྗོད་སྐྱེ་ལྔའི་སྒྲ་དབྱངས་བསྐུལ་བའི་མཐུས།། བདག་སོགས་འབྲེལ་བཅས་རྣམ་མང་ཡིད་ཅན་རྣམས།། དམ་པ་མཆོག་དང་འབྲལ་བར་མ་གྱུར་ཅིག།

བསིལ་ལྡན་གངས་རིའི་ལྗོངས་ཀྱི་སྐྱེ་དགུའི་ཚོགས།། དགེ་བཅུ་བྱ་བའི་རྒྱ་ལས་མི་འདའ་བར།། སྤྱི་བོ་སྐྱེས་ཀྱི་དུས་ལྟར་རྫོགས་ལྡན་གྱི།། དཔལ་ལ་རྟག་ཏུ་སྤྱོད་པའི་བཀྲ་ཤིས་ཤོག།

ཅེས་པ་འདི་སྐྱབས་མགོན་དམ་པ་གང་ཉིད་དགོངས་པ་གཞི་དབྱིངས་སུ་ཐིམས་ནས་ལོ་འཁོར་༢༠ལོན་པའི་ རྗེས་དྲན་དུ་༢༠༠༩ལོའི་ཟླ་༧པའི་༡༥ཉིས་བྲིས་པའོ། །




ནུབ་བཞུད་གསེར་བྱ་སེར་པོར་ཕུལ་བའི་ མཆོད་སྤྲིན་རིག་བྱེད་ངག་ གི་འགྱུར་ཁུག

ཞི་བདེའི་དེད་དཔོན་ཆེན་མོའི་སྐྱེས་སྐར་ལ་ཕུལ་བ། ལེགས་བྱས་རྟེན་འབྱུང་ཟླ་མེད་ཀྱིས།། ས་ལྰའི་དབྱིག་གི་བློ་གྲོས་མར།། ལང་ཚོའི་མེ་ཏོག་ཐོག་མ་རུ།། འཛུམ་པའི་བསོད་ནམས་ལྡན་ན་ཡང་།། མི་འདོད་དུས་ཀྱི་བར་ཆད་ཀྱིས།། གཞི་བྱེས་བྲལ་བའི་གདུང་བ་ལྕི།། འོན་ཀྱང་བྱང་ཕྱོགས་ཁ་བ་ཅན།། ཐག་རིང་ཁམས་པའི་རྒྱལ་ཁམས་ནས།། རིག་བྱེད་ངག་གི་མཆོད་སྤྲིན་འདི།། འབུལ་བའི་སྐལ་བ་བཟང་སྙམ་སེམས།།

རྒྱལ་ཀུན་གསང་གསུམ་སྙིང་གི་ཐིག་ལེ་གྲུ་འཛིན་རི་བོའི་མགུལ་དུ་ ཆགས།། ཟུམ་མེད་སྤྱན་རས་སྟོང་གི་བརྩེ་བས་འཛམ་བུའི་རྒྱན་པའི་ཡུལ་ འདི་འཛིན།། སྐྱབས་ཅིག་ཤེལ་དཀར་འཆང་བའི་སྒྱུ་འཕྲུལ་གདོང་དམར་འགྲོ་ བའི་མགོན་དུ་ཕེབས།། གང་གི་གསང་བ་གསུམ་གྱི་ཡོན་ཏན་བརྗོད་མཐའ་ཀླས་པ་རྒྱ་ མཚོའི་སྤྲིན།། དེ་ལྟ་མོད་ཀྱང་དེང་དུས་འདིར།། མཐའ་བྲལ་ཚད་ནི་འདི་ཙམ་ཞེས།། ཅོལ་ཆུང་བྱིས་བློའི་མཚོན་པ་བཞིན།། ཕྱོགས་ཙམ་བརྗོད་ལ་བདག་ཡིད་སྤྲོ།། འཆད་རྩོད་རླུང་གི་འཁོར་ལོ་ཡིས།། གོ་ལ་ཟླུམ་པོའི་ཁྱིམ་ནས་རྒལ།། ཚུལ་གནས་ཐོས་བསམ་སྒོམ་པའི་སྟོབས།། གཏིང་ཟབ་ཆུ་གཏེར་རྗེས་སུ་མཐུན།། ཐམས་ཅད་སྐད་དུ་རང་རང་ལ།། ལེགས་པའི་ལམ་སྟོན་མཛད་པའི་ཚེ།། མི་རིགས་མི་མཐུན་རྒྱུ་སྐར་དབུས།། ཁྱད་འཕཊ་བསིལ་ཟེར་འཛིན་ཁྱོད་ལ།། ཟླ་བོ་ཟིན་པ་སུ་ཞིག་མཆིས།། སུས་ཀྱང་བསམ་པའི་བློ་ལས་འགོངས་པའི་ལེགས་པའི་ཐབས་ཚུལ་ བདུད་རྩིའི་བཅུད།། གང་ཁྱོད་ཨུ་དུམ་ཝ་རས་འཛིན་དེས་ཡིད་ཀྱི་བརྟན་པ་འཕྲོག་བྱེད་ ན།། ཕྱོགས་དང་ཕྱོགས་ཀྱི་གྲགས་པའི་སྐྱེ་བོ་འཇིག་རྟེན་པད་མོ་སྟོང་ ཕྲག་གི། བཅུད་བྲལ་བློ་གྲོས་ཐབས་ཚུལ་ཀུན་གྱིས་ཆ་ཙམ་ཡང་ནི་མཚོན་ དུ་མེད།། འཛམ་བུ་གླིང་གི་སྐྱེ་འགྲོ་མ་ལུས་པ།། ལེགས་པའི་ལམ་དུ་ཁ་ལོ་སྒྱུར་བའི་ཚུལ།། ཁྲི་གདུགས་ཉི་མ་སེར་པོའི་འཛུམ་ཟེར་གྱིས།། ཐུན་གསུམ་མུན་པ་སེལ་བའི་རྗེས་སུ་མཐུན།། ཡོན་ཏན་དུ་མས་ཕྱུག་པའི་དམ་པ་ཁྱེད།། དབྱིག་གི་ཕུང་པོས་གཏམས་པའི་དལ་འབབ་མཛོད།། ཕན་བདེའི་མཛད་བཟང་དཔག་ཡས་བརྗོད་དཀའ་ཞིང་།། རིགས་མཐུན་སྐྱེ་བོའི་གྲལ་ནས་མངོན་པར་འཕགས།། འཁྲུལ་བའི་དྲི་མས་ལྷད་པའི་སྐྱེ་བོའི་གཏམ།། ནོར་བའི་ལས་ལ་འཇུག་པའི་འགྲོ་བའི་བློ།། དེ་ཕྱིར་གང་གི་བླ་མེད་མཁྱེན་གཏེར་ལ།། འགྲན་པའི་གོ་སྐབས་ནམ་ཡང་ཡོད་རེ་སྐན།། འཚེ་མེད་ཞི་བདེའི་ལམ་བཟང་སྟོན་པ་འདི།། འགྲོ་བའི་བདེ་སྐྱིད་བསྐྲུན་པའི་ལམ་གྱི་གཙོ།། དབུ་མའི་ལམ་གྱི་བདེན་དོན་སྐྱོང་བ་འདི།། རང་དབང་འདྲ་མཉམ་ལྟ་བའི་སྙིང་པོ་ཡིན།། མ་བཅོས་ཐུགས་མཆོག་ལྷ་ཡི་རྫིང་རིང་དུ།། ལྷད་མེད་བྱམས་བརྩེའི་སྤྲིན་དཀར་དཀྲིགས་པ་ལས།། ཕྱོགས་མེད་གསུང་གི་སྦྲང་ཆར་ཟིམ་བུ་ཡིས།། དགྲ་གཉེན་དབྱིག་འཛིན་རིས་མེད་རླན་འདིས་ཀྱང་།། ཆུ་སྲིན་རྒྱལ་མཚན་ཅན་གྱི་གྲོང་ཁྱེར་སྣ་ཚོགས་རིན་ཆེན་དུ་མའི་ མཛོད།། མཐའ་བྲལ་ཀུན་གསལ་ཡངས་པའི་ཀློང་ནི་རྒྱུ་སྐར་བྱེ་བ་འབྱུང་ བའི་གནས།། དེ་དང་དེ་ཡི་དམ་པ་གང་གི་གསང་གསུམ་ཡོན་ཏན་དུ་མའི་ གཏེར།། ཆ་ཙམ་མཚོན་པའི་གོ་སྐབས་མ་རྙེད་བཅིང་པའི་ངལ་བ་དང་དུ་ ལེན།། དེ་ཚེ་དྲེགས་ལྡན་སྐྱེ་བོ་ཀུན།། གང་གི་ཕུལ་བྱུང་མཛད་སྤྱོད་ལ།། འགྲན་པའི་ཟླ་བོ་མ་ཟིན་པར།། འཚེ་མེད་ཞི་བདེའི་གཟེངས་རྟགས་དང་།། གསེར་གྱི་རྟགས་མ་ལ་སོགས་པའི།། བསྟོད་པའི་འབུལ་བ་ཡང་ཡང་བརྩེགས།། ལེགས་བཤད་གཏམ་གྱི་འོད་སྣང་གིས།། འཇིག་རྟེན་འདིའམ་གཞན་དག་ཀྱང་།། བློ་མུན་སེལ་བའི་ངང་ཚུལ་དག། མཐོང་དང་ཐོས་པའི་མོད་ཉིད་ལ།། དད་པའི་མཆི་མ་ཡང་ཡང་དཀུ།། མང་པོས་གཏམ་གྱིས་མཉམ་འུར་དུ།། ཕུལ་བྱུང་བསྟོད་བསྔགས་བྱེད་པའམ།། བློ་རྨོངས་ཅོལ་ཆུང་འགའ་ཞིག་གིས།། སྨོད་པའི་ཅ་ཅོ་འདོན་ཀྱང་རུང་།། དྲང་པོ་དབུ་མའི་བདེན་ལམ་གྱིས།། བདེན་དོན་སྐྱོང་བ་ཁྱེད་ཀྱི་གཤིས།། ཁྱེད་སྐུ་དགུང་གི་རྟ་བདུན་དབང་།། ལེགས་གསུང་བདེན་པའི་རང་སྒྲ་དང་།། ཐུགས་མཆོག་ཡོན་ཏན་བྱེ་བའི་གཏེར།། སྲིད་གསུམ་ཡོན་ཏན་མ་ལུས་པ།། གཅིག་ཏུ་བསྡུས་འདྲའི་ངང་ཚུལ་རིག། ཟབ་གསང་ཏིང་འཛིན་རོལ་པ་ལས།། འཇུག་ཅིང་ལྡང་བའི་ཐབས་འཕྲུལ་གྱིས།། རྨད་བྱུང་བདུད་རྩིའི་ཆུ་བོ་ཡིས།། སྐལ་ལྡན་རིགས་ཀྱི་དཀྱིལ་འཁོར་ཀུན།། སྨིན་གྲོལ་བྱེད་པའི་རྩེ་དགའ་ཡིས།། སྐུ་གསུམ་ཡེ་ཤེས་དྭངས་མའི་ཁམས།། མི་འགྱུར་ཐུགས་ཀྱི་དཔལ་བེའུ་རུ།། འཕོ་བའི་ངོ་མཚར་ཨ་ཧོ་རྨད།། འདི་ནི་ཕལ་པའི་གཟུགས་བརྙན་མ་ཡིན་དམ་པ་གང་གི་མཚན་ དཔེའི་སྐུ།། སོ་སྐྱེ་དཀྱུས་མའི་ཅ་ཅོ་མ་ཡིན་ལེགས་པར་བཤད་པའི་གཏམ་གྱི་ མཛོད།། བཅོལ་ཆུང་བྱིས་པའི་འཁྲུལ་བློ་མ་ཡིན་ཐུགས་མཆོག་ཡོན་ཏན་བྱེ་ བའི་གཏེར།། འཇིག་རྟེན་སྒྱུ་མའི་སྤྱོད་པ་མ་ཡིན་ཡ་རབས་དམ་པའི་མཛད་ བཟང་ལགས།། དད་གསུམ་ཡིད་ཀྱི་ཐིག་ལེ་ཟེའུ་འབྲུ་འབུམ།། འཛུམ་པའི་རྐང་འཐུང་ཆུ་སྐྱེས་གཞོན་ནུ་ངས།། ཁྱེད་སྐུ་ཁྲི་གདུག་ཉི་མའི་ཆ་ཤས་ཙམ།། མཇལ་བའི་སྐལ་བཟང་སྒུག་ནས་ཡུན་རིང་འགོར།། ཤར་གྱི་འཚུབ་མ་ནག་པོ་ཡི།། དྲག་ཤུལ་འཇིཊ་པའི་མནར་གཅོད་ཀྱིས།། བརྩེ་བའི་སྤུན་སྲིང་ཁྲི་ཕྲག་གི། ཉེས་མེད་གཅེས་པའི་སྲོག་འཕྲོག་པ།། བདག་གིས་མཐོང་དང་ཐོས་པའི་ཚེ།། རེ་བའི་མདུན་མ་ཁྱོད་ལ་ཕྱོགས།། དབུས་འགྱུར་འཕཊ་པའི་ཞིང་ཁམས་ནས།། གང་ཁྱོད་ཉེར་འཚེ་ཀུན་བྲལ་ཞིང་།། བདེ་བར་འཚོ་ཞིང་རྟག་བཞུགས་པས།། བརྗོད་མེད་དགའ་བ་གང་གིས་མཚོན།། ཁྱེད་ཀྱི་ཐུགས་བསྐྱེད་ཟབ་མོ་དང་།། བོད་མིའི་ལྷག་བསམ་བདེན་མཐུ་ཡིས།། གཞི་བྱེས་ལྷན་འཛོམས་མྱུར་བྱུང་ནས།། བདེ་སྐྱིད་རང་དབང་ཐོབ་ལ་རེ།། གོ་ལའི་སྟེང་གི་སྐྱེ་འགྲོ་རྣམས།། ཞི་བདེར་བསྒྱུར་བའི་ངོ་མཚར་གང་།། ཡ་མཚན་གཏམ་གྱི་ཆོམ་རྐུན་མས།། རྒྱ་བྱིན་སྙན་དབང་འཕྲོག་པའི་ཚེ།། ཡིད་ཀྱིས་དྲན་པས་མ་ཟིན་པར།། ཞོ་འཐུང་རུས་པའི་མཚོན་ཆ་དེ།། རང་དབང་མེད་པར་ས་རུ་ལྷུང་།། གངས་རིའི་ལྷ་གཅིག་དགའ་བྱེད་རྒྱལ་པོ་འཇིགས་མེད་དཔའ་བའི་ སྟོབས་ཤུགས་ཀྱིས།། ཐུཊ་བསྐྱེད་གནམ་རུའི་རྒྱུད་ལས་དྲང་པའི་བདེན་པའི་ཉག་ཕྲན་ ཐེངས་གཅིག་གིས།། གཡོ་སྒྱུའི་ཕུང་པོ་འབོད་སྒྲོགས་གང་གི་ལྔ་ཟུང་མགྲིན་པ་མཐར་བྱས་ནས།། བདེ་སྐྱིད་རང་དབང་རོལ་རྙེད་མ་དེ་ཅི་དགར་བདག་གི་ལོངས་སུ་ བྱས།། ར་རིའི་སྐྱོན་གྱི་དྲི་མས་མ་གོས་ཤིང་།། གཞན་ཕན་བསིལ་ཟེར་འགྲོ་ལ་རྟག་བྱེད་པའི།། ཨེ་མ་མགོན་ཁྱོད་ཆུ་ཤེལ་དབང་པོ་སྟེ།། ཉམ་ཆུང་ཀུན་ད་འབུམ་ཕྲག་སྐྱོང་བའི་གཉེན།། མ་བསྐུལ་འགྲོ་ལ་ཕན་བདེ་བསྐྲུན།། མ་བུས་གྲགས་པའི་སྒྲ་བརྒྱ་འཛིན།། མ་ལུས་སྐྱེ་བོའི་མགོན་པོ་མཆོག། མ་བགོས་ཀུན་གྱི་ཟུར་ཕུད་རྒྱན།། མཛད་ཕྲིན་འོད་སྟོང་གསར་པ་ཡིས།། གདུལ་བྱའི་མུན་པ་ཀུན་སེལ་བའི།། བདག་སོགས་སྙིང་གི་ཟེའུ་འབྲུ་ཁྱོད།། ཁྲི་གདུགས་གསེར་བྱ་སེར་པོར་འཕྱ།། གང་ཁྱོད་རྨད་བྱུང་ཐུཊ་བསྐྱེད་ཟབ་མོའི་མཐུས།། ས་ཡ་དྲུག་གི་མི་རིགས་འདི་དག་གི། རང་དབང་ཞི་བདེའི་དཔལ་ལ་སྤྱོད་པའི་ཆེད།། གངས་རིའི་མགོན་དུ་ཁྲི་ལོར་བརྟན་གྱུར་ཅིག། ཁ་བའི་འདབ་ལོ་འཐོར་བའི་ཞིང་ཁམས་སུ།། ཕན་བདེའི་འབྱུང་གནས་བསྟན་འཛིན་ཡོངས་ཀྱི་རྒྱན།། ཐུཊ་བསྐྱེད་རྒྱ་མཚོའི་འགྲོ་ཁམས་རྟག་སྐྱོང་བའི།། གང་དེའི་བཞེད་དོན་ཡིད་བཞིན་འགྲུབ་པར་སྨོན།། དེ་སྐད་རིག་བྱེད་ངག་གི་མཆོད་སྤྲིན་འདི།། ནུབ་བཞུད་གསེར་བྱ་སེར་པོར་ཕུལ་བའི་གཏམ།། དགེ་མཚན་སྐྱ་རེངས་གསུ་བའི་ཕོ་ཉ་རུ།། ཁམས་ཕྲུག་གངས་སྐྱེས་མེ་ཏོག་གང་དེས་ཕུལ།། གངས་རིའི་དུང་ཕྲེང་ཚར་དུ་དངར་བའི་ཁོར་ཡུག་ར་བའི་ཁུག་སོ་ ནས།། དུས་ཀྱི་དབང་གིས་རྒྱང་དུ་བཞུད་པའི་ཁྲི་གདུགས་གསེར་བྱ་སེར་ པོ་ལ།། ཕུལ་བའི་མཆིད་འདི་གཞི་བྱེས་དུང་བའི་རིག་བྱེད་ཚིག་གི་མཆོད་ ཕྲེང་སྟེ།། མ་བཅོས་འགྱུར་མེད་དད་པས་འབུལ་ན་རེ་བའི་དོན་ཀུན་འགྲུབ་ གྱུར་ཅིག།









དུམ་བུ་གཉིས་པ། མི་སྐད།



















འཕྲལ་ཕུགས་ལེགས་ཉེས་རང་གི་ནུས་པར་རག། བཟང་ངན་བླང་དོར་དཔྱོད་ཤེས་བློ་ཡིས་འབྱེད།། དྲང་བདེན་རྒྱ་མས་རང་ཉིད་ལེགས་འཇལ་བ།། རྒྱུ་འབྲས་ལྡན་པའི་མི་ཡི་སྤྱོད་པ་ཡིན།།

ཕུགས་ཀྱི་འདུན་མ་ལྷ་དང་འདྲེ་ལ་བཅོལ།། འཕྲལ་གྱི་ལེགས་ཉེས་ལས་དབང་ཁོ་ནར་རྩི།། རང་ལ་ཡིད་ཆེས་སྙིང་སྟོབས་ཙམ་མེད་པ།། རྗེས་ལུས་ཀུན་གྱི་རྩ་བ་འདི་ཉིད་ཡིན།།

ཕྱི་ཡི་སྣ་ཚོགས་འཆལ་བའི་སྤྱོད་པ་སྤངས།། ནང་གི་ཀུན་སློང་བདེན་པའི་ཕྱོགས་ལ་གོམས།། རང་གི་ཕྱི་ནང་ཀུན་སྤྱོད་གང་ནས་ཀྱང་།། ལེཊ་བཅོས་བྱེད་པའི་ཐབས་ལ་བརྩོན་པར་རིཊ།།

མི་བུ་ངོ་མས་མི་སྐད་རྣལ་མ་བཤད།། མི་ཡི་ཡུལ་ནས་མི་ཡི་བདེ་སྡུག་གླེང་།། མི་ཡི་སེམས་ལ་བཟང་པོས་ས་བོན་བཏབ།། མི་ཡི་སྤྱོད་པར་ཡ་རབས་ཚུལ་བཟང་སློབ།།

ཕྲག་ཏུ་བབས་པའི་འོས་འགན་དང་དུ་ལེན།། སྨྲ་བརྗོད་རང་དབང་ཐོབ་ཐང་ལོངས་སུ་སྤྱོད།། འབྱུང་འགྱུར་བོད་མིའི་སྐྱིད་སྡུག་གླེང་བ་ལ།། བདེན་རྫུན་དྲང་པོས་འབྱེད་པ་འོས་པའི་ལས།།

ཆོས་ཀྱི་ལག་ལེན་རབ་བྱུང་ཆོས་པས་བྱེད།། སྲིད་ཀྱི་དོན་དག་འཇིག་རྟེན་ཁྱིམ་པས་སྒྲུབ།། ཆོས་སྲིད་ཟུང་དུ་འབྲེལ་བའི་ལུགས་ངན་གྱིས།། ཆོས་མིན་སྲིད་མིན་བྱེད་པའི་དགོས་པ་མེད།།

མི་རུ་སྐྱེས་པས་མི་ཡི་ཐོབ་ཐང་རྩོད།། ནོར་འཁྲུལ་ལས་ལ་འགྱོད་པས་ལེཊ་བཅོས་བྱེད།། ལེཊ་ཉེས་ཐབས་ལམ་སྙིཊ་དོར་བཅུད་བཟང་ལེན།། མི་བུ་རང་ཉིད་མི་ཡི་གྲལ་དུ་འགྲོ།།

རང་སྐད་སྨྲ་བའི་རོ་འཛིན་རྩད་ནས་ཆད།། གཞན་སྐད་ལད་ཟློས་ལྕེ་རྩེ་རིང་དུ་གཡོ།། རང་ཚུགས་མེད་པའི་ཨ་གསར་སྐྱེ་བོ་དག། ནགས་ཀྱི་སྤྲེའུའི་ཟླ་བོར་མི་འགྱུར་རམ།།

ཕ་མེས་གཅིག་ལས་གྱེས་པའི་མི་རིགས་ལ།། དགྲ་དང་གཉེན་གྱི་སྡེ་བ་གཉིས་སུ་ཕྱེས།། མི་སྡུག་ཆགས་སྡང་འཁོན་འཛིང་དྲག་པོ་ཡིས།། རང་ཕུང་རང་བརླག་མ་བྱེད་ཤག་པོ་དག།

འཁོར་བ་སྤངས་བའི་ཐུབ་པའི་དམ་ཆོས་དང་།། འཁོར་བ་སྒྲུབ་པའི་འཇིག་རྟེན་སྲིད་ལུཊ་གཉིས།། བསྲེ་ལྷད་བྱེད་པའི་ཐབས་ལ་མི་བརྩོན་པར།། རང་རང་སོ་སོར་གཙང་མར་སྐྱོང་ན་བཟང་།།

ཆོས་འདོད་རྣམས་ཀྱིས་ཆོས་ཀྱི་ལག་ལེན་སྦྱོང་།། འཇིག་རྟེན་འདོད་ན་སྲིད་ལུགས་ལེཊ་པར་སློབ།། རང་རང་དད་མོས་རྗེས་སུ་འབྲང་བ་ལ།། སུས་ཀྱང་བཙན་གྱིས་སྐུལ་བའི་དབང་ཆ་མེད།།

དྲང་པོའི་མི་ལ་བདེན་པའི་རྒྱབ་སྐྱོར་དང་།། འཁྱོག་པོ་རྣམས་ལ་དྲང་པོའི་ལམ་སྟོན་ཞིང་།། བདེན་དང་རྫུན་པ་དྲང་བདེན་གྱིས་འབྱེད་པ།། དཔྱོད་ལྡན་སྐྱེ་བོའི་ཡ་རབས་སྤྱོད་པ་ཡིན།།

དོགས་སློང་སྙིང་སྟོབས་ཆེན་པོས་རྩོད་གླེང་བྱེད།། དྲང་བདེན་གནས་ལུགས་ངོ་མ་རྒྱན་དུ་འཛིན།། གཡོ་རྫུན་འཁྱོག་པོའི་རང་མཚང་འདོན་པ་དེ།། ཤེས་ཡོན་ཅན་གྱི་རྩ་བའི་ལག་ལེན་ཡིན།།

མཐོན་པོའི་འབྱོར་ཕྱུག་དབུས་ནས་སྡུག་རེ་བསྔལ།། དམའ་མོའི་ཐང་སྟོང་དཀྱིལ་ནས་འོ་རེ་རྒྱལ།། བར་མ་བར་མའི་གྲལ་ནས་ཡིད་རེ་སྐྱོ།། འཇིག་རྟེན་མི་ཚེ་སྐྱོ་གར་རིང་མོ་ཞིག།

རྙིང་ཞེན་ཨུ་ཚུགས་མཁན་པོ་མང་ན་ཡང་།། ལེགས་པའི་སྲོལ་རྒྱུན་འཛིན་པ་ཉུང་ཉུང་ཙམ།། གསར་ཞེན་གཡམ་ལ་རྒྱུག་པ་མང་ན་ཡང་།། གསར་བྱུང་ཚུར་ལེན་བྱེད་པ་ཉུང་ཉུང་ཙམ།།

དྲན་ཚད་ཁ་ནས་འཆད་པའི་འདོད་ལྡན་དང་།། ཆགས་སྲེད་ཁུང་དུ་སྦས་པའི་སྐྱེ་བོ་གཉིས།། ཕྱི་ཡི་ཚུལ་འཆོས་ཙམ་ལ་འགལ་སྲིད་ཀྱང་།། མ་བཅོས་སེམས་པ་གཅིག་ཏུ་མཐུན་ཡང་སྲིད།།

གླིང་བཞིའི་ཡུལ་ནས་ཕྱོགས་མེད་རྒྱང་ལྟ་བྱས།། ཆོལ་གསུམ་ཞིང་ནས་ཁ་བའི་སྐྱིད་སྡུག་གླེང་།། ལུཊ་གཉིས་ལག་ལེན་ཡང་དག་བདེན་པས་འབྱེད།། ཚེ་གཅིག་ཡུན་ལ་ཕན་པའི་ལམ་བཟང་འཚོལ།།

ཀ་མད་སུམ་ཅུའི་སྦྱང་བརྩོན་ལེགས་དང་གཅིག། ཁ་བའི་བརྡ་སྤྲོད་བཀོལ་སྤྱོད་བྱེད་དང་གཉིས།། མ་འོངས་མདུན་ལམ་འཚོལ་བའི་སྙིང་སྟོབས་གསུམ།། རང་རིགས་ཡར་རྒྱས་ཡོང་བའི་རྩ་བ་ཡིན།།

༢༠༠༡༠ ༢ ༡༨ ཉིན་ཕ་ཡུལ་ནང་ཆེན་ནས།





རྒྱ་སྐད་འཁྱལ་མ་འཁྱོར་ཞིག་མ་ཤེས་ཀྱང་།། དབྱིན་སྐད་ད་མ་དིག་འགའ་མ་ལོབས་རུང་།། རང་སྐད་ལྷད་མེད་སྨྲ་བའི་སྙིང་སྟོབས་ཞིག། ཡོད་ན་མི་རིགས་འདི་ཡི་བདག་པོ་ཡིན།།

རྙིང་ཞེན་རྒན་པོའི་མིག་ལ་གཟན་གྱུར་ཀྱང་།། ཅོལ་ཆུང་གསར་བུའི་གྲལ་དུ་མ་ཚུད་རུང་།། བདེན་དོན་གནས་ལུགས་ཤེས་པ་ཞིག་ཡོད་ན།། འབྱུང་འགྱུར་མི་རིགས་འདི་ཡི་བདག་པོ་ཡིན།།

ཆེ་མདོག་མཁས་པའི་གྲལ་དུ་མ་ཚུད་ཀྱང་།། ཤེས་ཡོན་ཅན་གྱི་གོ་ཐོབ་མེད་ཀྱང་རུང་།། འགྱུར་མེད་ལྷག་བསམ་གཙང་མ་ཞིག་ཡོད་ན།། མ་འོངས་མི་རིགས་འདི་ཡི་བརྒྱུད་འཛིན་ཡིན།།

སྟག་ཤར་སྨྱོ་མགོའི་གྲལ་ནས་བུད་གྱུར་ཀྱང་།། སྨན་ཆུང་འཕྱོན་མའི་མིག་ལ་མ་མཛེས་རུང་།། ལྷད་མེད་རིགས་ཞེན་ཡག་པོ་ཞིག་ཡོད་ན།། འབྱུང་འགྱུར་མི་རིཊ་འདི་ཡི་བརྒྱུད་འཛིན་ཡིན།།

ལོངས་སྤྱོད་འབད་པས་བསྒྲུབ་པའི་མཐུ་མེད་ཀྱང་།། བདེན་དོན་རྩོད་པའི་སྤོབས་པ་མེད་ཀྱང་རུང་།། འགྱུར་མེད་རང་ཚུགས་ལྡན་པ་ཞིག་ཡོད་ན།། འབྱུང་འགྱུར་མི་རིགས་འདི་ཡི་བདག་པོ་ཡིན།།

འབྱོར་ལྡན་འཛུམ་གྱིས་བསུ་བའི་ཐབས་མེད་ཀྱང་།། དབང་ཆེན་དཔོན་པོའི་ངོ་སོ་མ་ཟིན་རུང་།། དད་མོས་རང་དབང་འདོར་མེད་ཅིག་ཡོད་ན།། མ་འོངས་མི་རིགས་འདི་ཡི་བརྒྱུད་འཛིན་ཡིན༎

ཐམས་ཅད་ལེཊ་བཅོས་བྱེད་པའི་མཐུ་མེད་ཀྱང་།། ཡོད་ཚད་དཔུང་གཉེན་བྱེད་པའི་སྟོབས་ཆུང་རུང་།། རང་གིས་རང་ཉིད་ལེགས་ལམ་བཀྲི་བའི་ཐབས།། ཡོད་ན་མི་རིགས་འདི་ཡི་མགོན་སྐྱབས་ཡིན།།

ཆོས་སྲིད་ཟུང་འབྲེལ་སྐྱོང་བའི་སྟོབས་མེད་ཀྱང་།། གཞན་དོན་རྒྱ་ཆེན་བསྒྲུབ་པའི་རྩལ་ཞན་རུང་།། རང་དོན་རང་གིས་བསྒྲུབ་པའི་སྟོབས་ཡོད་ན།། ཁ་བ་གངས་ཅན་པ་ཡི་ཤུལ་འཛིན་ཡིན།།

གཞན་སེམས་ངང་གིས་འགུགས་པའི་མཐུ་ཞན་ཡང་།། གཞན་རིགས་འཛུམ་གྱིས་བསླུ་བའི་ཐབས་མེད་ཀྱང་།། རང་གི་རིགས་ལ་བྱམས་པ་ཞིག་ཡོད་ན།། བསིལ་ལྡན་གདོང་དམར་པ་ཡི་བརྒྱུད་འཛིན་ཡིན།།

སྲོང་བཙན་འདྲ་བའི་བཟི་བརྗིད་མི་ལྡན་ཀྱང་།། གེ་སར་ལྟ་བུའི་རྩལ་དྲུག་མེད་ཀྱང་རུང་།། འགྲོ་མིའི་ཐོབ་ཐང་བརྩོད་མཁན་ཞིག་ཡོད་ན།། མ་འོང་གངས་ཅན་པ་ཡི་བདག་པོ་ཡིན།།

སྟོང་བཙན་འདྲ་བའི་སྤྱང་གྲུང་མ་འཛོམས་ཀྱང་།། ཨ་ནུ་ལྟ་བུའི་མཛད་རྗེས་མ་ཞོག་རུང་།། རང་ཡུལ་རང་གིས་སྐྱོང་བ་ཞིག་ཡོད་ན།། མཐོ་སྒང་མི་རིགས་འདི་ཡི་བརྒྱུད་འཛིན་ཡིན།།

ལུང་ཤར་ལྟ་བའི་སྙིང་སྟོབས་མི་ལྡན་ཡང་།། དགེ་ཆོས་འདྲ་བའི་བདེན་སྐྱོང་མེད་ཀྱང་རུང་།། རང་གི་རང་དབང་གླེང་མཁན་ཞིག་ཡོད་ན།། མ་འོངས་མི་རིགས་འདི་ཡི་བདག་པོ་ཡིན།།

བཙན་གནོན་གཞན་ལ་ཁ་གཏད་མ་ཆོག་ཀྱང་།། ཉམ་ཆུང་རང་རིགས་སྐྱོང་བའི་མཐུ་མེད་རུང་།། རང་གཞན་དབྱེ་བ་ཤེས་པ་ཞིག་ཡོད་ན།། མ་འོངས་མི་རིགས་འདི་ཡི་བརྒྱུད་འཛིན་ཡིན།།

སྐྲ་སེར་མཛེས་མ་བསུ་བའི་ཐབས་མེད་ཀྱང་།། རྒྱ་མོ་གནའ་མར་ལེན་པའི་མཐུ་ཞན་ཡང་།། ལྷད་མེད་རིགས་ཞེན་གཙང་མ་ཞིག་ཡོད་ན།། མ་འོངས་གངས་རིའི་སྲས་མོའི་བདག་པོ་ཡིན།།

གཞན་ཡུལ་སྟོབས་ཀྱིས་འཕྲོག་པའི་ཤུཊ་མེད་ཀྱང་།། གཞན་ནོར་བཙན་གྱིས་འཁྱེར་བའི་མཐུ་བྲལ་ཡང་།། རང་ཡུལ་རང་གིས་སྐྱོང་བའི་བློ་ཡོད་ན།། མཐོ་སྒང་ཁ་བ་ཅན་གྱི་བདག་པོ་ཡིན།།

རིག་ནོར་གཅེས་འཛིན་བྱེད་པའི་རྩལ་ཞན་ཡང་།། གསར་བྱུང་ལེགས་ཆ་ཚུར་ལེན་མ་ཐུབ་རུང་།། རང་ཉིད་བོད་རིགས་ཡིན་པའི་བློ་ཡོད་ན།། ཡབ་མེས་ཐུ་བོད་བཙན་པོའི་བརྒྱུད་འཛིན་ཡིན།།

༢༠༡༡ ༣ ༣༠ ཉིན་ལྷ་བཙན་དཀར་པོའི་ཉེ་འདབས་ནས།










དམ་པ་ལྷ་ཆོས་གཉེར་བའི་ཆོས་པ་དང་།། འཇིག་རྟེན་སྲིད་ལུཊ་སྐྱོང་བའི་ཁྱིམ་པ་གཉིས།། ཆོས་སྲིད་གཉིས་པོ་རྩོད་པའི་གཞིར་གྱུར་ཚེ།། མ་འོངས་གངས་ལྗོངས་ཡར་རྒྱས་ཇི་ལྟར་བྱེད།།

སྙིང་པོའི་ཉམས་ལེན་བརྩོན་པའི་སྒོམ་སྡེ་དང་།། འདོན་ཆོག་བཙིགས་སུ་བཟུང་བའི་བན་རྒན་གཉིས།། ཕྱོགས་ཞེན་ཨུ་ཚུགས་ལྟ་བ་བཟུང་བའི་ཚེ།། རིས་མེད་གྲུབ་མཐའི་ལག་ལེན་ཇི་ལྟར་བྱེད།།

ཐོས་བསམ་སྙིང་པོར་བཟུང་བའི་བཤད་སྡེ་དང་།། མ་ཡུམ་སློབ་གྲྭ་འགྲིམས་པའི་སློབ་མ་གཉིས།། ཀུན་སྤྱོད་ལྟ་བ་རིས་སུ་བོར་བའི་ཚེ།། མདུན་བསྐྱོད་རྡོག་རྩ་གཅིག་ཏུ་ཇི་ལྟར་སྦྲེལ།། དབྱར་རྩྭ་དགུན་འབུ་རྩོད་པའི་འབྲོག་སྡེ་དང་།། ས་མཁར་དོན་དུ་འཁྲུགས་པའི་ཡུལ་སྡེ་གཉིས།། ནང་ཁུལ་ཕུ་ནུའི་རལ་ཁ་འགྲན་པའི་ཚེ།། གདོང་དམར་སྤུན་ཟླའི་ལག་རྡང་ཇི་ལྟར་སྦྲེལ།།

གོ་སར་ཤི་སྦར་འཐམས་པའི་དཔོན་པོ་དང་།། ཟླ་ཕོགས་སྲོག་ལས་གཅེས་པའི་ལས་བྱེད་གཉིས།། རང་གི་རིགས་རུས་ཕངས་མེད་དོར་བའི་ཚེ།། རང་གི་མི་རིགས་སྲུང་སྐྱོབ་ཇི་ལྟར་བྱེད།།

ཕྱི་ཡི་གཞན་མིའི་དབང་བསྒྱུར་དྲག་པོ་དང་།། ནང་གི་ཕུ་ནུའི་མཐུན་སྦྲེལ་ཉམས་པ་གཉིས།། ཤི་མ་གསོན་གྱི་རང་རིགས་ལ་བསམ་ཚེ།། མེས་པོའི་ཁྱིམ་གཞི་དྲོན་མོ་ཇི་ལྟར་འཛིན།།

ཆེན་པོས་གཡོ་སྒྱུའི་ལྐོག་ནོར་ལེན་པ་དང་།། ཆུང་བས་གཞན་ནོར་འཇབ་བུའི་རྐུ་བ་གཉིས།། རང་ཉིད་འཁྱོག་པོའི་ལམ་དུ་ཞུགས་པའི་ཚེ།། གཞན་ལ་རང་དབང་ཐོབ་ཐང་ཇི་ལྟར་རྩོད།། ༢༠༠༩ ༤ ༢༩ ཉིན་ནང་ཆེན་ནས།




རྐང་གཉིས་འགྲོ་བས་ཟླ་བའི་འཇིག་རྟེན་འགྲིམས།། བདེ་སྐྱིད་ལོངས་སྤྱོད་མིག་སྐྱའི་མཛོད་ལ་འགྲན།། འཕོ་འགྱུར་གཅིག་གིས་ལྷ་ཡི་འཇིག་རྟེན་སྒྲུབ།། མི་རིགས་ཡང་རྩེར་སོན་པའི་དན་རྟགས་ཡིན།།

གོ་ལའི་འཇིག་རྟེན་ཡངས་པའི་གྲུ་ཟུར་ན།། གདོད་མའི་འཚོ་སྟངས་རྙིང་པ་རྒྱན་དུ་འཛིན།། ཐབས་སྡུག་སྒོ་ཕྱུགས་སྲོག་གི་གཤེད་མར་གྱུར།། རང་རིག་རྗེས་སུ་ལུས་པའི་དན་རྟགས་ཡིན།།

ལེ་བར་སྟོང་ཕྲག་ཆོད་པའི་འཕུར་གྲུ་གཅིག། ཤར་ནུབ་སྐད་ཆ་བརྗོད་པའི་གློག་འཕྲིན་གཉིས།། སྟབས་བདེའི་བྱ་གཞག་སྒྲུབ་པའི་རྩིས་འཕྲུལ་གསུམ།། མི་རིགས་ཡང་རྩེར་སོན་པའི་དན་རྟགས་ཡིན།།

གཡག་རྒན་ནག་པོའི་ཁུར་བོ་ལྕི་དང་གཅིག། རྟ་རྒན་གྲོ་བོའི་རྒྱབ་རུས་བུག་དང་གཉིས།། ཁྱི་རྒན་རྒྱ་བོའི་ལུས་ཀྱི་ལྕགས་སྒྲོགས་གསུམ།། རང་རིགས་རྗེས་སུ་ལུས་པའི་དན་རྟགས་ཡིན།།

ཐོག་རྩེགས་བརྒྱ་ཕྲག་ཅན་གྱི་ཁང་ཁྱིམ་གཅིག། སྣ་ཚོགས་དངོས་པོའི་ཕྱུག་པའི་ཚོང་ར་གཉིས།། འགྲིམ་འགྲུལ་སྐད་ཅིག་བགྲོད་པའི་རླངས་འཁོར་གསུམ།། མི་རིགས་ཡང་རྩེར་སོན་པའི་དན་རྟགས་ཡིན།།

ས་རྡུལ་ཆར་དུ་འབབ་པའི་ཁང་ཆུང་གཅིག། ལམ་ཐག་འདོམ་གྱིས་འཇལ་བའི་ངལ་བ་གཉིས།། ཤ་ཁྲག་ཟས་ལ་རྔམས་པའི་གདུག་རྩུབ་གསུམ།། རང་རིགས་རྗེས་སུ་ལུས་པའི་དན་རྟགས་ཡིན།།

དགག་སྒྲུབ་རྟོག་དཔྱོད་བློ་གྲོས་རྣོ་དང་ཅིག། ཚོད་ལྟའི་ཚུར་ལེན་བྱེད་པའི་སྙིང་སྟོབས་གཉིས།། འཚོ་གནས་ཕུན་ཚོགས་བསྐྲུན་པའི་ལག་ལེན་གསུམ།། མི་རིགས་ཡང་རྩེར་སོན་པའི་དན་རྟགས་ཡིན།།

རྙིང་ཞེན་རྨོངས་དད་ཤན་ཤུགས་ཆེ་དང་གཅིག། དཔྱོད་ཤེས་བློ་ཡི་ཁབ་མིག་དོགས་དང་གཉིས།། གང་ལའང་ཆོག་ཤེས་བྱེད་པའི་ལྟ་ཚུལ་གསུམ།། རང་རིགས་རྗེས་སུ་ལུས་པའི་དན་རྟགས་ཡིན།།

མི་རིགས་འདྲ་མཉམ་ཡིན་པའི་ལྟ་ཚུལ་གཅིག། བདེན་རྫུན་དྲང་པོས་འབྱེད་པའི་བློ་གྲོས་གཉིས།། མི་ཚེའི་རིན་ཐང་ལེན་པའི་བློ་སྤོབས་གསུམ།། མི་རིགས་ཡང་རྩེར་སོན་པའི་དན་རྟགས་ཡིན།།

དྲན་གཡོག་ལམ་ལུགས་སྐྱོང་བའི་སྲོལ་རྙིང་གཅིག། མི་ཚེའི་རིན་ཐང་ཕྱུགས་རྗེས་བརླགས་པ་གཉིས།། ཨུ་ཚུག་ལྟ་བ་འཁྲེག་བཟུང་བྱེད་པ་གསུམ།། རང་རིགས་རྗེས་སུ་ལུས་པའི་དན་རྟགས་ཡིན།།

དམངས་གཙོའི་ལམ་ལ་བསྐྱོད་པའི་ལྟ་ཚུལ་གཅིག། འགྲོ་མིའི་ཐོབ་ཐང་བརྩོད་པའི་བློ་གྲོས་གཉིས།། རང་དབང་རང་གིས་ལེན་པའི་ཐོབ་ཐང་གསུམ།། མི་རིགས་ཡང་རྩེར་སོན་པའི་དན་རྟགས་ཡིན།།

མཐོ་དམན་དབུལ་ཕྱུག་འབྱེད་པའི་བསམ་བློ་གཅིག། མི་ཡི་རང་དབང་ཐོབ་ཐང་བྲལ་བ་གཉིས།། རང་དབང་རྩོད་ལེན་མེད་པའི་སྒྱིད་ལུགས་གསུམ།། རང་རིགས་རྗེས་སུ་ལུས་པའི་དན་རྟག་ཡིན།།

དམངས་ཕན་ལྷག་བསམ་ཅན་གྱི་དབུ་ཁྲིད་གཅིག། མཐུན་སྦྲེལ་གོམ་ཁ་གཅིག་པའི་བློ་མཉམ་གཉིས།། ཞི་བདེའི་འཚོ་བ་རོལ་བའི་ཐབས་ཚུལ་གསུམ།། མི་རིགས་ཡང་རྩེར་སོན་པའི་དན་རྟགས་ཡིན།།

མི་སེར་འུ་ལག་ཁྲལ་གྱིས་གཉའ་གནོན་གཅིག། ནང་ཁུལ་ཕུ་ནུའི་རལ་ཁ་འགྲན་པ་གཉིས།། ཕུང་དཀྲུགས་སྡུག་གི་འཚོ་བ་རོལ་བ་གསུམ།། རང་རིགས་རྗེས་སུ་ལུས་པའི་དན་རྟགས་ཡིན།།

༢༠༡༠ ༦ ༡༠ ཉིན་ཟླ་ཆུའི་ཉེ་འགྲམས་ནས།




སྔོན་སྨོན་ལེགས་བྱས་བཟང་པོའི་རྟེན་འབྲེལ་གྱིས།། ཡུལ་མཐོ་ས་གཙང་བསིལ་ལྡན་གངས་ལྗོངས་སུ།། བཙན་པོ་གདོང་དྲུང་བོད་ཀྱི་རིགས་རྒྱུད་དུ།། རྙེད་དཀའི་དལ་རྟེན་སྒྱུ་མའི་མངལ་ལས་གྲོལ།།

རིན་བྲལ་རྟེན་བཟང་རྙེད་པའི་ཐོག་མ་དེར།། ཨ་མས་ནུ་ཞོ་མངར་མོ་ཁ་རུ་སྡུད།། ཨ་ཕས་འཇམ་པོས་དར་ཟབ་ལུས་ལ་སྐོན།། བྱམས་བརྩེའི་གཉོར་སྐྱོང་བྱས་པར་ཚོད་ཅིག་མེད།།

མཛེས་པའི་མེ་ཏོག་བཞད་པའི་སྐྱེད་ཚལ་དུ།། བེའུ་རེའུ་ལུ་གུ་གར་ལ་བརྩེན་པའི་ཁྲོད།། བསམ་མེད་བྱིས་པའི་སྣང་ཤས་གུམ་བཞིན་དུ།། རྐང་བཞིའི་ལད་མོ་བྱེད་བཞིན་གོག་འགྲོས་བྱས།།

བྱམས་ལྡན་ཕ་མ་ཟུང་གི་བསླབ་བྱ་དང་།། སྤུན་དང་སྲིང་མོའི་དུང་སེམས་ཟབ་མོའི་འོག། མེས་པོ་དམ་པའི་སྐད་ངག་སྙན་མོ་སྟེ།། དབྱངས་གསལ་སོ་བཞིའི་བྱིས་གླུ་དབྱངས་སུ་གྱེར།།

བརྩེ་ལྡན་ཕ་མའི་བྱམས་སྐྱོང་ཆེ་དང་གཅིག། གཉེན་དང་ཉེ་དུས་གདུང་བ་ཟབ་མོས་མཐུས།། འབྲོག་པའི་བྱིས་པ་གཞན་ལྟར་བུ་ཆུང་ང་།། ཕྱུགས་ཀྱི་རྨིག་རྗིས་འབྲང་བའི་སྐལ་བ་ཉུང་།།

བགྲངས་བྱ་དྲུག་དང་བདུན་ལ་སོན་པའི་སྐབས།། དགེ་རྒན་དམ་པའི་དྲི་མེད་ལྷག་བསམ་འོག། མཛའ་ལྕུག་ན་ཚོད་མཉམ་པའི་གྲོགས་དང་ལྷན།། ཤེས་རིག་སྐྱེད་ཚལ་ཡངས་པོར་གོམ་ཁ་སྒྱུར།།

ཡ་རབས་ཚུལ་བཟང་ལྷན་སྐྱེས་མེད་ན་ཡང་།། མ་རབས་གནས་ལ་ཆེན་པོར་མ་གོམ་པ།། འདི་ཡང་དྲིན་ཆེན་ཕ་མའི་བཀའ་དྲིན་དང་།། དགེ་རྒན་དམ་པའི་བདག་སྐྱོང་ཉིད་ལས་བྱུང་།།

རིག་གཞུང་མེ་ཏོག་འཛུམ་པའི་སློབ་གླིང་ནས།། དགེ་རྒན་མཆོག་དང་ཡིད་མཐུན་སློབ་མ་ཡི།། གྲོཊ་དང་མཉམ་དུ་ཤེས་བརྩོན་ཟུང་འབྲེང་ངང་།། མི་ཚེའི་ལང་ཚོ་འདི་ཡང་ཁོ་ལག་རྫོགས།།

དང་པོ་ངུར་སྨྲིག་འཆང་བའི་གྲལ་དུ་ཕྱིན།། བར་དུ་མི་ཚེ་ཕྱེད་ཀ་ཐོས་པར་བསྐྱལ།། ཐ་མར་ཕུན་ཚོགས་སྲིད་པའི་བདེ་འབྱོར་གྱིས།། བསླུས་ཏེ་འཇིག་རྟེན་སྒྱུ་མའི་འདམ་དུ་བྱིང་།།

དམ་པ་ལྷ་ཆོས་བསམ་ནས་ཆོས་ལུགས་སྦྱང་།། འཇིག་རྟེན་འདོད་བདེའི་བསླུས་ནས་སྲིད་འདིར་འཁྱམས།། མཐར་ཐུག་ཆོས་དང་འཇིག་རྟེན་གང་སུ་ཡང་།། མ་འགྲུབ་འཁོར་འདས་མཚམས་ན་གྱི་ནར་ལུས།།

ཆོས་པ་མ་འཁྱོང་ཆོས་པའི་གྲལ་ནས་བུད།། འཇིག་རྟེན་མ་ཤེས་འཇིག་རྟེན་རྗེས་སུ་ལུས།། གང་ལ་བརྩོན་ཀྱང་ནུས་པ་མ་མཆིས་པའི།། ལེ་ལོའི་མནན་པའི་བུ་ངན་ང་རེ་སྡུག།

ཡ་ཀི་དབུས་གཙང་ཡུལ་ལ་གཡས་སྐོར་བྱས།། མ་ཀི་ཨ་མདོའི་ཕྱོགས་ལ་ལན་གསུམ་ཕྱིན།། ཕ་ཀི་ཁམས་པའི་རྒྱལ་ཁམས་ཡང་ཡང་ཉུལ།། ང་ནི་གཏད་སོ་མེད་པའི་འཁྱམས་པོ་ཞིག།

རང་དབང་བག་ཡེངས་རྒྱུ་བའི་སྐབས་དང་གཅིག། གཞན་དབང་མནར་གཅོད་མྱོང་བའི་དུས་དང་གཉིས།། རེ་སྐྱིད་རེ་སྡུག་འཁོར་བའི་གྲོང་ཁྱེར་དུ།། མི་ལོ་ཉེར་ལྔའི་ཕྲེང་ཐག་སྟོང་པར་ཟད།།

དགའ་སྡུག་སེམས་གཏམ་གླེང་བའི་གཉེན་གྲོགས་རྣམས།། དགའ་བའི་འཛུམ་དཀར་ངོགས་ནས་ལྷན་དུ་འཛོམས།། སྐྱོ་བའི་མིག་ཆུའི་ཁྲོད་ནས་སོ་སོར་གྱེས།། ཉིན་ཞག་འཛུབ་རྩེར་བགྲངས་བཞིན་ཕར་ཕར་འདས།།

སྐབས་རེར་གྲང་ངར་འོག་ནས་འདར་སིག་སིག། ཐེངས་རེར་དྲོད་འཇམ་ཁྱིམ་ནས་ཚ་འབོལ་འབོལ།། སྐྱིད་པའི་དུས་དང་སྡུག་ཏུ་བསྔལ་བའི་དུས།། མི་ཚེ་གཅིག་ལ་སྐྱིད་སྡུག་སྣ་ཚོགས་མྱོང་།།

ཐུབ་པའི་ཆོས་ལ་ལོག་རྟོག་ངས་མ་བྱས།། འཇིག་རྟེན་ལུགས་ལ་རྨོངས་དད་ངས་མི་བྱེད།། མི་ཡི་གནས་ལུགས་ངོ་མ་རྒྱན་དུ་འཛིན།། འདི་ནི་ཁོ་བོའི་རང་གཤིས་གཙང་མ་ཡིན།།

སྲོལ་རྒྱུན་རྙིང་པ་ཡོད་ཚད་ངས་མ་དོར།། གསར་བྱུང་ཚན་རྩལ་ཐམས་ཅད་ངས་མ་བླང་།། བཟང་ངན་སྙིགས་དོར་བཅུད་བཟང་ལེན་པ་དེ།། ཁོ་བོ་ཅག་གི་མཐར་ཐུག་སྤྱོད་པ་ཡིན།།

དབང་ཆེན་དཔོན་པོ་རེད་ཅེས་ཡར་མ་བཀུར།། ཉམས་ཆུང་སྤྲང་པོ་ཞིག་ལ་མར་མ་སྨོད།། མི་རུ་སྐྱེས་པ་ཐམས་ཅད་མིར་བཟུང་ནས།། ཐམས་ཅད་འདྲ་མཉམ་ཡིན་པའི་ལྟ་བ་འཛིན།།

རང་དབང་ཐོབ་ཐང་རང་གིས་ལོངས་སུ་སྤྱོད།། དྲང་བདེན་གནས་ལུགས་ངོ་མ་རྒྱང་ནས་འབོད། དམངས་གཙོ་ཞི་བདེའི་ལམ་བཟང་ཚུར་ལེན་བྱེད།། ཁ་བའི་བུ་ངའི་མཐར་ཐུག་ལྟ་སྤྱོད་ཡིན།།

ཆེན་པོའི་གོ་སར་རེ་སྙེགས་ངས་མ་བྱས།། རང་ཉིད་གཞན་གྱི་རྗེས་འབྲང་བྱེད་འདོད་མེད།། རང་གིས་རང་ཉིད་སྐྱོང་བའི་བསམ་བློ་ཡིས།། ལེགས་པའི་ལམ་ཞིག་འཚོལ་བའི་ཐབས་ལ་བརྩོན།།

གདོང་དྲུག་རིགས་སུ་སྐྱེས་ནས་ད་བར་དུ།། མི་ལོ་མང་པོ་དལ་གྱིས་འདས་ན་ཡང་།། མི་ཡི་དོན་དུ་བྱས་རྗེས་ཅུང་ཟད་ཙམ།། མ་འགྲུབ་སྐྱོ་བ་ལྕི་མོ་ནང་ནས་རྒྱས།།

སྐྱེ་རྒ་སྲིད་པའི་སྡུག་བསྔལ་མཐོང་བའི་ཚེ།། ཡིད་ཀྱི་རེ་ལྟོས་ཐར་པའི་ཆོས་ལ་འདུན།། འཇིག་རྟེན་ཆོས་བརྒྱད་ཆང་གིས་སྨྱོས་པའི་ཚེ།། སྙིང་གི་འདུན་མ་སྲིད་པའི་གནས་ལ་ཕྱོགས།།

འཇིག་རྟེན་སྲིད་པ་སྒྱུ་མའི་བུམ་པ་རུ།། དབང་མེད་ཡང་ཡང་འཁོར་བའི་བུང་བ་ངའི།། མི་ཡི་མི་ཚེ་ཕྱེད་ཀའི་རྒྱུད་རིམ་འདི།། འདི་ན་མ་བཅོས་ཚིག་གིས་ཤར་མར་སྤེལ།།



ཁ་ཡག་ངོ་དགས་བསྟོད་པ་ངས་མི་ཤེས།། ཁ་ཟེར་ངན་པས་སྨོད་པ་ངས་མི་བྱེད།། ཁ་ཁོག་མེད་པར་ཀུན་སློང་གཙང་མ་དེ།། ཁ་བའི་བུ་ངའི་རང་གཤིས་འགྱུར་མེད་ཡིན།།

མཐུན་པའི་གྲོགས་ཀྱི་ཕྱི་ཐག་ངས་མི་གཅོད།། མི་མཐུན་མི་ལ་ངོ་དགའ་ངས་མི་བྱེད།། དབྱེན་དང་ཕྲ་མས་དཀྲུགས་ཤིང་མི་བྱེད་པ།། ཁ་བའི་བུ་ངའི་རང་གཤིས་འགྱུར་མེད་ཡིན།།

ཤེས་ཡོན་ཅན་གྱི་མི་བུར་མཐོང་ཆེན་བྱེད།། གྲགས་ཅན་མི་སྣའི་ཀུན་སྤྱོད་བསམ་བློ་ལ།། རྒྱུས་ལོན་ཞིབ་འཇུག་འཚོལ་རྟོག་བྱེད་སོགས་ཀྱིས།། བཅུད་བཟང་ལེན་པ་བུ་ངའི་རང་གཤིས་ཡིན།།

གཞན་ངོ་སྲུང་བའི་ཁ་ཡག་ངས་མི་ཤེས།། གཞན་སེམས་དཀྲུགས་པའི་ཚིག་རྩུབ་ངས་མི་སྨྲ།། གཞན་གྱི་ཁ་ཟེར་ངན་པས་སྨོད་ན་ཡང་།། གཞན་ལ་འཁོན་ལན་མི་སློག་རང་གཤིས་ཡིན།།

མི་ཆེན་དཔོན་པོ་རེད་ཅེས་ཡར་མ་བཀུར།། མི་ཆུང་སྤྲང་པོ་ཞིག་ལ་མར་མ་སྨོད།། མི་རུ་སྐྱེས་པ་ཐམས་ཅད་མིར་བཟུང་ནས།། མི་སྐྱེས་ཐམས་ཅད་འདྲ་མཉམ་ཅན་དུ་བཟུང་།།

གོ་སའི་ཆོ་ལོ་ཅན་གྱི་དཔོན་དྲུང་ནས།། གོ་ཡོད་བདེན་པའི་རྒྱལ་ཁ་མ་ཐོབ་ཀྱང་།། གོ་ལོག་མ་ཉེས་ཁ་ཡོག་ཕོག་ཀྱང་རུང་།། གོ་མེད་ལྐོག་རྔན་མི་སྤྲད་རང་གཤིས་ཡིན།།

རང་དབང་བདེན་པའི་འབོད་པ་གཏོང་བ་དང་།། དྲང་བདེན་གནས་ལུགས་ངོ་མ་བརྗོད་པ་ཡིས།། ཞི་བདེ་དམངས་གཙོའི་ལམ་བཟང་སྐྱོང་བའང་།། ཁ་བའི་བུ་ངའི་རང་གཤིས་གཙང་མ་ཡིན།།

ཨ་གསར་གཡོ་སྒྱུ་འཛུམ་གྱིས་བསླུ་བ་དང་།། ཨ་མཚར་ངོ་ཚ་མེད་པའི་སྤྱོད་པ་ཡིས།། ཨ་ཤར་སྤྲེའུ་ངང་ཚུལ་སྐྱོང་མཁན་ལ།། ཨ་བུས་བློ་གཏད་མི་བྱེད་རང་གཤིས་ཡིན།།

རྒས་གཉེར་ཐོད་ལ་བསྡུས་པའི་བགྲེས་པོ་ལ།། རྒན་སྐྱོང་སྲི་ཞུ་རྟག་ཏུ་མ་འགྲུབ་ཀྱང་།། རྒན་རྒོན་དག་ལ་ཡི་མུག་མི་བྱེད་པ།། རྒས་མིན་བུ་ངའི་རང་གཤིས་གཙང་མ་ཡིན།།

ཐོབ་ཆེན་དཔོན་པོས་མདུན་ནས་ལམ་སྟོན་དང་།། རྒྱུ་ཆེན་ཕྱུག་པོས་རྒྱབ་ནས་སྐྱོར་ཡ་ལ།། རེ་བའི་མིག་ཟུང་ནམ་ཡང་མི་ཕྱོགས་པ།། ཁ་བའི་བུ་ངའི་རང་གཤིས་འགྱུར་མེད་ཡིན།།

འབྱོར་ལྡན་དྲེགས་ཅན་ངོ་བསྲུང་མི་བྱེད་ཅིང་།། ཐོབ་ཆེན་གདོལ་སྤྱོད་མདུན་ནས་སྤྲེལ་ལད་ཀྱིས།། རང་ཚུགས་མི་ཟིན་བྱ་སྤྱོད་དེ་དག་ཀུན།། རྩད་ནས་སྤངས་པ་བུ་ངའི་རང་གཤིས་ཡིན།།


ཞི་བདེའི་དེད་དཔོན་རང་ཡུལ་མ་ཕེབས་ཀྱང་།། ཞི་བདེའི་ཕ་ཁྱིམ་གངས་ཅན་རྒྱལ་ཁམས་ནས།། ཞི་བདེར་འཁྲེང་བའི་གངས་སྐྱེས་བུ་ཆུང་ངས།། ཞི་བདེའི་རྒྱང་འབོད་བྱེད་པ་རང་གཤིས་ཡིན།།

༢༠༠༨/༨/༢༢









ཆོས་པ་མ་ཡིན་འཇིག་རྟེན་ལས་ལ་འཇུག། འཇིག་རྟེན་མ་ཡིན་ཕྱི་ཚུལ་ཆོས་པའི་གཟུགས།། ཆོས་དང་འཇིག་རྟེན་གང་ལ་མི་གཏོགས་པའི།། ཆོས་མིན་ སྲིད་མིན་ཕུང་གསུམ་པ་ཡི་ལམ།།

དགོན་པ་མ་ཡིན་འདུ་འཛི་ཅན་གྱི་གྲོང་།། གྲོང་པ་མ་ཡིན་དམར་སེར་འདུ་བའི་གནས།། དགོན་དང་གྲོང་པ་གང་ལ་མི་གཏོགས་པའི།། དགོན་མིན་གྲོང་མིན་ཕུང་གསུམ་པ་ཡི་ལམ།།

མི་ལ་ཡོན་ཏན་མེད་པ་དུད་འགྲོའི་སྤུན།། དུད་འགྲོ་མ་ཡིན་སྨྲ་ཤེས་དོན་གོ་ཙམ།། མི་དང་ དུད་འགྲོ་གང་ལ་མི་གཏོགས་པའི།། མི་མིན་ཟོག་མིན་ཕུང་གསུམ་པ་ཡི་ལམ།།



བོད་རིགས་མ་ཡིན་བརྒྱ་སྐད་ཁོ་ན་བཤད།། རྒྱ་རིགས་མ་ཡིན་རྒྱ་གྲལ་མ་ཚུད་པའི།། བོད་རིག་རྒྱ་རིགས་གང་ལ་མི་གཏོགས་པའི།། རྒྱ་མིན་བོད་མིན་ཕུང་གསུམ་པ་ཡི་ལམ།།

མཁས་པ་མ་ཡིན་བླུན་པོ་བ་གླང་སྤུན།། བླུན་པོ་མ་ཡིན་མཁས་པའི་ཁྲི་ལ་འགྱིང༌།། མཁས་དང་བླུན་པོ་གང་ལ་མི་གཏོགས་པའི།། མཁས་མིན་བླུན་མིན་ཕུང་གསུམ་པ་ཡི་ལམ།། ༢༠༠༩/༡༡/༢༨





ཧི་མ་ལ་ཡའི་འབོད་པ།

འཛམ་གླིང་ཡང་རྩེ་བསིལ་ལྡན་གངས་ལྗོངས་ཀྱི།། ཆོས་སྲིད་ཉི་ཟླའི་འོད་སྟོང་སྤྲིན་གྱིས་བསྒྲིབས།། ཉམས་ཆུང་མགོན་མེད་གྱུར་པའི་གངས་ཅན་པ།། གཞན་དབང་མནར་གཅོད་འོག་ནས་ཉམ་རེ་ང་།།

ཁྲེལ་མེད་ཇག་པའི་དཔུང་གི་བཙན་ཤེད་ཀྱིས།། ཉེས་མེད་སྡུག་གི་མནར་གཅོད་མང་པོའི་ཁྲོད།། ཞི་བདེར་འཁྲེང་བའི་གངས་སྐྱེས་བུ་ཆུང་ངས།། སྐྱོ་བའི་གསང་གཏམ་སྨྲེ་ངག་དབྱངས་སུ་འདོན།།

ཕ་རྒོད་གདོང་ལྔའི་དབང་པོ་གཤེགས་ཤུལ་དུ།། ནར་མ་སོན་པའི་གངས་རིའི་སེང་ཕྲུག་ཞིག ཁ་རླུང་རི་སྤྱང་རྒོད་པའི་ཐུ་འོག་ནས།། རེ་བའི་མིག་ཟུང་རྒྱང་རིང་ཕྱོགས་ལ་འཁོར།།

གདོང་དམར་ཞི་བའི་བཅིང་གྲོལ་གཏོང་ངོ་ཞེས།། མཛེས་པའི་གངས་རིའི་རང་མདངས་ཁྲག་གིས་བསྒྱུར།། ས་སྐྱོང་རྗེ་བོ་རྒྱང་རིང་ཡུལ་དུ་སྤྱུག། བསླུ་བྲིད་གཡོ་རྒྱུའི་བོད་ཁམས་སྡུག་ལ་སྦྱར།།

ཕོ་བྲང་དམར་པོ་འགོང་པོའི་ཚང་དུ་བྱས།། དམ་ཆོས་གཅེས་ནོར་འབྱུང་བ་མེ་ལ་བསྲེགས།། བླ་ཆེན་དགེ་འདུན་ཁྲིམས་མུན་དོང་དུ་འཕངས།། རྣམ་དཀར་དགེ་བ་མིང་གི་ལྷག་མེད་བྱས།།

མི་དཔོན་ཐམས་ཅད་གཡོ་སྒྱུའི་ལྐོག་གསོད་བྱས།། མེས་པོ་ཁྲི་ཕྲག་དུ་མ་ས་ལ་བརྡབ།། འདས་སོང་ཕྱིར་དྲན་རྨི་ལམ་རོལ་བའི་ཚེ།། བསམ་བཞིན་སྡུག་གི་མཆི་མ་དབང་མེད་ཤོར།།

ཉེས་མེད་མནར་གཅོད་མང་བའི་གྲུ་ག་འདིར།། རང་རིཊ་གདོང་དམར་བོད་ཀྱི་རྒྱུད་འཛིན་རྣམས།། ཕྱི་ཡི་གཤེད་མར་ཁ་གཏད་མི་ལྕོགས་པར།། ནང་ཁུལ་འཁྲུགས་རྩོད་བྱེད་འདི་ཅི་ཡིས་ཉེས།།


བགྲངས་ཡས་ལོ་འཁོར་སྟོང་ཕྲག་དུ་མའི་རིང་།། བཙན་པོ་རིམ་པར་བྱོན་ནས་ད་བར་དུ།། དར་རྒུད་འཕོ་འགྱུར་ཅུང་ཟད་བྱུང་མོད་ཀྱང་།། མི་འདོད་ཕམ་ཁ་འདི་དག་སུ་ཡིས་འཚབ།།

༢༠༠༩ ༥ ༢༥ ཉིན་གནས་མཆོག་རྟ་རྣའི་ཉེ་འགྲམས་ནས།








འདོད་པའི་ལོངས་སྤྱོད་།

ཡ་ཀི་ལྷ་ཆེན་ཚངས་པ་མན་ཆད་ནས།། མ་ཀི་མིག་མེད་གྲོག་མ་ཡན་ཆད་དུ།། ཐམས་ཅད་འདོད་པའི་མཚོ་ཁར་ཆཊ་པའི་ཕྱིར།། བདེ་བའི་ལོངས་སྤྱོད་འདི་ལ་མི་མོས་སུ།།

སྐྱེས་བུས་འདོད་པའི་མེ་ཆེན་ཆེར་སྦར་ཤིང་།། བུད་མེད་འདོད་པའི་རླུང་ཆེན་གྱིས་བསྐུལ་ཏེ།། གཉིས་སྦྱོར་འཁྲིག་པའི་བདེ་བའི་རྒྱ་མཚོ་ཆེ།། ལན་གཅིག་སྐོལ་བ་དོན་ཆུང་ག་ལ་ཡིན།།

འདི་ལ་འགའ་རེས་སྐུར་འདེབས་བྱེད་པ་དང་།། འགའ་ཡིས་བསྟོད་པའི་ཅ་ཅོ་འདོན་ཀྱང་རུང་།། དོན་ལ་བསྟོད་སྨད་སྒྲོ་སྐུར་གང་བྱེད་ཀྱང་།། ཡོད་ཚད་འདི་ལ་མི་བསྟེན་པ་ཞིག་མེད།།

དྲན་ན་དགའ་བའི་གད་མོ་ཁོང་ནས་དགོད།། གླེང་ན་ངོ་ཚའི་མཁུར་ཚོས་དམར་པོར་འགྱུར།། ཀུན་གྱིས་འདོད་ཅིང་མོས་པས་འཇུག་བྱེད་ཀྱང་།། སུས་ཀྱང་སྨོད་པའི་ཅ་ཅོ་ཁ་ཡིས་བཤད།།

ཐམས་ཅད་ཀུན་ལ་དགོས་པ་འདི་ཡིན་ཀྱང་།། ཡོད་ཚད་ཀུན་གྱིས་མི་འདོད་སྒམ་ཚུལ་བྱེད།། ཕྱི་ཡི་ཚུལ་འཆོས་རྫུ་ཡི་ཁྱད་པར་ལས།། འདི་ཡི་དབང་དུ་མ་སོང་བ་ཞིག་མེད།།

ཡར་ལྟོས་ལྷ་ཡང་སྦྱོར་བ་མ་མཐོང་ངམ།། མར་ལྟོས་མི་ཡང་སྤྱོད་པ་མ་ཚོར་རམ།། བླ་ཆེན་སྙོམས་འཇུག་བྱེད་པ་མ་ཤེས་སམ།། དཔོན་ཆེན་འཁྲིག་པས་བཅིང་བ་མ་གོའམ།།

དུད་འགྲོའི་རིགས་ཀྱང་འདི་ལ་མ་སྐུལ་འཇུག། འབུ་སྲིན་རིགས་ཀྱང་འདི་ལ་མ་བསླབ་བརྩོན།། མདོར་ན་གཉིས་སྦྱོར་བདེ་བས་མ་བསླུས་པའི།། འགའ་ཞིག་འཇིག་རྟེན་འདི་ན་ངས་མ་མཐོང་།།

ཕྱི་ཡི་རྫུ་ལ་བརྟེན་ནས་སྨོད་བཞིན་དུ།། འདོད་པའི་དབང་གིས་འདི་ལ་འཇུག་པ་མཐོང་།། ཐམས་ཅད་ཀུན་གྱིས་སྨོད་པའི་གནས་ཡིན་ཡང་།། ཡོད་ཚད་འཇུག་པའི་གནས་ཀྱང་འདིའི་ཕྱིར་རོ།།

མཁས་པ་འགའ་རེས་བསྟོད་བསྔགས་བྱས་ཀྱང་ཆོག། བླུན་པོ་རྣམས་ཀྱིས་སྒྲོ་སྐུར་བྱས་ཀྱང་རུང་།། འདོད་པའི་བདེ་བ་བདེ་བ་ཀུན་གྱི་ཕུལ།། མྱང་བར་མི་འདོད་སྐྱེ་བོ་སུ་ཞིག་མཆིས།།

སྡོམས་པ་བླང་ནས་བསྡམ་བཅུན་བྱས་ཀྱང་ཆོག། ཚུལ་ཁྲིམས་བསྲུང་ནས་ཆགས་སྲེད་སྦས་ཀྱང་རུང་།། དེ་དག་ཕྱི་ཡི་ཚུལ་འཆོས་ཙམ་ཞིག་ལས།། དོན་དུ་འདི་ཉིད་སྤང་བའི་སྐྱེ་བོ་གང་།།

རྒྱལ་བུ་དོན་གྲུབ་བཙུན་མོ་ལྔ་བརྒྱར་རོལ།། ཟ་ཧོར་སྲས་པོ་མཁའ་འགྲོ་མང་པོས་བསྐོར།། ཚངས་དབྱངས་རྒྱ་མཚོའི་ལྷ་སའི་ཆང་མ་བསྟེན།། ས་སྐྱ་བླ་མས་རིག་མ་ཁབ་ཏུ་བཞེས།།

སྡོམས་པས་བསྡམ་བཅུན་བྱེད་པའི་ཁོར་ཡུག་ནས།། འདོད་པའི་བདེ་བ་རང་དབང་མི་ཡོངས་བའི།། བཙུན་པ་འགའ་ཞིག་མི་འདོད་སྡུག་བསྔལ་མྱོང་།། ཇོ་མོ་འགའ་རེས་དེའི་ཕྱིར་མི་དགེ་བྱེད།།

ཀུན་ལ་དགོས་པའི་བདེ་བ་འཚོལ་བ་དང་།། ཀུན་གྱིས་འདོད་པའི་བདེ་བ་མྱོང་བ་ལ།། དགེ་བའི་དངོས་པོ་རྡུལ་ཙམ་མེད་ན་ཡང་།། སྡིག་པའི་ཕུང་པོ་བཙལ་ཀྱང་གང་ནས་རྙེད།།

འདོད་ལྡན་སྐྱེ་བོའི་རང་དབང་བདེ་བ་ལ།། ལོངས་སུ་སྤྱོད་པའི་གོ་སྐབས་ཡོངས་འཕྲོག་ནས།། མི་འདོད་སྡོམ་པས་བསྡམ་བཅུན་བྱེད་པ་འདི།། སྡིག་པ་མ་གཏོགས་དགེ་བར་ག་ལ་རིགས།།

སྐྱེས་པའི་ལིང་ག་རྩད་ནས་མ་ཆད་ཅིང་།། བུད་མེད་བྷ་གའི་ཁ་སྒོ་མ་ཟུམ་པའི།། སུས་ཀྱང་འཁྲིག་པའི་བདེ་བ་མི་བསྟེན་པ།། འཇིག་རྟེན་འདི་རུ་སྐྱེས་པའི་དོན་གོ་ཆུང་།།

དེ་བས་རྙེད་སླ་ཕོ་མོ་གཉིས་སྦྱོར་གྱི།། དོན་ཆེན་འདོད་པའི་བདེ་བ་མི་བསྟེན་པར།། དོན་མེད་བསྡམ་བཅུན་བྱེད་པའི་ཁོར་ཡུག་ཏུ།། མི་འདོད་ནན་གྱིས་འཛུལ་བའི་དགོས་པ་མེད།།

དབང་ཤེད་མིན་པའི་རང་དབང་བསམ་བློ་ཡིས།། ཁ་མིན་དོན་གྱིས་འདོད་པའི་བདེ་བ་ལ།། བསམ་སྦྱོར་གཅིག་པས་ཞེན་ལོག་སྐྱེས་པ་ན།། སྡོམས་པའི་ལག་ལེན་ལག་ཏུ་བླང་ན་འོས།།

སྐྱེ་བོ་ཀུན་གྱི་ཡིད་ཀྱི་མེ་ལོང་དུ།། འཐད་པའི་དངོས་པོ་གྲངས་ཀྱིས་མི་ལོན་ཀྱང་།། ཕོ་མོ་གཉིས་སྦྱོར་འཁྲིག་པའི་བདེ་བ་འདི།། འཐད་པ་ཀུན་གྱི་ནང་ནས་ཕུལ་བྱུང་ཉིད།།

གཞན་ཡང་སྐྱེས་པའི་མིག་ལ་མཛེས་པའི་མཆོག། བུད་མེད་གཟུགས་དང་དེ་བཞིན་སྐྱེས་པའི་གཟུགས།། བུད་མེད་མིག་ལ་མཛེས་པའི་མཆོག་ཡིན་ལ།། ལྷག་མའི་འདོད་ཡོན་དག་ཀྱང་དེ་བཞིན་གསུངས།།

སྐྱེས་པ་རེ་ལ་བུད་མེད་རེ་རེ་དང་།། བུད་མེད་རེ་ལ་སྐྱེས་པ་རེ་རེ་སྟེ།། ཕོ་མོའི་རིགས་ལ་མང་ཉུང་ཡོད་མིན་པས།། འདོད་པའི་ལོངས་སྤྱོད་མི་བསྟེན་ཤིན་ཏུ་བླུན།།

རིགས་ཀྱི་ས་བོན་བསྐྲུན་པ་དོན་ཆེ་ལ།། བདེ་སྟོང་ཆགས་ལམ་སྐྱོང་བ་དེ་དོན་ཆེ།། མཁས་པའི་དབང་པོ་ཤེས་ཡོན་ཅན་བསྐྱེད་པ།། དེ་ལས་ལྷག་པའི་དོན་ཆེན་མ་ཡིན་ནམ།།

འདོད་ལྡན་སྐྱེ་བོའི་ཡིད་དབང་འཕྲོག་ཀྱང་ཆོག། འདོད་མེད་མི་ཡིས་རྣ་བར་གཟན་ཀྱང་རུང་།། འདོད་པའི་བདེ་བས་བསླུས་པའི་སྨྱོན་པ་ངས།། ཡོད་ཚད་དྲང་པོར་བརྗོད་པ་གཤིས་སུ་གྲུབ།།

འཇིག་རྟེན་ཁམས་ཀྱི་བུད་མེད་རིགས་འདི་དག། དམན་པར་ལྟ་ཞིང་བཙོག་པར་འཛིན་པས་ན།། བུད་མེད་སྤྱོད་པའི་ལས་འདི་མི་དགེ་དང་།། བཙོག་པར་འཛིན་པའི་རྩ་བ་དེ་ཉིད་ཙམ།།

འོན་ཀྱང་འདི་དག་གནས་ལུགས་ཏིལ་འབྲུ་ཙམ།། མེད་པའི་ལོང་གཏམ་གང་འདོད་ལུགས་སྲོལ་དུ།། བྱས་པ་ཡིན་གྱི་འདི་དག་དོན་དངོས་ལ།། བུད་མེད་ཐུབ་ཚོད་བྱེད་པའི་འཆལ་སྤྱོད་ཡིན།།

དོན་ཆེན་འགའ་ལ་དོ་སྣང་ཙམ་ཡང་མེད།། དོན་མེད་ལས་ལ་འབད་པ་བརྒྱ་ཕྲག་བྱེད།། འགའ་ཞིག་གཙང་བའི་ཆོས་ཀྱང་བཙོག་པར་བཟུང་།། མ་རབས་བྱ་ངན་འགའ་ཡང་བཟང་པོར་རློམ།།

སྐབས་འགར་བདེན་པའི་ཆོས་ཀྱང་རྫུན་དུ་བསྒྱུར།། ཐེང་རེར་ལོག་སྤྱོད་སྣ་ཚོགས་བཟང་པོར་འཛིན།། དེ་བས་བདེན་པ་འཚོལ་བའི་སྙིང་སྟོབས་ཀྱིས།། གནས་ལུགས་སྐད་ཆ་འགའ་རེ་བཤད་ན་འོས།།

དྲུག་ཅུ་རྩ་བཞིའི་སྒྱུ་རྩལ་སྣ་ཚོགས་ཀྱིས།། འདོད་པའི་བདེ་བ་མྱོང་བས་ཚིམས་བྱེད་པའི།། འགའ་ཡིས་བདེ་བའི་རིན་ཐང་སྤྱོད་པ་དག། མཐོང་དང་ཐོས་པས་ཡིད་སེམས་དགའ་བས་སྨྱོས།། སྐྱེས་པས་བུད་མེད་མི་ལོན་ག་ཆད་འཚོལ།། བུད་མེད་སྐྱེས་པ་མི་འཕྲད་ཨ་ཐང་ཆད།། དེ་ལྟར་སྐྱོ་གདུང་ཚོར་བས་གདུང་བའང་།། ཞིབ་ཏུ་བསམ་ནས་འཁྲིག་པའི་དོན་མིན་ནམ།།

སྐྱེས་པས་བུད་མེད་རིག་ནས་འཛུམ་མུལ་བྱེད།། བུད་མེད་སྐྱེས་པ་མཐོང་དུས་ཟུར་མིག་གཡོ།། ཞེན་ཆགས་འཆིང་བུ་དུམ་བུས་སྦྲེལ་བའང་།། ངོ་མར་དཔྱད་ན་བདེ་བའི་དོན་མིན་ནམ།།

འཕྲད་མ་ཐག་དུ་སྐད་གཅིག་འཇུག་བྱེད་ཅིང་།། ཞུགས་མ་ཐག་ཏུ་བྱ་བ་ཡོངས་ཚར་བའི།། དུད་འགྲོའི་འཁྲིག་པ་སྤྱོད་པའི་ངང་ཚུལ་གྱིས།། བདེ་བ་ཆེན་པོའི་ཆ་ཙམ་མྱོང་མ་ཡིན།།

དེ་བས་དོན་གྱི་བདེ་བ་མྱོང་འདོད་པའི།། སུས་ཀྱང་དོན་མེད་མཐོང་ཆུང་མི་བྱེད་པར།། དྲུག་ཅུ་རྩ་བཞིའི་སྒྱུ་རྩལ་སྣ་ཚོགས་ཀྱིས།། སྦྱོར་བར་བྱེད་པ་ཅིས་ཀྱང་གལ་ཆེན་ཡིན།། ༢༠༡༡ ༥ ༡༦ ཉིན་སྐྱེ་རྒུ་ནས།


སྐྱོ་སེམས་ཀྱི་རོལ་དབྱངས། རྗེས་ལུས་སྦྲ་ནག་གོ་ཁའི་ཐལ་འདབས་ནས།། སྟོང་འདང་རྨི་ལམ་རིང་མོའི་བཟི་བའི་རིགས།། དུས་རབས་གསར་པའི་ཚན་རྩལ་འབྱོར་པའི་དཔལ།། མཐོང་ཐོས་ལག་ལེན་མེད་པའི་ཚུལ་འདིས་སྐྱོ།།

བདེན་པའི་མི་ཆོས་ངོ་མ་མི་ཤེས་པའི།། ལྷ་འདྲེའི་བྲན་དུ་འདུར་བའི་སྐྱེ་བོ་དག། རང་གི་མི་ཚེའི་རིན་ཐང་མི་ལེན་པར།། ལྟོ་རྒྱབ་ཁེབས་པ་ཙམ་གྱིས་ཉིན་མཚན་འདས།།

གནས་ལུགས་བཤད་ན་ཨུ་ཚུགས་ལན་ཞིག་སྟེར།། བདེན་པ་གླེང་ན་ཁྲེལ་བའི་འཛུམ་ཞིག་སྟོན།། རང་ཉིད་སྨྱོ་བ་རང་གིས་མི་ཚོར་བའི།། འཁྱོགས་པོའི་མི་ལ་དྲང་པོ་ཇི་ལྟར་སྟོན།།

ཕུ་ནས་ཀི་ཞིག་བཏབ་ན་དེ་རུ་རྒྱུག། མདའ་ནས་བོའུ་ཞིག་གྲགས་ན་དེ་ནས་བྲོས།། རང་ཚུགས་མི་བརྟན་ཡལ་གའི་རི་དྭཊ་སྤུན།། གཞོན་སྐྱེས་ན་ཟླ་འདི་དག་སྙིང་རྗེའི་ཡུལ།།

ཨ་སྔོན་མཐོན་པོའི་འོག་གི་འགྲོ་བ་རྣམས།། བདེ་བའི་དོན་དུ་ནམ་ཡང་བྲེལ་ན་ཡང་།། དོན་གྱི་ལེགས་པའི་ལམ་དུ་བསྐྱོད་པའི་ཐབས།། མ་ཤེས་རྨོངས་པས་བཅིང་བའི་ཚུལ་འདིས་སྐྱོ།།

གཞན་རིགས་མདུན་ནས་རང་ཚུགས་མི་བརྟན་ཞིང་།། རང་རིགས་ཉམས་ཆུང་མཐོང་དུས་འགྱིང་འགྲོས་བྱེད།། རང་ཚུགས་ཤོར་བའི་རང་རིགས་འགའ་ཞིག་ལ།། རིན་ཐང་མེད་པའི་བྱ་སྤྱོད་ཤིན་ཏུ་མང་།།

ཀླད་རྙིང་རྒན་པོའི་ཨུ་ཚུགས་བྲག་ལས་སྲ།། གཡམ་རྒྱུག་གསར་བུའི་བློ་སྣ་ལ་ཁའི་དར།། ལེགས་ཉེས་བླང་དོར་མི་ཤེས་སྐྱེ་བོ་རེ།། མཐོང་ཐེངས་རེ་ལ་སྐྱོ་གདུང་ཚོར་བ་ལྕི།།

ཁ་སང་མཛའ་བརྩེའི་འོ་ཆུ་ལྷན་དུ་འདྲེས།། དེ་རིང་ཞེ་འཁོན་ལྕི་མོའི་སོ་སོར་གྱེས།། མཛའ་མཐུན་འཁོན་ཁྲོའི་བློ་སེམས་ཡོད་ཚད་ཀུན།། བཅོས་མ་ཅན་གྱི་སྐྱེ་བོར་ཡིད་རྟོན་ཅི།།

ཕ་གི་སྨྱུག་གཟེབ་ནང་གི་བྱིས་ཆུང་གཅིག།། མ་གི་སྦྲ་ནག་འདབས་ཀྱི་སྒོ་ཁྱི་གཉིས།། འདི་གའི་གཞན་དབང་ཁྲོད་ཀྱི་ང་རང་གསུམ།། རང་དབང་མེད་པ་འགྲོ་བ་རྣམ་གསུམ་ལགས།།

ཆེན་པོས་འབྱོར་ཕྱུག་དབུས་ནས་སྡུག་རེ་བསྔལ།། དམའ་མོས་ཐང་སྟོང་དཀྱིལ་ནས་འོ་རེ་བརྒྱལ།། བར་མ་བར་མའི་བྲལ་ནས་ཡིད་རེ་སྐྱོ།། འཇིག་རྟེན་མི་ཚེ་སྐྱོ་གར་རིང་མོ་ཡིན།།

   ༢༠༡༠/༥/༢༣ ཉིན་ཕ་ཡུལ་ནང་ཆེན་ནས།



ཐོར་བུ་སིལ་བུར་བརྡལ་བའི་ཐང་མ།

རང་གཤིས། དོགས་སློང་དགག་སྒྲུབ་ཆེན་པོས་བདེན་དོན་འཚོལ།། དྲང་བདེན་གནས་ལུགས་ངོ་མ་རྒྱན་དུ་འཛིན།། ཀུན་སྤྱོད་བཟང་པོའི་གནས་ལ་ཡང་ཡང་གོམས།། རང་ཚུགས་ལྡན་པའི་མི་བུའི་རང་གཤིས་ཉིད།། སྤྱོད་པ། དྲང་པོའི་མི་ལ་བདེན་པའི་རྒྱབ་སྐྱོར་དང་།། འཁྱོག་པོ་རྣམས་ལ་དྲང་པོའི་ལམ་སྟོན་ཞིང་།། བདེན་རྗུན་དྲང་པོའི་ཐིག་ཤིང་གིས་འབྱེད་པ།། ཤེས་ཡོན་ཅན་གྱི་རྩ་བའི་ལག་ལེན་ཡིན།། གནས་ལུགས། དྲང་པོའི་མི་ལ་བདེན་པའི་ལམ་སྟོན་པ།། འདོད་ལྡན་བུ་ལ་མཛེས་མ་སྤྲོད་པ་བཞིན།། ཨུ་ཚུགས་ཅན་ལ་གནས་ལུགས་བཤད་པ་ནི།། རྡོ་ལ་ཨི་ཁུང་རྟོལ་བ་ལས་ཀྱང་དཀའ།། འཁྱོགས་པོ། གནས་ལུགས་བཤད་ན་ཨུ་ཚུགས་ལན་ཞིག་སྟེར།། བདེན་པ་གླེང་ན་ཁྲེལ་བའི་འཛུམ་ཞིག་ངོམས།། རང་ཉིད་སྨྱོ་བ་རང་གིས་མི་ཚོར་བའི།། འཁྱོག་པོའི་མི་ལ་དྲང་པོ་ཇི་ལྟར་སྟོན།། ཞན་ཆ། ཆེན་པོའི་དཔོན་དང་ཆུང་ངུ་མུ་ཏོའི་བར།། གཞན་སྐྱོན་ལྟ་བའི་ཡེ་ཤེས་སྤྱན་ལྡན་ཡང་།། རང་གི་ཞན་ཆ་རང་གི་མཐོང་བ་ཡི།། མིག་ཟུང་གཉིས་ཀ་ནམ་ཡང་ལོང་བ་ཡིན།། རིན་ཐང་། མི་ཡི་མི་ཆོས་ངོ་མ་མི་ཤེས་པའི།། ལྷ་འདྲེའི་བྲན་དུ་འདུར་བའི་སྐྱེ་བོ་དག། འཚོ་གནས་རིན་ཐང་ཡང་དག་མི་ལེན་པར།། རྡོ་རིགས་པགས་རིགས་རྒྱན་དུ་བཟུང་བ་མང་།། ཨ་གསར། རང་སྐད་སྨྲ་བའི་རོ་འཛིན་རྩད་ནས་ཆད།། གཞན་སྐད་ལད་ཟློས་ལྕེ་རྩེ་རིང་དུ་གཡོ།། ཁྲེལ་མེད་ཨ་གསར་ཅན་གྱི་སྐྱེ་བོ་འགས།། རང་གི་མདུན་ལམ་རང་གིས་བརླག་པ་མཐོང་།། འགྱུར་ལྡོག ཁ་སང་འཇིགས་རུང་དགྲ་བོའི་མདུན་ས་ནས།། སྡུག་གི་ཁུར་པོ་མཉམ་དུ་ཁུར་བའི་གྲོགས།། དེ་རིང་ཁྲེལ་མེད་དུག་གི་མཚོན་རྩེ་དེ།། བརྩེ་བའི་གྲོགས་ལ་དཀོལ་བའི་སྤྱོད་པ་སྡུག། རང་ཚུགས། གཞན་རིགས་མདུན་ནས་རང་ཚུགས་མི་བརྟན་ཞིང་།། རང་མི་ཉམས་ཆུང་མཐོང་དུས་རྫིག་ཉམས་སྟོན།། རང་ཚུགས་ཤོར་བའི་རང་རིགས་འགའ་ཞིག་ལ།། རིན་ཐང་མེད་པའི་བྱ་སྤྱོད་ཡི་རེ་མུག། འགན་འཁྲི། ཕྲག་ཏུ་བབས་པའི་འོས་འགན་ལྕི་མོ་ཡིས།། སྨྲ་བརྗོད་རང་དབང་ཐོབ་ཐང་ལོངས་སྤྱོད་ནས།། འབྱུང་འགྱུར་བོད་མིའི་སྐྱིད་སྡུག་གླེང་བ་ལ།། སྤྱོད་ལྡན་ཤག་པོས་དོགས་པ་མ་བྱེད་གཅིག། རེ་དོགས། སྡོང་ཁའི་ཤིང་ལོ་རླུང་གིས་ཡང་ཡང་སྤུར།། དྭངས་གཙང་ཆུ་བོ་ཆབ་རོམ་སྒྲོག་གིས་བཅིང་།། དྲན་གདུང་རྨ་ཁ་ཟབ་མོའི་རུམ་ཁ་ནས།། དམར་ཆུང་སེམས་པ་རེ་དོགས་འཕྲང་ན་ལུས།། འདུ་འབྲལ། གཅིག་ཏུ་འདུས་པའི་བརྩེ་བའི་གཉེན་གྲོགས་རྣམས།། གཉིས་སུ་གྱེས་པའི་མི་རྟག་ཚོང་འདུའི་མགྲོན།། སྐྱིད་སྡུག་རེས་ཀྱིས་མྱོང་བའི་འཁོར་བ་འདིར།། ལན་གཅིག་ལྷན་དུ་འཛོམ་པའི་གྲོགས་པོ་ཙམ།། སྐྱོ་གྲོགས། ལྷུང་ལྷུང་རྫ་ཆབ་བཞུར་བའི་རོལ་དབྱངས་རེ།། སྙན་འཇེབས་ངག་གི་སྒྱུ་རྩལ་སྤེལ་བའི་གསོས།། དཀར་འཇམ་ཤོག་ངོས་སྨྱུག་གུའི་སྟངས་སྟབས་རེ།། དགའ་སྐྱོ་སེམས་པ་གསོ་བའི་གཏན་གྲོགས་ཡིན།། ཚོར་བ། ཀླད་རྙིང་རྒན་པོའི་ཨུ་ཚུགས་བྲག་ལས་སྲ།། གཡམ་རྒྱུག་གསར་བུའི་བློ་སྣ་ལ་ཁའི་དར།། ལེགས་ཉེས་བླངས་དོར་མི་ཤེས་སྐྱེ་བོ་རེ།། མཐོང་ཐེངས་རེ་ལ་སྐྱོ་གདུང་ཚོར་བ་ལྕི།། བཅོས་མ། དྲན་ཚད་ཁ་ནས་འཆད་པའི་འདོད་ལྡན་དང་།། ཆགས་སྲེད་ཁུང་དུ་སྦས་པའི་སྐྱེ་བོ་གཉིས།། ཕྱི་ཡི་ཚུལ་འཆོས་ཙམ་ལ་མི་མཐུན་ཡང་།། དོན་གྱི་མ་བཅོས་བསམ་སྤྱོད་གཅིག་ཏུ་འབབ།། ཞེན་ཆགས། བྲིས་ན་ཟད་དུ་མེད་པའི་སེམས་ཀྱི་གཏམ།། དོར་ཡང་བརྗེད་ཐབས་མེད་པ་འཁོར་བའི་ལས།། གཏན་གྱི་སྙིང་སྡུག་རྨི་ལམ་ནང་གི་གྲོགས།། ཤི་ཡང་འབྲལ་འདོད་མེད་པའི་ཞན་ཆགས་དམ།། འགྱུར་འགྲོས། ཁྲུང་ཁྲུང་འཕུར་བའི་ཤུལ་དུ་རྒྱང་ལྟ་བྱས།། ཁུ་བྱུག་གསུང་སྙན་རེ་རེ་དྲན་པའི་རྟེན།། ལྗང་མདོག་དབྱར་གྱི་ཕུན་ཚོགས་མ་ལུས་པ།། དེ་རིང་སད་སེར་གཅིག་གིས་ལྷག་མེད་བཅོམ།། སྐྱོ་གར། སྡོང་ལོ་སེར་པོ་རླུང་གིས་ཕན་ཚུན་བསྐྱོད།། གཙང་ཆབ་སྔོན་པོ་ཐུར་ནས་ཐུར་དུ་འབབ།། ཐེག་པར་དཀའ་བའི་སེམས་ཀྱི་སྡུག་བསྔལ་དེ།། ནམ་ཡང་རྫོཊ་ཐབས་མེད་པའི་སྐྱོ་གར་དངོས།། འདྲ་མཉམ། ཕོ་སྐྱེས་རིཊ་ཀྱི་མཆོག་ཅེས་ཡར་མ་བཞག། མོ་རིཊ་དམན་པར་བཟུང་ནས་མར་མ་འཕང་།། ཕོ་མོ་གཉིས་ཀ་མི་ཡི་གྲལ་བཞག་ནས།། འདྲ་མཉམ་ཐོབ་ཐང་ངོ་མ་བདག་གིས་འཚོལ།། འཆར་སྒོ། དགའ་སྡུག་སེམས་པ་འགྱུར་བའི་ཁོར་ཡུག་འདིར།། རྒྱ་ཤོག་མེ་ལོང་དཀར་པོའི་ཐང་ཆེན་དུ།། སེམས་ཀྱི་འཆར་སྒོ་མང་པོ་བྲིས་བྲིས་དེ།། རང་གི་སེམས་པ་གསོ་བའི་རྟེན་དུ་བྱས།། ཁ་ཆད། ཁྲ་ཆིལ་གློག་གི་འོད་སྣང་ཉིན་བཞིན་གསལ།། བསིལ་རླུང་འཇམ་པོའི་ལྗོན་པའི་ལོ་མ་གཡོ།། ཡོད་ཚད་ཁ་ཁུ་སིམ་པོའི་ལྷིང་འཇགས་ཁྲོད།། འུ་གཉིས་དང་པོ་མཇལ་བའི་ཁ་ཆད་བྱས།། གསང་གཏམ། སེམས་པ་ཁྱོད་ཀྱིས་བརྐུས་ནས་ཡུན་རིང་འགོར།། མ་བཅོས་དུང་བ་ཡོད་ཚད་ཁྱོད་ལ་ཕུལ།། ལེགས་སྐྱེས་རྒྱ་སེའི་མེ་ཏོག་ཁྱོད་ལ་ཉོས།། འོན་ཀྱང་གསང་གཏམ་མ་ཤོད་ད་ལ་ཐུག།






དུམ་བུ་གསུམ་པ། མིག་ཆུ།



















ཞི་བདེའི་བདག་པོ། སེམས་པ་ཆེན་པོ་གན་དྷི་རྗེས་སུ་དྲན་པ། ༡ ཀྱེ་ཀྱེ ཞི་བདེ་ཡི་བདག་པོ གན་དྷི། ཁྱེད་ནི་ཤར་རིའི་ཕྲག་ན་འཕགས་པའི་ གསེར་མདོག་གི་ཉི་གཞོན་ཏེ་ གདོལ་སྤྱོད་ཀྱི་མུན་པ་རྩད་ནས་བཅོམ་ཞིང་ རང་དབང་གི་འོད་སྣང་འགྲོ་ལ་སྩོལ་བའི་གཉེན་པོ། སེམས་པ་ཆེན་པོ། དེད་དཔོན་ཆེན་པོ ཁྱེད་མིན་ན། ཉམ་ཆུང་མི་སེར་ཚོའི། དབང་བསྒྱུར་མཁན་ལ་ཇི་ལྟར་རྒོར གདོལ་སྤྱོད་པ་ལ་ཇི་ལྟར་འཐབས།

༢ ཀ་ཡེ ཞི་བདེ་ཡི་བདག་པོ་ གན་དྷི ཁྱེད་ནི་གདོལ་སྤྱོད་ཀྱི་ལྷག་རླུང་ཁྲོད་དུ་འབར་བའི ཟུམ་མེད་ཀྱི་སྒྲོན་མེ་སྟེ། མུན་ནག་གི་དཔུང་ཁ་རྩད་ནས་གཞིལ་ཏེ མདུན་ཕྱོགས་ཀྱི་ལམ་ཆེན་སྟོན་པའི་སྒྲོན་མེ་དང་པོ ཁྱེད་ནི དབང་འབྱོར་གྱིས་མ་བསླུས་པའི་བྱ་བྲལ་ངོ་མ་ གཡོ་རྫུན་གྱིས་མ་ཟིན་པའི་བདེན་པའི་དཔའ་བོ། ༣ ཨེ་མ ཞི་བདེ་ཡི་བདག་པོ་ གན་དྷི ཁྱེད་ཀྱི་བདེན་ཚིག་རེ་རེ་ རང་དབང་གི་འབོད་སྒྲ་ཡིན་ལ། ཁྱེད་ཀྱི་ཕུགས་བསམ་རེ་རེ་ འཚེ་མེད་ཞི་བདེ་ཡི་ཐབས་ལམ་ཉག་ཅིག ཉམ་ཆུང་གི་མི་སེར་ཡོངས་ཀྱིས་ ཁྱེད་ཀྱི་མཛད་པར་འཚོལ་སྙེགས་བྱེད་བཞིན་ཡོད་ན སྙིང་སྟོབས་དང་སྤོབས་པ་སྩོལ་ཅིག


༤ ཝ་ཡེ ཞི་བདེ་ཡི་བདག་པོ་ གན་དྷི ཁྱེད་ལ་ཞི་བདེ་ཡི་གཟེངས་རྟགས་མེད་ཀྱང་ བསྟོད་བཀུར་གྱི་སྙན་གྲགས་མེད་ཀྱང་ ཞི་བདེ་ཡི་དེད་དཔོན་ངོ་མ་ ཁྱེད་རང་མིན་པའི་སྙོན་འདོར་སུ་ཡིས་བྱེད། ཟླ་མེད་ཀྱི་སྙིང་སྟོབས་དང་། རླབས་ཆེན་གྱི་ མཛད་པ་རེ་རེར། རྟག་ཏུ་ཡིད་སྨོན་བྱེད་བཞིན ནམ་ཡང་ རྗེས་དྲན་ཞུའོ། །

༢༠༡༠/ ༣/ ༡༢






རླབས་ཆེན་གྱི་མི་བུ་དྲན་པ།


མུན་ནག་གི་མཚན་མོར་འབར་བའི་སྒྲོན་མེ་འོད་ཆེན།

གདོལ་སྤྱོད་ཀྱི་ལྷག་རླུང་འུར་འུར་དུ་ལྡང་བའི་ མུན་ནག་གི་འཇིག་རྟེན་ཞིག་ནས་ ལྷབ་ལྷབ་ཏུ་འབར་བའི་མུན་སེལ་གྱི་སྒྲོན་མེའི 《སྐྱིད་ཕྱོགས་ཀུན་མཐུན་》གྱི་འོད་སྣང་རེ་རེ་ནི་ ཅི་འདྲའི་རིན་ཐང་ལྡན་པ་ཞིག་རེད་ཨང་། ཡིན་ནའང་། ཀླ་ཀློ་དང་མུན་ནག་གི་མཚན་མོ་དེར གདོལ་སྤྱོད་ཀྱི་ལྷག་རླུང་རྩུབ་མོས་ འཇིག་རྟེན་གྱི་སྒྲོན་མེ་འདི་ལྟར་བདས་སོང་། འོན་ཀྱང་ མུན་སེལ་གྱི་སྒྲོན་མེའི་ རླབས་ཆེན་གྱི་འོད་སྣང་དང་། རིན་བྲལ་གྱི་མཛེས་པ་རེ་རེ་ནི་ ནམ་ཡང་ནུབ་པ་མེད་ལ་ ནམ་ཡང་ཟུམ་པ་མེད།

འཛམ་གླིང་ན་དཀོན་པའི་བཻཌཱུརྱའི་བུམ་པ།

ལོག་སྤྱོད་ཀྱི་དཔུང་ཁ་འཐུག་པའི་ བླུན་རྨོངས་ཤེས་མེད་ཀྱི་གྲོང་རོང་ན་ འཛམ་གླིང་ན་དཀོན་པའི་བཻཌཱུརྱའི་བུམ་པ་ཞིག་འཁྲུངས་ བདེན་འཚོལ་རྫུན་གཏོར་གྱི་མཛེས་པ་རེ་རེ་དང་ དྲང་པོ་དྲང་བཞག་གི་རིན་ཐང་རེ་རེས “གསེར་དངུལ་གྱི་འདུ་སྒོ་མི་ཡོངས་བའི་“ ཚུལ་ལེན་དང་ ལེགས་བཅོས་ཀྱི་བསམ་བློ་ནི་ གང་གིས་ཀྱང་འཚོན་དུ་མེད་ལ་ སུ་ཡིས་ཀྱང་གཞལ་དུ་མེད་ཀྱང་ བླུན་རྨོངས་ཤེས་མེད་ཀྱི་གྲོང་རོང་ནས་ ནོར་བུའི་ནོར་ཉམས་མ་ཆོད་པར་ རིན་ཐང་བྲལ་བའི་བཻཌཱུརྱའི་བུམ་པ་རྡོ་ལ་བརྡབ་པ་ནི་ ཅི་འདྲའི་ཡོད་སྐྱོ་བའི་སྐྱོ་གར་ཞིག་དང་། རྗེད་དཀའ་བའི་ཕམ་ཁ་ཞིག་རེད་ཨང་།

སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཙནྡན་དམར་པོའི་འཁྲི་ཤིང་།

རྙིང་ཞེན་དང་སྒྱིད་ལུགས་ཆེ་བའི་མི་རིགས་ཞིག་ལ་ ཚུར་ལེན་དང་ གསར་གཏོད་ཀྱི་སྙིང་སྟོབས་མངའ་བའི་ སྒལ་ཚིག་ཅན་གྱི་མི་བུ་ཞིག་ཡར་འགྲེང་སྟེ་ རྙིང་ཞེན་སྒྱིད་ལུགས་ཀྱི་“རྐང་ལམ་ཕྲ་མོ་“ནས་ དེང་རབས་འཕེལ་རྒྱས་ཀྱི་“གཞུང་ལམ་ཆེན་མོ་“འདེད་ཐུབ་པའི་ འབོད་སྐུལ་དང་ རེ་ལྟོས་ཆེན་པོ་བྱས་ཀྱང་ ཀླ་ཀློ་དང་ མུན་ནག་ཏུ་འཕྱན་པའི་བླུན་རྨོངས་པ་དག་གི ཨུ་ཚུགས་ཀྱི་རྨོངས་འཐོམ་སད་ཏུ་མེད་པའི་ བག་ཆགས་འཐུག་པོས་མ་བཟོད་པར་ དུས་རབས་གསར་པའི་ཅོང་བརྡ་ཞིག་གི་ཆེད་དུ་ འཇིག་རྟེན་གྱི་བདེ་སྐྱིད་སོགས་ཡོད་ཚད་དོར་ཏེ་ འདི་ལྟར་ང་ཚོ་དང་ཁ་བྲལ་སོང་ རིན་ཐང་བྲལ་བའི་ ཙནྡན་དམར་པོའི་ལྗོན་ཤིང་ འདི་ལྟར་སྐམ་པ་ནི་ ཅི་འདྲའི་རྗེད་དཀའ་བའི་སྐྱོ་གར་ཞིག་རེད་ཨང་། ༢༠༡༠/༩/༧


བྱམས་ལྡན་མ་ལོ་དྲན་པའི་སྐྱོ་གླུ་བྱེའུ་ཆུང་ འཇོལ་མོའི་མིག་ཆུ།

མི་རྟག་རྒ་བའི་སད་ཀྱིས་ལང་ཚོ་ཡི་མེ་ཏོག། མི་སྡུག་གཟུགས་སུ་གྱུར་པའི་བརྩེ་ལྡན་གྱི་མ་ཡུམ།། མི་ཡུལ་ས་མཐའ་འདི་ནས་ཉམ་ཆུང་གི་བུ་ངས།། མི་རིང་དགྱེས་ཞལ་འཇལ་བའི་རེ་སྨོན་ཞིག་བྱས་ཡོད།།

མཚར་སྡུག་ལང་ཚོའི་མེ་ཏོག་ཐོག་མ་རུ་བཞད་དུས།། དྲིན་ལྡན་མ་ལོའི་འཇམ་པོའི་དར་གོས་ཀྱིས་རྒྱན་ཏེ།། ཞིམ་མངར་ནུ་ཞོ་མངར་མོའི་བུ་ཆུང་ང་གསོས་པ།། ས་མཐའི་ཡུལ་གྲུ་འདི་ནས་བརྗེད་ཐབས་ཤིག་མི་འདུག།

ལོ་ཆུང་སེའུ་ལྔ་པའི་བགྲངས་བྱ་ཡི་དུས་སུ།། མ་ལོའི་བྱམས་བརྩེའི་འོག་ནས་བདེ་སྐྱིད་ཀྱི་འཚོ་བ།། ད་ལྟ་དྲན་པའི་ཚེ་ན་སྐྱོ་གདུང་གི་སྣོན་མ།། ཉམ་ཆུང་བུ་ངན་ང་ཡི་ལས་དབང་འདི་སྐྱོ་ཨང་།།

ད་ལྟ་བཅོ་བརྒྱད་ལང་ཚོ་རྫོགས་པ་ཡི་བུ་ང་།། སྣ་ཚོགས་འཚོ་བའི་ཁྲོད་ན་སྐྱིད་སྐྱིད་ལྟར་སྣང་ཡང་།། བྱམས་བརྩེའི་སེམས་ཀྱིས་ནམ་ཡང་གཅེས་གཅེས་རང་བྱེད་པའི།། མ་ཁྱོད་འཇལ་འདོད་བསམ་པ་དུང་དུང་ཞིག་སྐྱེས་སོང་།།

མ་ལོའི་བྱམས་བརྩེའི་འཁྱུད་པའི་ཡིད་འོང་གི་འཛུམ་མདངས།། མ་སྒོམ་ཡིད་ཀྱི་སྣང་ངོར་མེ་ལོང་གི་གཟུགས་བཞིན།། མ་བརྗེད་ལྷང་ངེར་ཤར་བའི་དུང་སེམས་ཀྱི་བག་ཆགས།། མ་བུ་ཡུན་རིང་མ་འཇལ་སྐྱོ་གདུང་གིས་མནར་སོང་།།

བྱམས་བྱམས་བརྩེ་བས་སྐྱོང་བའི་དྲིན་ལྡན་གྱི་མ་ཡུམ།། རིང་རིང་ས་མཐར་གནས་པའི་དུང་ལྡན་གྱི་བུ་ངས།། ཡང་ཡང་དྲིན་ལན་མ་འཇལ་ཡུན་རིང་ཞིག་འགོར་བས།། དྲན་དྲན་དམར་ཆུང་སེམས་པ་འགས་སྙམ་ཞིག་ལུས་བྱེད།།

སྐྱིད་སྡུག་ལས་དབང་མ་ངེས་མི་ཚེ་ཡི་ཟློས་གར།། སྣ་ཚོགས་བདེ་སྡུག་མྱོང་བ་རང་རང་གི་བགོ་སྐལ།། བུ་ངས་མ་ཡུམ་དྲན་པའི་སྐྱོ་གདུང་གི་གདུང་བ།། ནམ་ཡང་བརྗེད་དུ་མེད་པའི་སེམས་ཁོང་གི་རྨ་ཁ།།

སྔོ་ལྗང་རྒྱ་ལྕང་ལོ་མའི་ལྕུག་ཕྲན་གྱི་རྩེ་ནས།། རིགས་མཐུན་བྱ་བྱིའུ་སྣ་ཚོགས་འཕུར་ལྡིང་རེ་བྱེད་བཞིན། ཅ་ཅོའི་གསུང་སྐད་སྙན་མོ་བར་མེད་དུ་སྒྲོགས་པ།། རྒྱང་རིང་མ་ལོ་དྲན་པའི་གསལ་འདེབས་དང་འདྲ་བྱུང་།།

ཐག་རིང་ས་མཐའི་ཡུལ་གྱི་འཇིག་རྟེན་དུ་བསླེབས་ནས།། ན་མཉམ་མཛའ་གྲོགས་ལྷན་དུ་རྩེ་འཇོ་ལ་རོལ་ཡང་།། དྲིན་ཆེན་ཨ་མ་ཁྱེད་ཀྱི་བྱམས་བརྩེ་ལ་བསམ་ན།། རིགས་མཐུན་ན་ཟླའི་མཛའ་བརྩེར་སྙིང་པོ་ཞིག་མི་འདུག།

ངམ་ནག་དགུན་གྱི་ཁྲོ་གཉེར་ཕར་ཕར་དུ་ཞི་ནས།། མཛེས་སྡུག་དབྱར་གྱི་པདྨོའི་འཛུམ་ཞལ་དེ་དགོད་དུས།། དྲིན་ཆེན་མ་ཡུམ་ཁྱེད་རང་འཇལ་འདོད་ཀྱི་འདུན་པ།། དམར་པོ་མེ་ཡིས་བསྐུལ་བའི་ངང་ཚུལ་དང་འདྲའོ།།

མཐོ་དམན་བར་མའི་སྐྱེ་འགྲོ་སུ་འདྲ་ཞིག་ཡིན་ཀྱང་།། གློ་བུར་མ་ངེས་འཆི་བ་མང་པོ་ཞིག་མཐོང་དུས།། ཉིན་བཞིན་སྐྲ་ལོའི་འདབ་མ་ཇེ་དཀར་དུ་གྱུར་པའི།། བརྩེ་ལྡན་ཨ་མ་ལྷག་པར་དྲན་པ་ཞིག་བྱུང་ངོ་།།

རྒྱུས་མེད་མི་ཡུལ་འདི་ནས་མཛའ་བརྩེ་རང་ཟབ་པའི།། མ་བུ་མཉམ་གྲོགས་འགའ་ཞིག་མིག་ལམ་དུ་རྒྱུ་ཚེ།། བུ་ང་ཨ་མའི་གམ་དུ་ད་ལྟ་ནས་འགྲོ་བའི།། རྒོད་པོའི་གཤོག་རྩལ་འདྲ་ཞིག་ཡོད་རྒྱུ་ན་བསམ་སོང་།།

ས་རྒྱུས་མི་རྒྱུས་མེད་པའི་ས་མཐའ་ཡི་ཡུལ་ནས།། སྣ་ཚོགས་བྲོ་བ་མེད་པའི་འཚོ་བ་ལ་བསམ་ན།། བྱམས་ལྡན་མ་ལོའི་གནང་བའི་ཞིམ་མངར་གྱི་ཁ་ཟས།། མ་དྲན་ཉིན་གཅིག་ཕལ་ཆེར་ཡོད་ཚོད་རང་མི་གདའ།།

གཞན་དབང་ངམ་ནག་མུན་པའི་སྨག་རུམ་གྱི་ཁྲོད་ནས།། ཉིན་ཞག་རེ་རེ་འཛུབ་མོའི་ཡང་ཡང་དུ་བགྲངས་བཞིན།། ཤུགས་རིང་ལྕི་མོ་ཞིག་གིས་ངལ་གསོ་རེ་བྱས་ཏེ།། དྲན་གདུང་སྙིང་གི་རི་མོ་སེམས་ཁོང་དུ་བྲིས་ཡོད།།

སེམས་པ་རབ་ཏུ་བསྒུལ་བའི་སྐྱོ་གླུ་རེ་ལེན་བཞིན།། སྲོད་དུས་བྱིའུ་ཆུང་རེ་རེ་ཚང་ནང་དུ་འཕུར་དུས།། རྒས་པའི་ལང་ཚོ་འབྱུང་འཁྲུགས་ཟུག་ངུ་ཡིས་ཉེན་པའི།། དྲིན་ལྡན་བརྩེ་བའི་མ་ཡུམ་ཡིད་ཡུལ་དུ་འཁོར་སོང་།།

ཟས་མཆོག་གང་ཞིམ་ཐམས་ཅད་ང་རང་ལ་བྱིན་ཞིང་།། མཛེས་གོས་གང་ཡག་ཡོད་ཚད་ཁོ་བོ་ལ་བསྐོན་པའི།། བརྩེ་ཆེན་ཐུགས་བརྗེ་ཟབ་མོའི་དུས་རྟག་ཏུ་སྐྱོང་བའི།། འཁོར་མེད་བཀའ་དྲིན་ཟབ་མོ་ཡང་ཡང་དུ་དྲན་སོང་།།

ད་ནི་ང་རང་མི་འདུག་རང་ཡུལ་ལ་འགྲོ་ནས།། བཀའ་དྲིན་གཞལ་དུ་མེད་པའི་མ་ཡུམ་གྱི་དྲུང་དུ།། སྣ་ཚོགས་ཐབས་ཚུལ་དུ་མའི་སྲི་ཞུ་ལ་བརྩོན་ནས།། དྲིན་ལན་དྲིན་གྱིས་འཇལ་བའི་ཐབས་ཚུལ་ཞིག་འཚོལ་ངེས།།

འཆི་མེད་ཚེ་ལ་དབང་བའི་ཚེ་འཛིན་གྱི་ལྷ་མོས།། ཟླ་མེད་ཐུགས་བསྐྱེད་ཟབ་མོའི་ནུས་རྩལ་གྱི་མཐུ་ཡིས།། བརྩེ་མེད་དུས་མིན་འཆི་བའི་རྐྱེན་ངན་གྱི་མཚོ་ལས།། གེཊ་མེད་ཕ་མཐར་བསྐྱོད་པའི་མཐུན་སྦྱོར་རང་མཛོད་ཅིག།

    ༢༠༠༨/༨/༨  ཉིན་ལྔ་རིག་སློབ་གླིང་ནས།



སེམས་ཁུང་ནས་ཕུལ་བའི་ལྷ་རེག

གྲོགས་མཆོག་སུརྱའི་མིང་ཅན་ལ་ཕུལ་བའི་འཕྲིན་ཆུང་། ཕན་བདེའི་འབྱུང་གནས་ཐུབ་བསྟན་ཉིན་མོར་བྱེད།། མཛེས་རྒྱན་རྒྱལ་བསྟན་རྒྱུ་སྐར་བཀྲ་བ་ལས།། ཟླ་བྲལ་དྭགས་བརྒྱུད་འབའ་རོམ་རྒྱལ་བའི་བསྟན།། ལུགས་ཀྱིས་རྣམ་པར་ཤིས་པ་གང་དེས་དྲུང་།།

ལང་ཚོའི་ཆུ་སྐྱེས་འདབ་སྟོང་བཞད་པའི་རྩེར།། དད་གསུམ་སྦྲང་རྩིའི་ཁུར་གྱིས་དུད་པ་ལས།། དུང་སེམས་གཤོག་ཟུང་རབ་ཏུ་ལྡེམ་པ་ཅན།། སྦྲ་མ་ར་ཡི་ཞུ་མཆིད་འདི་ལ་གསོན།།

ཁྱེད་སྐུ་རྒྱུ་སྐར་རྒྱལ་པོའི་མཛེས་སྡུག་ལ།། མི་འདོད་ཁྱབ་འཇུག་དྲི་མས་མ་སྒྲིབ་པར།། བདེ་བར་འཚོ་ཞེས་རིང་ནས་ཐོས་པའི་མོད།། བདག་ཀྱང་སྙིང་ནས་དགའ་བ་གཟོད་དུ་མེད།། ཕྱོགས་འདིར་གནས་པའི་སྦྲང་ཆུང་གཞོན་ནུ་ང་།། ལྔ་རིག་འདབ་སྟོང་བཞད་པ་དགའ་བའི་ཞིང་།། ལྔ་ཟུང་རིག་པའི་སློབ་གླིང་ཆེན་མོ་ནས།། ཤེས་རིག་སྦྲང་བཅུད་འཐུང་བཞིན་བདེ་བོར་གནས།།

འདས་སོང་ཕྱིར་དྲན་རྨི་ལམ་རིང་མོའི་ཁྲོད།། ལྷན་འཛོམ་སྐྱིད་པའི་ཟླ་གཞོན་འཛུམ་དཀར་ཅན།། ཕྱི་ཐག་རིང་བའི་གྲོགས་ཁྱེད་དུང་བ་ལ།། བསམ་བཞིན་བུ་ངས་དྲན་པ་འགོག་ཏུ་མེད།།

བསམ་བཞིན་བགྲངས་བྱ་འཁོར་བསྐྱོད་དུ་མའི་རིང་།། བརྩེ་བའི་འཛུམ་མདང་དྲོན་མོ་ཕན་ཚུན་ལ།། བཀོད་པའི་དགའ་བ་གང་གིས་མི་མཚོན་པ།། ད་ལྟ་དྲན་པའི་སྣོན་མ་ཙམ་དུ་ཟད།།

འོན་ཀྱང་ལས་ཀྱི་ལམ་བུ་མི་གཅིག་པས།། གྱེས་བྲལ་གདུང་བ་སྙིང་ལ་ལྕི་བཞིན་དུ།། སེམས་ཀྱི་འདུན་མ་རང་རང་སར་བསྐྱུང་ནས།། གཏན་གྱི་གྲོགས་དང་གྱེས་པས་སེམས་པ་སྐྱོ།།

མཆོག་གསུམ་ལྷ་ཚོགས་བདེན་པའི་མཐུ་བྱིན་གྱིས།། ཁྱེད་ཀྱི་སྐུ་ཚེ་མི་ཤིག་སྲིད་མཐའི་བར།། བདེ་བར་འཚོ་བཞེས་མཛད་ཕྲིན་མཁའ་དང་མཉམ།། ཐུགས་ཀྱི་བཞེད་དོན་གེགས་མེད་འགྲུབ་པར་སྨོན།།

དྲི་མེད་སྙིང་གི་དུང་བ་མཚོན་པའི་ཕྱིར།། རིན་ཆེན་གསེར་དངུལ་ཞུ་རྟེན་མ་མཆིས་ཀྱང་།། ལྷག་བསམ་དང་བས་ཕུལ་བའི་ཞུ་མཆིད་འདི།། ལས་མཐུན་སྙིང་གི་གྲོག་ལ་ཕུལ་བ་ལགས།།

གནས་སྐབས་ལྷན་དུ་འཛོམ་པའི་སྐབས་མེད་ཀྱང་།། ཕན་ཚུན་འཚམས་འདྲིའི་ནང་མི་ཞུ་མཆིད་དག། ཉལ་འགྲོའི་རྒྱུན་བཞིན་ལྷུག་པོར་སྩོལ་བ་ལ།། རེ་སྒུག་མིག་གི་བུང་བ་ཡང་ཡང་ཕྱོགས།།

དེ་སྐད་ཁམས་ཕྲུག་གངས་སྐྱེས་མེ་ཏོག་ཏུ།། འབོད་པ་གང་དེས་སྙིང་གི་རེ་སྨོན་བཅས།། ལྔ་ཟུང་ཤེས་རིག་འཛུམ་པའི་སློབ་གླིང་ནས།། སྙིང་གི་གྲོགས་པོར་སྐྱེས་ཀྱི་ཚུལ་དུ་བཏེགས།། ནམ་ཡང་དུང་བ་འགྱུར་མེད་ཡིད་མཐུན་སྙིང་གི་སྤུན་གྲོགས་གང་ལ་བོད་རྒྱལ་ལོ་༣༡༣༣ཟླ་༡༠ཚེས༡ཉིན་གུས་ཕུལ།

རྒྱང་བཞུད་གྲོགས་ལ་ཕུལ་བའི་ཞུ་མཆི།

ཨ་རིར་ཡོད་པའི་གྲོགས་པོ་ཞིག་ལ་ཕུལ་བ། འདི་ནས་རྒྱང་ཐག་རིང་བའི་ནུབ་ཀྱི་ཕྱོགས།། ཚན་རྩལ་ཡང་རྩེར་སོན་པའི་ཡུལ་གྲུ་དེར།། བཞུགས་པའི་རིགས་མཐུན་སྙིང་གི་གྲོགས་པོ་ལ།། བརྩེ་བའི་སེམས་པ་དམར་པོས་མཆིད་འདི་འབུལ།།

ལེ་བར་ཁྲི་ཕྲག་ཆོད་པའི་མི་ཡུལ་ནས།། བརྩེ་བའི་ཕྱི་ཐག་རིང་བའི་གྲོགས་ཁྱོད་ཀྱིས།། དྲན་གདུང་སེམས་པ་འདུ་འབྲལ་མེད་པ་ཡི།། བུ་ངའི་གཏམ་ལ་ལན་གཅིག་རྣ་བ་བློག།

མི་རིགས་མི་གཅིག་སྐད་རིགས་མི་འདྲ་བའི།། རྒྱུས་མེད་མི་ཡུལ་ས་མཐའི་ཡུལ་གྲུ་ནས།། རེ་འདུན་ཕུགས་བསམ་ལྷུན་པོ་རབ་བརྟན་ཞིང་།། མི་འདོད་འགལ་རྐྱེན་བྲལ་བཞིན་བཞུཊ་ལཊ་སམ།།

འདི་ནས་ཁོ་བོ་གངས་ཅན་ས་མཐོའི་ཞིང་།། ཙག་དང་བུ་ཡུག་རྒོད་པའི་གངས་འདབས་ནས།། གཞན་དབང་མུན་པའི་དཔུང་གིས་རབ་མནར་ཞིང་།། རང་དབང་སྐྱ་རེངས་སྒུག་བཞིན་བདེ་བོར་མཆིས།།

སྔོན་དུས་མཉམ་དུ་འགྲོགས་པའི་དགའ་བ་དང་།། ད་ལྟ་སོ་སོར་གྱེས་པའི་གདུང་བ་གཉིས།། ཁྱོད་དང་ང་ཡི་བརྗེད་མེད་དྲན་ཤིང་སྟེ།། མ་བཅོས་སེམས་ལས་ནམ་ཡང་བསུབ་ཐབས་མེད།།

སླད་མར་གང་གི་རིན་ཆེན་མི་ཚེའི་ནང་།། སྙིང་གི་རེ་འདུན་མངོན་དུ་འགྱུར་བ་དང་།། མི་རིང་ལྷན་འཛོམས་དུས་ཀྱི་ཉི་མ་ལ།། རེ་བའི་འབྲས་བུ་མྱུར་དུ་སྨིན་པར་སྨོན།།

དེ་སྐད་བྱང་ཕྱོགས་ཁ་བའི་ཡུལ་ལྗོངས་ནས།། ཁམས་པའི་བུ་ཕྲུག་གངས་སྐྱེས་མེ་ཏོག་ཏུ།། འབོད་པ་གང་དེས་སྙིང་གི་རེ་སྨོན་བཅས།། རྒྱང་རིང་གྲོགས་ལ་སྐྱེས་ཀྱི་ཚུལ་དུ་ཕུལ།། ༢༠༡༠ ༨ ༡ ཉིན་ཕ་ཡུལ་ནང་ཆེན་ནས།


ཁྱོད་ལ་ཕུལ་བའི་རྒྱ་སེའི་མེ་ཏོག

ཀ་མ་ལ་ཡི་མེ་ཏོག་དཀར་པོ་འདབ་མ་འབུམ་བརྒྱར་བཞད་འདྲ་བའི།། ཁ་འབྲས་སྐྱེ་གཟུགས་ཤིན་ཏུ་མཚར་བའི་རྒྱང་རིང་བུ་མོ་ཆུང་ཆུང་ཁྱོད།། གང་ནས་ཡོང་དང་གང་གི་ཡིན་མིན་ཆ་རྒྱུས་བདག་ལ་མ་མཆིས་ཀྱང་།། ང་ཡི་སྙིང་གི་སེམས་པ་དམར་པོ་ཁྱེད་ཀྱི་ཕྱོགས་སུ་དབང་མེད་ཤོར།།

ཅ་ཅོ་བྲལ་བའི་སྐད་ངག་སྙན་མོ་ཁུ་བྱུག་དབྱངས་རྟ་ལ་འགྲན་ཞིང་།། ཆ་བྱད་མཛེས་པའི་ལང་ཚོའི་མེ་ཏོག་སི་ཏཱའི་རྗེས་འགྲོ་ཁྱོད་གམ་དུ།། ཇ་ཡུན་ཙམ་ལ་འདུག་པའི་དུས་ཀྱི་ལྷད་མེད་བརྩེ་བ་ཟབ་མོ་དེས།། ཉ་མོ་ཆུ་ལ་དགའ་བ་བཞིན་དུ་བདག་སེམས་སྤྲོ་བ་རབ་ཏུ་བརྟས།།

ཏ་ལའི་སྡོང་པོའི་ལོ་མ་འབུམ་གྱི་སྐྱིད་པའི་བསིལ་གྲིབ་འོག་རོལ་དུ།། ཐ་ཆད་བདག་གིས་ཁྱོད་དང་མཉམ་དུ་ཕན་ཚུན་གཅིག་ལ་གཅིག་འཁྱུད་དེ།། ད་ལྟ་མྱུར་དུ་བརྩེ་བ་ཟབ་མོས་སྙིང་གཏམ་བརྗོད་པའི་དུས་བྱུང་ཚེ།། ན་རག་ལྟ་བུའི་བཟོད་དཀའི་སྡུག་བསྔལ་མྱོང་དགོས་བྱུང་ཡང་འགྱོད་པ་མེད།།

པ་ཕའི་བཀའ་སྐྱོན་མེ་ལས་ཚ་ཞིང་མ་ལོའི་ཐུགས་དགོངས་དཀྲུག་ན་ཡང་།། ཕ་བཟང་བུ་མོ་ཁྱོད་དང་མཉམ་དུ་མ་འོངས་འཚོ་བ་སྐྱེལ་ཐུབ་ན།། བ་གམ་ཅན་གྱི་ཁང་ཆེན་ལ་སོགས་ལོངས་སྤྱོད་འབུམ་གྱིས་ཕྱུག་མིན་ཡང་།། མ་ལུས་བློ་ཡིས་མི་ཐོང་བ་ཞིག་བདག་གི་གངས་དཀར་སེམས་ལ་མེད།།

ཙ་གེ་ཙིག་གེའི་མི་ཁ་སྣ་ཚོགས་ཁོ་བོས་རྣ་རྒྱབ་རླུང་ལ་བྱིན།། ཚ་ཆམ་ལྟ་བུའི་གདུང་བ་ལྕི་མོས་དམར་ཆུང་སེམས་པ་འགས་སྙམ་གྱིས།། ཛ་དྲག་ཆེན་པོའི་སྙིང་གི་གཏམ་འདི་མ་བཅོས་དུང་བས་འབུལ་བ་ན།། ཝ་ཡེ་ཁྱོད་ཀྱིས་བདག་གི་རེ་འདུན་ཐལ་བའི་རླུང་ལ་མ་སྐུར་ཅིག།

ཞ་ཉེ་དུང་རྩེའི་རིན་ཆེན་རྒྱུ་རྫས་འབུལ་རྒྱུ་བདག་ལ་ཅང་མེད་ཀྱང་།། ཟང་ཟིང་ནོར་གྱིས་རིན་ཐང་མི་ལོན་འགྱུར་མེད་བརྩེ་བའི་དུང་སེམས་འདི།། འ་འོལ་བརྩེ་འཇོའི་ཟོལ་ཙམ་མ་ཡིན་སྙིང་གི་དུམ་བུ་ཁྱོད་ཉིད་ལ།། ཡ་རབས་མེས་པོའི་རྗེས་སུ་སྐྱེས་པའི་བུ་ངའི་ལེགས་སྐྱེས་གཙང་མ་ཡིན།།

ར་རིའི་རྟོགས་རྟགས་ཚིག་གིས་མ་ལྷད་མ་བཅོས་དུང་བའི་སྐད་ཆ་འདི།། ལ་དང་ལུང་བ་མང་པོས་ཆོད་པའི་རྒྱང་རིང་ཡུལ་གྱི་ས་ཆ་རུ།། ཤ་ཚ་སྙིང་ཉེའི་བརྩེ་བ་རབ་འཕྱུར་བློ་འདོད་སྙིང་གི་བྱམས་པ་ལ།། ས་མཐར་འཁྱམས་པའི་བུ་ངས་ཕུལ་བའི་རྒྱ་སེའི་མེ་ཏོག་དམར་པོ་ཡིན།།

ཧ་ཅང་སྙན་པའི་རོ་དང་བྲལ་ཡང་དམར་ཆུང་སྙིང་གི་གསང་གཏམ་ཡིན།། ཨ་རོགས་བུ་མོ་ཁྱོད་ལ་བཅང་བའི་འགྱུར་མེད་བརྩེ་བ་ཟབ་མོ་ཡིན།། ཧ་ལམ་ཉིན་མཚན་དབྱེ་བ་མེད་པར་དུང་བའི་སེམས་པ་འགོག་མེད་ཡིན།། ཨ་མའི་བུ་ངས་མི་ཚེ་གཅིག་ལ་གཏན་གྲོགས་ཁྱོད་རང་སྒུག་ངེས་ཡིན།། ༢༠༠༩/༢/༡





ན་ཟུག་དམར་པོའི་དབྱངས་རྟ།


སྟོན་མཚན་དུང་གི་ཟླ་བར་འོད་སྣང་གིས་དབེན་ཞིང༌།། འདབ་བརྒྱའི་མེ་ཏོག་ཚོགས་ཀུན་མཛེས་ཉམས་ཀྱིས་སྟོང་པའི།། དེ་རིང་དྲན་འཛིན་སེམས་ཀྱི་མེ་ལོང་གི་ངོས་སུ།། མཛའ་མཐུན་སྙིང་གི་དུམ་བུ་བྲལ་ཐབས་རང་མི་འདུག།

ཁ་སང་འདས་པའི་ལོ་ཟླ་རྨི་ལམ་གྱི་ཞིང་ཁམས།། དེ་རིང་དངོས་སུ་མྱོང་བའི་གྱེས་བྲལ་གྱི་སྡུག་བསྔལ།། སང་ཉིན་གཅིག་པུར་ལུས་པའི་སྣང་ཚུལ་ལ་བསམ་ན།། སུས་ཀྱང་མཚོན་དུ་མེད་པའི་སེམས་ཅོང་གིས་མནར་སོང༌།།

བརྩེ་བའི་མེ་ཏོག་ཀུ་མུད་ཕར་ཕར་ལ་གཡུག་ཀྱང༌།། དུང་བའི་རྩི་བཅུད་ཟབ་མོ་ཚུར་ཚུར་ལ་འཁོར་བྱུང༌།། བགྲངས་ཡས་ལོ་ཟླའི་གོམ་ཁ་དལ་མེད་དུ་བསྐྱོད་ཀྱང༌།། འདས་པའི་སྣང་བརྙན་གསོན་པོ་སེམས་ཁོང་དུ་འཁྱིལ་འདུག།

དམར་ཆུང་སེམས་ཀྱི་གཡུ་སྦྲང་རྒྱང་རིང་ལ་ཉུལ་ཡང༌།། བློ་འདོད་སྙིང་གི་མེ་ཏོག་ཐུག་འཕྲད་རང་མ་བྱུང།། དྲན་པའི་ན་ཟུག་སེམས་ནས་འདོར་ཐབས་ཞིག་བྱས་ཀྱང༌།། སྐྱོ་བའི་མིག་ཆུའི་ཐིག་ཕྲེང་བྲང་ཁ་ན་འཐོར་སོང༌།།

གྱེས་ཁའི་སྙིང་གཏམ་མ་ཡལ་སྒྲ་འཛིན་དུ་འཁོར་བྱུང༌།། བྲལ་ཁའི་ཕྱིར་ལྟའི་ངང་ཚུལ་མིག་ལམ་དུ་ཤར་སོང༌།། བརྩེ་དུང་སེམས་ཀྱི་དྲོད་ཁུལ་སེམས་ཁོང་དུ་འཁྱིལ་བྱུང༌།། མཚར་སྡུག་མཛེས་པའི་ལང་ཚོ་རྨི་ལམ་དུ་འཁོར་སོང༌།།

ན་ནིང་ཞིམ་མངར་འོ་ཡི་བྲོ་བ་ལ་བསམ་ན།། ལྷད་མེད་དུང་བའི་སེམས་པ་འགོག་ཐབས་རང་མི་འདུག། ད་ལོ་མི་འདོད་གྱེས་པའི་སྡུག་བསྔལ་དེ་རིང་བས།། ན་ཆུང་གཞོན་པའི་ལང་ཚོ་གློ་བུར་དུ་རྒས་སོང༌།།

ལས་དབང་གནམ་གྱི་རྒྱལ་མོའི་བཀའ་ལུང་གི་འོག་ནས།། བློ་འདོད་སྙིང་གི་བྱམས་པ་གཞན་གྲོགས་སུ་གྱུར་པས།། ལྷད་མེད་དྲོད་ཀྱིས་བསྐྱངས་པའི་བརྩེ་དུང་གི་མེ་ཏོག། བསླུ་བྲིད་དབང་ཤེད་བཙན་པོས་སད་སེར་གྱིས་བཅོམ་ཐལ།།


ང་ཡི་བརྩེ་བ་ཟབ་མོ་ཁྱོད་ཉིད་ཀྱིས་ཤེས་ལ།། ཁྱོད་ཀྱིས་བསྐྱངས་པའི་དུང་བ་ཕྲན་ཆུང་ངས་མི་འདོར།། འུ་གཉིས་དུང་སེམས་མཐའ་ཡས་རྒྱ་མཚོ་ལས་ཟབ་པས།། མ་འོངས་རྗེད་དུ་མེད་པའི་དྲན་ཤིང་ཞིག་བཞག་ཡོད།།

                                  ༢༠༠༨/༤/༢༤




ཁྱོད་ཉིད་དྲན་པའི་གླུ་ཆུང་།

ཡུལ་རྒྱང་རིང་རི་བོའི་ཕ་མཐའ་དང་།། ལྷོ་སྤྲིན་པ་དཀར་པོའི་འོག་རོལ་ན།། ཡུན་རིང་པོར་བདག་གིས་མ་མཇལ་བའི།། ལས་མཐུན་པའི་སྙིང་གི་གྲོགས་པོ་ཡོད།།

དགོངས་ཨ་སྔོན་གསར་པའི་མདངས་ངོས་སུ།། ཚེས་བཅོ་ལྔའི་དུང་ཟླ་ཁེར་རྐྱང་རྒྱུ།། ཡུལ་འཛིན་མའི་སྟེང་གི་བུ་ཆུང་ངས།། བློ་ཡིད་ངོར་བཅག་པའི་སྙིང་གྲོགས་དྲན།།

དུས་དགའ་སྟོན་ཉིན་མོར་ཁྱོད་ཉིད་དྲན།། སེམས་སྐྱོ་བ་སྐྱེ་དུས་ཁྱོད་རང་དྲན།། ལར་དུས་དང་རྣམ་པ་ཀུན་ཏུ་ཡང་།། ཁྱོད་དྲན་པའི་དུས་ཤིག་གླེང་ཚོད་མེད།།

སྔོན་འདས་པའི་དོན་རྣམས་རེ་རེ་བཞིན།། སེམས་མེ་ལོང་ངོས་སུ་ཤར་བའི་ཚེ།། བདག་ཁེར་རྐྱང་འཁྱམས་པོའི་བུ་ཆུང་ངས།། ཁྱོད་སླར་ཡང་དྲན་པའི་སྣོན་མར་བྱུང་།།

དགོངས་ཉི་མ་སེར་པོས་ཕྱི་མིག་ལྟས།། སྤྲིན་དཀར་པོས་ལི་ཁྲི་གོས་སུ་གྱོན།། བྱ་བྱེའུ་རང་གི་ཚང་ལ་ལོག། སེམས་སྐྱོ་གདུང་རྒྱ་མཚོའི་ཀློང་དུ་འདྲེས།།

རི་མང་པོས་ཕ་མཐའ་སྐལ་ན་ཡང་།། ཆུ་སྔོན་མོ་དུ་མས་བཅད་ན་ཡང་།། ལུས་ལང་ཚོ་ཁ་ཁར་གནས་ན་ཡང་།། སེམས་དུང་བའི་སེམས་པ་གཅིག་ཏུ་སྦྲེལ།།

༢༠༠༥ ༡ ༡ ཉིན་ལའོ།།



རྟེན་འབྲེལ་གྱི་འབོད་བརྡ།

ཀ ཨ་སྔོན་སྤྲིན་པ་དཀར་པོའི་གུར་ཁང་ན་བཞུགས་པའི།། སྡེར་བཞིའི་ནོར་བུ་འཆང་བའི་གཡུ་མདོག་གི་འབྲུག་ཆུང་།། སྲིད་གསུམ་འགེངས་པའི་དབྱར་རྔའི་སྒྲ་དབྱངས་དེ་བསྒྲོག་ལ།། གངས་ཅན་བོད་ཀྱི་སྙན་གྲགས་གླིང་བཞི་རུ་ཁྱབ་མཛོད།།

ཁ ཆེས་མཐོ་ཁ་བའི་ཡུལ་གྱི་མཁའ་དབྱིངས་ན་རྩེན་པའི།། གཤོག་དྲུག་ལུས་ལ་རྒྱས་པའི་མཁའ་ལྡིང་གི་རྒྱལ་པོ།། མ་རུངས་དུག་སྦྲུལ་གསོལ་བའི་མཐུ་རྩལ་དེ་ངོམས་ལ།། གངས་ཅན་བོད་ལ་འཚེ་བའི་དགྲ་བོ་དེ་སྒྲོལ་མཛོད།། ག དཀར་མཛེས་གངས་ཀྱི་ལྷུན་པོའི་དབུ་རྩེ་རུ་འགྱིང་བའི།། གཡུ་རལ་རབ་ཏུ་རྒྱས་པའི་འཕྲོག་བྱེད་ཀྱི་གདོང་ལྔ།། གཡུ་འབྲུག་ཐང་ལ་ལེན་པའི་སྟོབས་རྩལ་དེ་སྟོན་ལ།། གངས་ཅན་བོད་ཀྱི་བདག་པོ་གསེར་ཁྲི་རུ་བསུས་མཛོད།། ང ཙན་དན་ནགས་ཀྱི་ཀློང་ནས་བག་ཡངས་སུ་རྒྱུ་བའི།། རྩལ་དྲུག་ལུས་ལ་རྒྱས་པའི་རྒྱ་སྟག་གི་དཔའ་བོ།། མ་འདྲེས་རྣམ་པར་བཀྲ་བའི་འཛུམ་དྲུག་དེ་ངོམས་ལ།། གངས་ཅན་བོད་ཀྱི་བདེ་སྐྱིད་རང་དབང་དེ་ལོངས་མཛོད།།









གཉོམ་ལྷུང་ལྷུང་དུ་འབབས་པའི་ཆུ་བོ་ ཆབ་རོམ་གྱི་སྒྲོག་གིས་བཅིང་དུས་ དཀར་ཞིང་གཙང་བའི་ གངས་ཁྲོད་དུ་ ལྷག་རླུང་གི་དཔུང་འཇུག་རྒོད་ཚེ་ ངས་ རྒྱང་བཞུད་ཀྱི་ཁུ་ལོ་དྲན།

ཕོན་ཕོན་དུ་སྐྱེས་པའི་འཇག་རྩྭའི་ཕུང་པོ་ ལྷོ་འུར་དང་འགྲོག་པའི་ སྐྱོ་གདུང་གི་ ཤུག་གླུ་རེ་རེ་ ཡིད་སེམས་སྐྱོ་བའི་སྣོན་མ་རུ་བྱུང་ཚེ་ ངས་ རྒྱང་བཞུད་ཀྱི་ཁུ་ལོ་དྲན།

མཐོ་སྒང་གི་ ”རླུང་རྟའི་”དར་ལྕོག ལྷབ་ལྷུབ་ཏུ་སྐྱོད་ཅིང་ མཚན་གུང་སྐྱོ་ཤས་ཀྱི་ རྒྱུ་སྐར་ཕྲ་མོས་ མོག་མོག་གི་འཛུམ་མདངས་མཐོང་དུས་ ངས་ རྒྱང་བཞུད་ཀྱི་ཁུ་ལོ་དྲན། ༢༠༠༧ ༦ ༢ཉིན་གནས་སྐྱོང་འཕན་པོའི་ཉེ་ཞོལ་བསམ་གྲུབ་མཐོང་སྨོན་གླིང་ནས།

བརྩེ་དུང་ཟབ་མོའི་གནར་གཅོད།

ཐེངས་གཅིག་འབྲལ་མི་སྤོབས་པའི་གྲོགས་དང་།། ལན་གཅིག་ལྷན་དུ་འཛོམས་པའི་དགའ་བ།། ཐེངས་གཅིག་སོ་སོར་བྲལ་བའི་སྡུག་ཡུས།། དུས་གཅིག་ཙམ་ལ་བཟོད་ཐབས་མི་འདུག།

ཆུང་ནས་འདྲིས་པའི་སྙིང་གི་གྲོགས་དང་།། ལྷད་མེད་དུང་སེམས་སྲད་བུས་སྦྲེལ་བས།། དུས་རྣམས་ཀུན་ཏུ་འབྲལ་འདོད་མེད་ཀྱང་།། ལས་ཀྱི་བཀའ་ལས་འགོངས་ཐབས་མི་འདུག།

དྲིན་ཆེན་ཕ་མའི་བཀའ་ཁྲིམས་འོག་ནས།། བརྩེ་བའི་གྲོགས་དང་བྲལ་དགོས་བྱུང་ཚེ།། གྱེས་བྲལ་སྡུག་གི་ཁུར་ཆེན་བརྩེགས་ནས།། མི་འགྲོ་འདུག་སའི་གནས་ཞིག་མི་འདུག།

སྐྱེ་བ་སྔོན་མའི་ལས་འཕྲོ་མེད་པར།། མི་འདོད་ལས་ཀྱི་རྗེས་སུ་འབྲང་དུས།། འགྱུར་མེད་གྲོགས་ལ་དུང་བའི་སེམས་པ།། ཚེ་གཅིག་སྐྱོ་བའི་སྣོན་མར་གྱུར་སོང་།།

འགྱུར་མེད་དུང་བའི་བརྩེ་སེམས་མེད་ན།། བཙན་པོའི་མུན་ནག་གདོང་གཏུགས་བྱས་ཀྱང་།། ཚེ་གཅིག་ཡུན་ལ་བདེ་སྐྱིད་འཚོ་བ།། སྐད་ཅིག་ཙམ་ཞིག་རོལ་ཐབས་མི་འདུག།

གཅིག་སེམས་གཅིག་ལ་དུང་བའི་སེམས་པ།། མི་འགྱུར་གཡུང་དྲུང་བཞིན་དུ་བརྟན་ན།། ཡུན་ཐུང་མི་ཚེ་གཅིག་གི་ཡུན་ལ།། འཚོ་བ་དགའ་སྐྱིད་ཁོ་ནས་སྐྱེལ་འགྲོ།།

མཛའ་མཐུན་གྲོགས་ལ་དུང་བའི་སེམས་པ།། གཉེན་ལ་དུང་བའི་དོ་ཟླ་མ་ཡིན།། ཁྲེལ་མེད་བཙན་གྱི་བཀག་འགོག་བྱེད་པ།། འཇིག་རྟེན་ལུགས་དང་མཐུན་ཐབས་མི་འདུག།

     ༢༠༠༨  ༣   ༢༡ ཉིན་ཐོང་ཐོས་ཀྱི་རྐྱེན་ཞིག་གིས་ཕ་ཡུལ་ནས།










དུམ་བུ་བཞི་པ།  མཐོང་ཐོས།

















བརྩེ་ཞིང་དུང་བའི་ཕ་ཡུལ་།


ཤེལ་གྱི་མཆོད་རྟེན་བརྩེགས་པའི་དཔལ་འཛིན་ཀ་རྒྱལ་གངས་ཀྱི་ རི་བོ་གཅིག། གཡུ་ཡི་ཀ་བ་མཁའ་རུ་བསླང་འདྲའི་གནམ་རྒྱལ་གསང་བ་ལྷ་རྩེ་ གཉིས།། ཆེས་མཐོ་ཉི་ཟླའི་འགྲམ་ན་རྩེན་པའི་ལྗིགས་རྒྱལ་གྭ་པ་དངུལ་་་་་མདོག་གསུམ།། ཀ་གནམ་ལྗིགས་ཀྱི་མཆེད་གསུམ་རི་བོ་ས་འཛིན་སྟོང་གི་དབུས་ན་ བརྗིད།།

གཡུ་འབྲུག་སྔོན་མོའི་འཁྱུག་རྩལ་ངོམས་འདྲའི་ཀ་ཆུ་དལ་འགྲོ་རིང་ མོ་གཅིག། ཡིད་འཕྲོག་ཨིན་དྲ་ནི་ལའི་མདངས་འཛིན་གནམ་ཆུ་བཅུད་འཛིན་ སྔོན་མོ་གཉིས།། བི་ཤྭ་ཀརྨའི་པིར་རྩེའི་འཁྱུགས་ལྟའི་ལྗིགས་ཆུ་སྙན་པའི་སྒྲ་འབྱིན་ གསུམ།། རྟ་བདུན་འོད་སྟོང་རྒྱན་དུ་ལེན་བཞིན་ནོར་འཛིན་སྤང་ནས་ལྷུང་ ལྷུང་འབབས།།

སྨུག་སྤྲིན་དར་གྱི་ལ་ཐོད་བཅིང་བའི་གངས་རིའི་དུང་ཕྲེང་ཚར་་་ དུ་ དངར།། ཐང་དཀར་རྒོད་པོའི་གཤོག་རྩལ་འཁུམ་པའི་ཀན་གཟར་བྲག་རི་ རྔམས་ཞིང་བརྗིད།། འབྲོང་གཡག་དར་མའི་རུ་ཐུར་ངོམས་པའི་རྫ་སྤང་འདྲེས་མའི་ས་ འཛིན་མཐོ།། སྣ་ཚོགས་ཤིང་སྣ་དུ་མས་སྤུད་པའི་ཚང་ཚིང་ནགས་ཀྱི་ཕ་མཐའ་ བྲལ།།

ཡངས་པའི་སྔོ་ལྗང་སྤང་གི་ཁུད་ནས་ཤ་རྣ་རྒོ་བས་རྩེ་བྲོ་ འཁྲབ།། གཡུ་ཤུགས་ཡལ་གའི་ལྕུག་ཕྲན་རྩེ་ནས་སྤུ་སྡུག་བྱ་བྱེའུ་སྐད་སྙན་ འབྱིན།། སྣ་བརྒྱའི་མེ་ཏོག་དཀར་དམར་ཁྲོད་ནས་རྟ་ནོར་ལུག་གསུམ་འབའ་ངུར་འཚེར།། འཇིགས་རུང་ནགས་ཚལ་སྟུག་པོའི་གསེང་ནས་གཅན་གཟན་དུ་མས་ ངར་སྐད་སྒྲོགས།།

མཐོ་སྒང་ཡང་པའི་སྐྱེད་ཚལ་ཁྲོད་ན་མཐིང་སྨུག་གཡུ་སྦྲ་འབུམ་གྱིས་གང༌།། ཀླུང་ཀུན་རྐང་འགྲོས་འབྱོར་པས་ཁེངས་པ་མིག་སྐྱའི་མཛོད་ལ་རབ་ ཏུ་འཁུམ།། སྐྱིད་པའི་ཞིང་ས་གཤིན་པོའི་ཕང་བར་བཀོད་ལེགས་གཞིས་ཀ་དུ་ མས་གང༌།། ཕུན་ཚོགས་སྡེ་བཞི་དཔལ་གྱི་འབྱོར་པས་ཡངས་པའི་ས་ཆེན་འབུམ་ དུ་བརྡལ།།

དཔྱིད་ཀྱི་དཔལ་ཡོན་གསར་དུ་འཆར་དུས་གཞན་གསོའི་བུ་མོའི་དྲུག་འགྱུར་སྙན།། དབྱར་གྱི་པད་མོའི་འཛུམ་བརྒྱ་གྲོལ་སྐབས་དབྱར་རྔས་ལྡིར་ལྡིར་ སྙན་པ་སྒྲོགས།། སྟོན་གྱི་འབྲས་བཟང་གཡུལ་དུ་ལྡེམ་དུས་སྐྱེ་དགུའི་གདོང་ན་འཛུམ་རླབས་མངོན།། དགུན་གྱི་ཁ་བའི་མེ་ཏོག་འཐོར་སྐབས་དུས་རབས་གསར་པའི་་་་་་ དགའ་སྟོན་བསུ།།

ཤར་ཕྱོགས་བཟང་དྲུག་སྨན་གྱི་ས་འཛིན་གནམ་འདེགས་ཀ་བ་ བཞིན་དུ་བསླངས།། ལྷོ་ཕྱོགས་ཡན་ལག་བརྒྱད་ལྡན་ཆུ་བོ་འཁྱུགས་པའི་འགྲོས་ཀྱིས་གྱ་ གྱུར་འབབས།། ནུབ་ཕྱོགས་འཇིགས་རུང་ནགས་ཚལ་སྟུག་པོ་མེ་ལྕེ་མཁའ་རུ་འཕྱོ་ དང་མཚུངས།། བྱང་ཕྱོགས་བ་གམ་བརྩེགས་པའི་བྲག་རི་རླུང་གི་རྡོ་རྗེ་རྒྱ་གྲམ་ བཞིན།།

རྨེ་རྒྱལ་རྟ་རྣ་གནས་ཀྱི་གཙོ་ཞེས་གྲགས་པའི་མུ་ཁྱུད་རྒྱང་ནས་འཁྱུད།། དཀར་མཛེས་དུང་གི་རི་བོའི་རང་མདངས་རྩྭ་ཐང་ཡངས་པའི་རྒྱན་དུ་འབར།། གནས་སྐྱོང་འཕན་པོའི་རི་བོའི་འགུལ་ནས་འཇིགས་མེད་དཔའ་་་་ བོའི་གད་རྒྱང་སྒྲོགས།། མཛེས་སྡུག་ངོ་མཚར་དཔལ་གྱི་ཕྱུག་པའི་རང་བྱུང་གནས་ཀྱི་ལྷུན་ པོས་རྒྱན།།

དགོངས་གི་སྤྲིན་གསེབ་ཉི་ཟླ་ཟུང་གི་ཞི་བསིལ་ཕན་བདེའི་འོད་སྣང་ སྤྲོ།། དབྱིག་འཛིན་མ་ལུས་རྩི་བཅུད་རྒྱས་པའི་སྣ་ཚོགས་རྩི་ཤིང་འབུམ་ གྱིས་གང༌།། དངས་གཙང་ཕུ་ཆུ་སྔོན་མོའི་རྒྱུན་བཟང་དབང་ཕྱོགས་ལྷུན་པོའི་ འདབས་ནས་བཞུར།། ཕྱོཊ་དང་མཚམས་ཀྱི་ཁོར་ཡུག་མ་ལུས་གཏུམ་དྲག་རི་བོའི་ཡོངས་ སུ་བསྐོར།།

མ་སྐྲུན་རང་བྱུང་ཁམས་ཀྱི་མཛེས་ལྗོངས་རི་བྲག་སྤང་གི་ཕང་བ་ རུ།། མ་བཀོད་གཞི་ནས་གཤིས་སུ་གྲུབ་པ་མ་སྙོགས་ཆུ་དང་སྐྱེད་མོས་ ཚལ།། མ་ལུས་ཡིད་ཅན་ཀུན་གྱི་གསོས་སུ་མ་བཅོས་གདོད་ནས་མ་གྲུབ་ པར།། མ་མ་ནོར་འཛིན་བགྲེས་མོ་ཁྱོད་ཀྱིས་མ་སྐུལ་བསྐྲུན་པ་ཡིན་ནམ་ སྙམ།།

                         ༢༠༠༩/༩/༡༡











རླབས་ཕྲེང་དགུང་དུ་བརྩེགས་པའི་ཀ་ཆུ།


ལྦུ་བའི་རླབས་ཕྲེང་ཟེག་མ་མཁའ་རུ་འཕྱོ་བཞིན།། ལྷུང་ལྷུང་སྙན་པའི་རོལ་དབྱངས་རྣ་བར་འཇེབས་པའི།། ཤེལ་དཀར་ཞུན་མའི་མདངས་འཛིན་ཀ་ཆུ་ཁྱོད་ཉིད།། ངལ་མེད་ཐག་རིང་ཡུལ་ཁམས་གང་དུ་བཞུད་འགྲོ།

ཆུང་ཆུང་ཨ་མའི་སྤང་དུ་སྐྱེས་ནས་བཟུང་སྟེ།། ད་བར་ཁྱོད་ཀྱི་ཉིང་བཅུད་ཁོ་ན་བཏུང་བས།། ལང་ཚོའི་སྙོམས་ལག་རྒྱས་པ་ཁྱོད་ཀྱི་དྲིན་ཡིན།། ང་ཡི་བརྩེ་བ་ཟབ་མོ་ཁྱོད་ལ་ཆགས་ཡོད།།

ཁྱོད་ཀྱི་བཞུར་རྒྱུན་རིང་མོ་ང་ཡི་ཕུགས་འདུན།། ང་ཡི་ལང་ཚོའི་མཛེས་པ་ཁྱོད་ཀྱི་རླབས་ཕྲེང༌།། ཁྱོད་ཀྱི་ཟེག་མ་རེ་རེ་ང་ཡི་མིག་ཆུ།། ང་ཡི་བྲིས་པའི་སྙན་ངག་ཁྱོད་ཀྱི་རོལ་དབྱངས།།


ཁྱོད་ཀྱི་བཞུར་རྒྱུན་རིང་མོ་ཆད་པ་མེད་ན།། ང་ཡི་ཕུགས་འདུན་རིང་མི་དེ་ཡི་ཟླ་ཡིན།། ཁྱོད་ཀྱི་དངས་གཙང་ཆུ་ལ་སྙོགས་པ་མེད་ན།། ང་ཡི་ལྷག་བསམ་གཙང་མ་དེ་དང་གཅིག་ཡིན།།

ལྷུང་ལྷུང་རྒྱང་དུ་བཞུར་བའི་རོལ་དབྱངས་རེ་རེ།། རང་རིགས་མདུན་དུ་སྐྱོད་པའི་བསྐུལ་མ་རེ་རེ།། ཆིལ་ཆིལ་རླབས་ཀྱི་ཕྲེང་བ་རེ་རེ་ལ་ཡང༌།། གངས་དཀར་ཨ་མའི་གཏམ་རྒྱུད་རེ་རེ་འཁྱིལ་ཡོད།། ཕྱི་ལོ་ ༢༠༠༦ ༦ ༢༠ཉིན་ཀ་ཆུའི་ཉེ་འགྲམས་ནས།






ཕུན་ཚོགས་དབྱར་གྱི་བཀོད་པ་སྒྲ་རྒྱན་གྱི་ལམ་ནས་ དྲངས་པ་ངག་རིག་བདུད་རྩིའི་མཆོད་ཡོན།


དཀར་མཛེས་གངས་ཀྱི་ལྷུན་པོ་དགུང་དུ་སྙེགས།། དཀར་འཇམ་སྤྲིན་དང་སྨུག་པའི་འགུལ་རྒྱན་དང་།། དཀར་གསལ་འཇའ་ཚོན་འོད་ཀྱི་གོས་གྱོན་པའི།། དཀར་མཛེས་གངས་ཀྱི་རྡུལ་བརྩེགས་ཕྲེང་དུ་བསྟར།།

སྤང་རི་རྫ་བྲག་འདྲེས་མའི་དབུ་རྩེ་ཅན།། སྤང་ལྗོངས་གཡུ་ཤུགས་སྔོན་མོའི་རྒྱན་ཆ་ཅན།། སྤང་ཐང་ཆུ་སྐྱེས་འཛུམ་པའི་གླིང་ག་ཅན།། སྤང་གཞུང་གཙང་ཆབ་སྔོན་མོའི་མཐའ་རྒྱན་ཅན།།

རི་རྒྱལ་ལྷུན་པོ་རྒྱལ་པོའི་ཚུལ་དུ་བཞུགས།། རི་ཕྲན་འགའ་རེ་བློན་པོའི་ཟོལ་དུ་སྣང་།། རི་ཆུང་མང་པོ་འཁོར་གྱི་ཚུལ་དུ་སྐོར།། རི་བོའི་བཀོད་པ་ངོ་མཚར་ལྟ་ནས་སྡུག།

མཛེས་མཛེས་སྔོ་ལྗང་སྤང་གི་ཕང་བ་རུ།། མང་མང་རིན་ཆེན་ཁུར་གྱིས་རབ་ལྕི་ཞིང་།། ངལ་ངལ་དཀའ་བས་དངུལ་ཆུའི་རང་མདངས་གྱིས།། ཡང་ཡང་བརླན་པའི་འོད་ཀྱིས་རྣམ་པར་འཁྱུད།།

ཆུ་བོ་ཆེན་པོ་དལ་གྱིས་ཕྱོགས་སུ་འབབས།། ཆུ་ཕྲན་ཐམས་ཅད་ལྷུང་ལྷུང་རྒྱང་དུ་བཞུར།། ཆུ་ཆུང་མང་པོས་སྙན་པའི་རོལ་དབྱངས་དཀྲོལ།། ཆུ་བོ་ཀུན་ཀྱང་སྣ་ཚོགས་མཚོན་གྱིས་མཛེས།།

གཡུ་ཡི་གོས་ཅན་སྒྲིབ་པའི་ཆུ་འཛིན་ཁྲོད།། གཡུ་འབྲུག་སྔོན་མོའི་ངར་སྐད་སྒྲོག་དང་ལྷན།། གཡུ་མདོག་འཛིན་མའི་སྟེང་ལ་སྦྲང་ཆར་འཇོ།། གཡུ་ཤུགས་ཚལ་ནས་མདོང་མཐའི་ཟློས་གར་བསྒྱུར།།

མང་མང་དཀར་དམར་མེ་ཏོག་སྣ་ཚོགས་ཀྱིས།། མཚར་མཚར་རྣམ་པར་སྤུད་པའི་དཀྱིལ་དབུས་སུ།། ལིང་ལིང་ཕན་ཚུན་རྒྱུ་བའི་སྦྲ་མ་རས།། ཟིལ་ཟིལ་སྙན་པའི་རོལ་དབྱངས་བར་མེད་སྒྲོག།

མ་ལུས་རི་དང་ཀླུང་ཀུན་དོག་པོར་དུ།། མ་ཚང་མེད་པར་སྤུད་པའི་ཕྱུགས་རིག་ཀུན།། མ་མ་ནོར་འཛིན་བགྲེས་མོས་ཕང་བ་ནས།། མ་བྱས་ཀུན་ཀྱང་དགའ་སྐྱིད་སྤྲོ་བས་སྨྱོས།།

ནོར་འཛིན་འཛིན་མའི་ངོས་སུ་ཚོམ་བུར་དུ།། གསར་སྐྱེས་སྐྱེད་ཚལ་ཡངས་པའི་རང་མདངས་ཀྱིས།། རྣམ་དག་དག་པའི་ཞིང་གི་མཛེས་ལྗོངས་ཀྱི།། འགྲན་ཟླ་ཟླ་བོར་གྱུར་པ་ཡིན་ནམ་སྙམ།།

ལྷུང་ལྷུང་རིང་དུ་འབབས་པའི་དལ་འགྲོའི་རྒྱུན།། མཚེ་མཚེར་འོད་ཀྱི་མཛུམ་མདངས་འཁྱུད་དང་ལྷན།། ཆིལ་ཆིལ་རླབས་ཀྱི་ཟེག་མ་རེ་རེ་ཡང་།། ཡང་ཡང་མཁའ་རུ་འཕྱོ་བའི་མཛེས་པ་ངོམས།།

མང་མང་ཚང་ཚིང་འཁྲིགས་པའི་ནགས་ཀློང་ནས།། མཛེས་མཛེས་གཤོག་ཟུང་ལྡེམས་པའི་ཀུ་ཧུ་འདོན།། སྙན་སྙན་གསུང་སྐད་སྒྲོགས་པའི་དབྱངས་རྟ་ནི།། ལྷུང་ལྷུང་རྫ་ཆབ་བཞུར་བའི་སྙན་པར་འགྲན།།

རབ་དཀར་ཁ་བའི་མེ་ཏོག་བཞད་པ་ཡི།། རབ་མཛེས་ཁ་བའི་རྡུལ་རྩེགས་དགུང་དུ་སྙེགས།། རབ་སྙན་ཕུ་ཆུའི་རླབས་སྒྲ་བར་མེད་སྒྲོག། རབ་བཟང་དབྱར་གྱི་ཕུན་ཚོགས་ལྷ་ཡུལ་དངོས།།

མཛེས་པའི་ལང་ཚོ་རྫོགས་པའི་སྟག་ཤར་ཀུན།། ཀུན་ཏུ་དགའ་བའི་བྲོ་གར་མིག་ལ་མཛའ།། མཛའ་བརྩེའི་མེ་ཏོག་བཞད་པའི་ན་ཆུང་མ།། མ་ལུས་ཡིད་དབང་འགུགས་པའི་གཤེད་དུ་གྱུར།།

ལྷོ་རླུང་འཇམ་པོས་རེག་པའི་བདེ་བ་དང་།། ལྷོ་རུ་བསྐྱོད་པའི་མེ་ཏོག་བསུང་ཞིམ་གྱིས།། ལྷོ་གླིང་འདི་ནས་སྐྱེ་བོ་ཀུན་གྱི་ཡིད།། དབང་མེད་འཁྱེར་བའི་ངང་ཚུལ་ཨ་ཧོ་རྨད།།

རྨ་བྱའི་སྤུ་སྡུག་ལ་འགྲན་འཇམ་གཉེན་རྩྭ།། གཡུ་དཀར་མེ་ལོང་ལ་འགྲན་མཚེའུའི་ཆུ།། དྲི་ཟའི་རོལ་དབྱངས་ལ་འགྲན་ཕུ་ཆུའི་དབྱངས།། དབྱར་གྱི་རི་ཆུའི་བཀོད་པ་ཤིན་ཏུ་མཚར།།

ཨེ་མ་གནས་འདིའི་རི་ཆུའི་བཀོད་པ་རེ།། ཨ་ཧོ་ལྷ་ཡི་ཡུལ་གྱི་མཛེས་སྡུག་ཀུན།། ཨ་ལ་བསིལ་ལྡན་ཞིང་འདིར་བསོད་ནམས་ཀྱིས།། ཨ་མཚར་བསྐྲུན་པའི་ངང་ཚུལ་འདི་ན་རིག།

                    ༢༠༠༩/༧/༡༢









རེ་བཅོལ་སུ་ལ་བྱེད།


དབྱར་སྔོ་ལྗང་སྤང་གི་གླིང་ཁ་ན།། དགོ་སྨུག་ཆུང་གཟན་ལ་རོལ་བའི་ཚེ།། སྡིག་རྔོན་པའི་དུག་མདའ་ཕོག་པའི་དུས།། སྐྱབས་རེ་བའི་མགོན་པོ་གང་ནས་འཚོལ།།

ནགས་རྒྱ་རྫོང་ཡག་གི་དོ་ར་ན།། བྱེའུ་འཇོལ་མོ་བག་ཡང་འཚོ་བའི་ཚེ།། ཁྲ་དར་མའི་མཆུ་སྡེར་བགྲད་པའི་དུས།། སྲོག་སྐྱོབས་པའི་སྨྲེ་སྔགས་སུ་ལ་འདོན།།

ཆུ་དྭངས་གཙང་སྐྱིད་ཆུའི་གཏིང་རུམ་ན།། ཉ་གསེར་མིག་རང་དབང་འཁྱུགས་པའི་ཚེ།། གདོན་གདོལ་པའི་ལྕགས་ཀྱུས་བཟུང་བའི་དུས།། ད་རེ་བའི་སྲོག་སྐྱོབས་སུ་ལ་འབོད།།


སྐྱིད་གཡང་ཁྱིམ་གྲུ་བཞིའི་ནང་རོལ་ན།། འབྲི་སྔོན་མོ་ན་ཡིས་བཞག་པའི་ཚེ།། ཁྱོད་བདག་པོའི་གཤས་ལ་འདེད་པའི་དུས།། སེམས་སྐྱོ་བའི་མིག་ཆུ་སུ་ལ་འདོན།།

ཡུལ་སྐྱིད་པོ་གངས་ཅན་བོད་ཡུལ་ན།། བུ་ང་རང་ཞི་བདེའི་འཚོ་བའི་ཚེ།། དགྲ་ཤར་ལོའི་བཙན་གནོན་བྱེད་པའི་དུས།། མགོན་སྐྱོབས་པའི་རེ་བཅོལ་སུ་ལ་བྱེད།།









ཉིན་ཞིག་ན་ཚོད་བརྒྱད་བཅུ་ལ།། སོན་པའི་རྒན་པོ་དེའི་དྲུང་དུ།། བྱིས་པ་བློ་རིག་ཅན་པོ་ཞིག། ཡོངས་ནས་མ་རབས་སྣ་ཚོགས་བྱས།། དེ་ཚེ་རྒན་པོས་བྱིས་པ་འདིར།། ཉམ་མྱོང་བསླབ་བྱ་འགའ་བཤད་ནས།། མ་རབས་ཡ་རབས་ལེགས་ལམ་ལ།། སྒྱུར་བར་བྱ་སྙམ་འདི་སྐད་དོ།། ”ཀ་ཡེ་ཉོན་དང་བྱིས་པ་ལགས།། ཁ་ལག་མ་རབས་མ་བྱེད་པར།། ག་ལེར་ཡ་རབས་ལ་བརྩོན་ནས།། ང་ཡི་ཉམས་མྱོང་བསླབ་བྱར་ཉོན།།” ཅེས་སྨྲས་རྒན་པོས་བརྩེ་སེམས་ཀྱིས།། བསླབ་བྱ་འདོམས་པར་རྩོམ་པའི་ཚེ།། བྱིས་པ་བློ་རིག་ཅན་པོ་དེས།། དེ་ལ་ཟུར་བྱའི་ཚིག་འདི་སྨྲས།། ”ང་རྒྱལ་ཆེ་བའི་རྒན་པོ་ཁྱོད།། ག་ལེར་མ་ཎི་མི་འདོན་པར།། ཁ་མཁས་མུ་ཅོལ་སྣ་ཚོགས་དེ།། ཀ་ཡེ་ང་ལ་མ་བཤད་ཅིག།” ཅེས་སྨྲས་བསམ་བཞིན་བྱིས་པ་ཡིས།། རྒན་པོར་མ་རབས་སྣ་ཚོགས་བྱས། རྒན་པོས་ཅི་བྱ་གཏོལ་མེད་ངང་།། སླར་ཡང་བསླབ་བྱ་འདི་ལྟར་བཤད།། ”ཅ་ཅོའི་ཚིག་རྩུབ་ངག་འཆལ་གྱིས།། ཆ་མེད་རྒན་པོར་མ་སྡང་བར།། ཇ་ལོའི་མདང་བཞིན་མེས་པོའི་སྲོལ།། ཉ་ཉོག་སྤོངས་ལ་སློབ་སྦྱོང་གྱིས།།” དེ་སྐད་རྒན་པོས་ངག་འཇམ་གྱིས།། ཕན་སེམས་དང་བཅས་སྨྲས་པའི་ཚེ།། བྱིས་པས་ཇི་མི་སྙམ་བཞིན་དུ།། ཅོ་འདྲིའི་ཚིག་ལན་འདི་ལྟར་བཏབ།། ”ཉ་ཉོལ་ལེ་ལོ་སྒྱིད་ལུགས་ཀྱིས།། ཇ་ཆང་འཐུང་བས་ཚིམས་པ་དང་།། ཆ་ལུགས་ལེགས་བཅོས་མི་ཤེས་པ།། ཅ་དག་མེས་པོའི་སྲོལ་ལགས་སམ།།” རྒན་པོའི་ཕྲག་འགོར་ཐལ་ཅག་བཅས།། བྱིས་པས་དེ་སྐད་སྨྲས་པའི་ཚེ།། རྒན་པོའི་རང་མཚང་ལ་ཕོག་ནས།། བྱིས་པར་སྡིགས་པའི་སྐད་ཀྱིས་བཤད།། ”ཏཱ་མིང་ཁྲིམས་སྲོལ་ལྟ་བུ་ཡིས།། ཐ་ཤལ་ཁྱོད་འདྲ་མ་བཏུལ་ན།། ད་ལྟའི་དུས་ཀྱི་གཞོན་རབས་རྣམས།། ན་ནིང་ད་ལོ་ཇེ་སྨྱོ་རེད།།” ཅེས་སྨྲས་རྒན་པོས་གཡུག་ཏོ་དེ།། གནམ་ལ་ཕྱར་ནས་སྡིགས་བྱས་ཀྱང་།། བྱིས་པ་སྐྲག་སྣང་ཙམ་མེད་པར།། རྒན་པོའི་ཚིག་ལ་ཚིག་ལེན་བཏབ།། ”ན་ཆུང་གཞོན་རབས་ང་ཚོ་དང་།། ད་ལྟའི་དུས་ཀྱི་རྒན་རབས་གཉིས།། ཐ་དད་བསམ་སྤྱོད་ཡིན་པ་ལས།། ཏ་རིན་ཁྱོད་དང་འདྲ་ལེ་མིན།།” མི་རྒན་མདུན་ནས་ཡར་མར་དུ།། འགྱིང་འགྲོས་བྱེད་བཞིན་དེ་སྐད་སྨྲས།། རྒན་པོའི་མ་རབས་བྱིས་པ་འདིར།། བསམ་ཤེས་འཇུག་སྙམ་སླར་ཡང་སྨྲས།། ”པ་ཊའི་ཀ་ཁ་མི་ཤེས་ཀྱང་།། ཕ་མེས་བསླབ་བྱ་མི་ལེན་པར།། བ་ལང་ལྟ་བུའི་གསར་བུ་ཁྱོད།། མ་སྐྱེས་ཨ་མའི་ཞབས་འདྲེན་རེད།།” དེ་སྐད་བརྗོད་བཞིན་རྒན་པོ་ཡིས།། ག་ལེར་བྱིས་པའི་འགྲམ་གཅར་ནས།། བེར་ཀ་མགོ་རུ་བཞུས་པའི་ཚེ།། བྱིས་པ་བྲོས་བཞིན་འདི་སྐད་དོ།། ”མ་སྐྱེས་ཨ་མའི་བུ་ཆུང་ང་།། བ་ལང་ལྟ་བུའི་ཐ་ཤལ་མིན།། ཕ་དང་མེས་པོའི་བརྒྱུད་འཛིན་དང་།། པ་ཊའི་ཀ་ཁ་ཤེས་མཁན་ཡིན།།” ཅེས་སྨྲས་བྱིས་པ་རྒན་པོའི་མདུན།། སླར་ཡང་འགྱིང་འགྲོས་བྱེད་བཞིན་སྡད།། རྒན་པོའི་ཅི་བྱ་གཏོལ་མེད་ངང་།། ཕངས་པའི་ཉམས་ཀྱིས་འདི་སྐད་སྨྲས།། ”ཙག་རྩིག་བྱིས་པ་མང་ན་ཡང་།། ཚ་བོ་ཁྱོད་འདྲ་ངས་མ་མཐོང་།། ཛ་དྲག་བརྩོད་གླེང་མི་བྱེད་པར།། ཝ་ལེར་ད་ནི་ཡུལ་དུ་སོང་།།” ཅེས་སྨྲས་ཡར་ལ་ལངས་གྲབ་ཀྱིས།། རང་ཁྱིམ་ལོག་པའི་སྟ་གོན་བྱས།། བྱིས་པ་མྱུར་དུ་རྒན་པོའི་དྲུང་།། ཡོང་ནས་རྩོད་པའི་ཚིག་འདི་བརྗོད།། ”ཝ་ལེར་ཁྱོད་གམ་འདུག་དགོས་མེད།། ཛ་དྲག་འཁྱམ་པོའི་བུ་ཆུང་ངས།། ཚ་གྲང་ཆེ་བའི་རང་རིགས་ལ།། ཙག་ཙིག་སྲི་ཞུ་སྒྲུབ་ཏུ་འགྲོ།” དེ་སྐད་སྨྲས་རྗེས་བྱིས་པ་དེས།། སླར་ཡང་རྒན་པོའི་མདུན་བཀག་ནས།། ཚིག་ལན་ཞིག་ལ་རེ་སྒུག་བྱས།། རྒན་པོའི་མ་བཟོད་འདི་སྐད་དོ།། ”ཞ་བོར་གྱུར་པའི་རྒན་པོ་ལ།། ཟ་བྱེད་ངན་པས་མ་རབས་ཀྱིས།། འ་འུལ་ཐུབ་ཚོད་མ་བྱེད་པར།། ཡ་རབས་གཞོན་ནུའི་སྤྱོད་པ་མཛོད།།” རྒན་པོའི་ད་དུང་འཇམ་པའི་ཚིག ། སྨྲས་ཏེ་འགྲོ་བའི་གྲབ་བྱེད་ཚེ།། བྱིས་པས་ཚིག་ལན་འདི་ལྟ་བུ།། མདུན་ནས་ཕྱིར་ནུར་བྱེད་བཞིན་སྨྲས།། ”ཞ་ལོང་རྒན་པོ་སྨྱོན་པ་ཁྱོད།། ཟ་ངན་རྙིང་ཞེན་ཨུ་ཚུགས་ཀྱིས།། འ་ཅག་མདུན་ལམ་མ་སྒྲིབ་དང་།། ཡ་རབས་བུ་ངས་ངན་མི་བྱེད།།” དེ་སྐད་བྱིས་པས་སླར་སྨྲས་ཚེ།། རྒན་པོས་བྱིས་པ་ཆོ་ལད་འདི།། འཇམ་རྩུབ་གང་གིས་ཐབས་བཀོལ་ཡང་།། བཅོས་ཐབས་མི་འདུག་སྙམ་ནས་སྨྲས།། ”ར་བ་གངས་རིའི་ཡུལ་ལྗོངས་ཀྱི།། ལ་ལུང་གང་དུ་སོང་ན་ཡང་།། ཤ་ཚའི་ཞེན་མེད་ཁྱོད་འདྲ་ཞིག། ས་སྟེང་འདི་ན་ཡོད་མི་སྲིད།།” ཅེས་སོགས་རྒན་པོས་ཚིག་མཚོན་གྱིས།། བྱིས་པར་ཟོན་མེད་སྨྲས་པ་ལ།། ན་ཆུང་བློ་རིག་ཅན་པོ་དེས།། སླར་ཡང་རྒན་པོར་ཚིག་ལན་བཏབ།། ”ར་བ་གངས་རིའི་ཡུལ་ལྗོངས་འདིར།། ལ་རྒྱའི་བློ་རིག་གྱིས་ཕྱུག་ཤིང་།། ཤ་ཞེན་ལྷག་བསམ་དཀར་པོ་ཅན།། ས་སྟེང་འདི་ན་ང་ལས་མེད།།” དེ་སྐད་སྨྲས་རྗེས་རྒན་པོ་ལ།། མདུན་དུ་འགྲོ་བའི་ལམ་ཕྱེས་པས།། རྒན་པོས་བསྐྱར་དུ་ཚིག་འདི་དག། ཕྱིར་ལ་འཁོར་ནས་བཤད་པའོ།། ”ཧ་ཧ་ལོ་ཆུང་བྱིས་པ་ཁྱོད།། ཨ་ཕའི་བུ་ཞིག་ཡིན་པ་དང་།། ཧ་ཅང་རིགས་ཞེན་ལྷག་བསམ་ཞིག། ཨ་བུར་ཡོད་ན་རྒན་བུར་བྱམས།།” ཅེས་སྨྲས་རྒན་པོས་བྱིས་པ་ལ།། མིག་ཟུང་གཅེར་ནས་ཚིག་ལེན་སྒུག། བྱིས་པས་བསམ་གཞིག་ཅུང་བྱས་རྗེས།། འདི་ལྟར་ཚིག་ལན་དྲངས་པོས་བཏབ།། ”ཧ་ཧ་རྒན་པོ་ཉམས་མྱོང་ཅན།། ཨ་མཚར་མིན་པའི་དོན་གྱི་གཏམ།། ཧ་ལོའི་དྲི་མས་མ་གོས་པའི།། ཨ་ཁུ་རྒན་པོའི་སྐད་ཆ་རེད།།” བྱིས་པས་དེ་སྐད་སྨྲས་པ་དང་།། རྒན་བྱིས་བར་གྱི་བརྩོད་གླེང་དེ།། འཇུག་རྫོགས་དེ་ནས་རྒན་བྱིས་གཉིས།། མཐུན་པ་སྤུན་གྱི་ངང་ཚུལ་གྱུར།། སྐྱིད་སྡུག་མདུན་མ་ལྷན་དུ་བསྲེས།། གསར་རྙིང་རྩོད་པའི་འགལ་འདུ་ཞི།། རྒན་བྱིས་བསམ་པ་གཅིག་ཏུ་མཐུན།། མདུན་བསྐྱོད་ལམ་བུ་མཉམ་དུ་སྦྲེལ།། ༢༠༡༠/༣/ ༢༨





མི་ཚེའི་ཤུལ་ལམ་འགྲིམས་པའི་ལྟད་མོ།

དགེ་སྡིག་ཡོད་ཚད་རང་གིས་སྒྲུབ་པའི་སྔར་བསགས་ལས་ཀྱི་རྣམ་སྨིན་ལ།། བདེ་སྡུག་ལུས་སེམས་གཉིས་ཀྱིས་མྱོང་བའི་འཇིག་རྟེན་འཁོར་བའི་གྲོང་ཁྱེར་དུ།། བཟང་ངན་ཐམས་ཅད་བློ་ཡིས་འབྱེད་པའི་ཁམས་གསུམ་འགྲོ་བ་མ་ལུས་རྣམས།། རེ་དོགས་ཟུག་ངུའི་འཕྲང་ཆེན་འདི་ནས་སྐྱིད་སྡུག་མངར་སྐྱུར་འདྲེས་མ་མྱོང་།། ༢ ཟོ་ཁྱུན་ལྟ་བུའི་རབ་ཏུ་འཁོར་བའི་སྲིད་པ་སྒྱུ་མའི་རྟེན་འབྲེལ་ལས།། མདངས་སུམ་གཉིད་ལས་སད་པ་བཞིན་དུ་ཡ་ང་འཁོར་བའི་གྲོང་ཁྱེར་དུ།། མ་དག་སྒྱུ་མའི་མངལ་རྒྱ་གྲོལ་ཏེ་ད་ལྟ་སླར་ཡང་སྐྱེས་ནས་སུ།། མི་ཚེའི་སུམ་ཆ་གཅིག་ཙམ་ཚར་ཡང་འབྲས་བུ་འདི་ཞེས་ངས་མ་ལོན།། ༣ མི་ཡི་མི་ཚེ་གཅིག་གི་ཡུན་ལ་འབྱོར་བའི་དུས་དང་རྒུད་དུས་སོགས།། སྐྱིད་དུས་སྡུག་དུས་སྤེལ་མར་མྱོང་བའི་འཁོར་བའི་གྲོང་གི་མགྲོན་པོ་ང་།། མཛའ་གཅུགས་ཡིད་ལ་བཅག་པའི་གྲོགས་དང་ཅུང་ཟད་སྡང་བའི་དགྲ་བོ་སོགས།། ཡོད་ཚད་སྒྱུ་མའི་རྒྱལ་ཁམས་འདི་ནས་ལན་གཅིག་འཛོམ་པའི་ཤག་པོ་ཡིན།། ༤ ཐོབ་དཀའི་རྟེན་བཟང་ལན་གཅིག་རྙེད་པའི་མི་ཡུལ་འདི་ནས་མི་ཡི་བུ།། ཡ་ཀི་དཔོན་དང་མ་གི་སྤྲང་སོགས་མཐོ་དམན་སྐྱེ་བོ་སུ་དང་གང་།། རང་གི་འདུན་མ་རང་གིས་སྒྲུབ་ལ་སྐྱོ་བའི་ཨ་ཐང་ཆད་ན་ཡང་།། སྒལ་ཚིགས་ཅན་གྱི་མི་བུ་ངོ་མ་རེ་གཉིས་ཙམ་ལས་ངས་མ་མཐོང་།། ༥ ཡ་ཀི་སྲིད་རྩེའི་ལྷ་ཆེན་ཚངས་པ་ཁྲི་ལ་འགྱིང་བའི་མན་ཆད་ནས།། མ་གི་ཐང་ལ་ངལ་བས་རྒྱུ་བའི་མིག་མེད་གྲོག་མ་ཡན་ཆད་དུ།། བདེ་སྐྱིད་འཚོ་བས་ཡུན་དུ་འཚོ་བའི་འདུན་པ་གཅིག་ལས་གཅིག་ལྷག་ཀྱང་།། སྐྱེ་རྒ་ན་འཆིའི་སྡུག་བསྔལ་འདི་ཡིས་རང་དབང་ཡོད་པ་སུ་ཞིག་མཆིས།། ༥ མ་དག་འཁོར་བའི་འཇིག་རྟེན་འདི་རུ་གང་དང་གང་དུ་སྐྱེས་གྱུར་ཅིང་།། སུ་དང་སུ་ལ་འགྲོགས་པར་གྱུར་རུང་གཡོ་དང་ཟོལ་གྱི་སྤྱོད་པ་འདིས།། རེ་བའི་མིག་ཟུང་དབྱིངས་སུ་གཏད་ནས་ཞིབ་ཏུ་བསམ་ཞིང་གཞིག་པ་ན།། ཟློག་ཏུ་མེད་པའི་བཀའ་ལུང་ཇི་བཞིན་བསྒྱུར་དུ་མེད་པའི་དུང་ཞེན་ཞིག། ༦ ཁ་སང་བྱུང་ནས་དེ་རིང་རྫོགས་པའི་མི་ཚེ་ཕྱེད་ཀའི་དུས་ཡུན་ལ།། ལེགས་གྲུབ་ཕམ་གཉིས་ཅི་ཡང་མེད་པར་ལོ་ཟླའི་འཁོར་བསྐྱོད་དུ་མའི་ཁྲོད།། འདི་སྒྲུབ་དོན་གོ་ཅི་ཡང་མ་རྙེད་སེམས་པ་སྐྱོ་བས་རང་གདུང་ཞིང་།། ཀུན་འཇིགས་མངའ་བའི་ལམ་དུ་ཆས་ཉིན་འགྱོད་པས་གདུང་ཡང་ཕྱིས་པར་གྱུར།། ༧ ཕ་དང་མ་ལོའི་མི་ཚེ་གཅིག་ལ་བརྩེ་བ་ཆེན་པོའི་གཅེས་པར་བསྐྱངས།། གཉེན་དང་ཉེ་དུའི་འཛུམ་དཀར་འོག་ནས་གདུང་སེམས་ཆེན་པོའི་དགའ་བས་བསུས།། མ་འོངས་མི་ཚེ་གཅིག་གི་ལམ་བུར་མདུན་བསྐྱོད་གོམ་ཁ་མཉམ་དུ་བསྒྱུར།། རེ་བའི་མིག་ཟུང་གཅིག་ལ་གཏད་བཞིན་མདུན་གྱི་གྲལ་དུ་སླེབས་པར་བྱེད།། ༨ དབྱར་དགུན་སྟོན་དཔྱིད་འགྱུར་བ་འདི་ནི་ནམ་ཟླ་དུས་བཞིའི་འགྱུར་འགྲོས་དང་།། ཁ་སང་སྐྱེས་ནས་དེ་རིང་འཆི་བ་ལྡོག་མེད་ཆོས་ཉིད་ལག་མོད་ཀྱང་།། བདེ་སྐྱིད་རང་དབང་རང་གིས་འཚོལ་དགོས་སུ་དང་གང་གིས་གནང་དུ་མེད།། བརྩོན་པའི་འབྲས་བུ་དང་དུ་མི་ལེན་སོས་དལ་སྡོད་པའི་གནས་མ་ཡིན།།


༢༠༠༩ / ༧/ ༢༢ ཉིན་ཕ་ཡུལ་ནས་ཐོལ་བྱུང་དུ་བྲིས་སོ།།













དུམ་བུ་ལྔ་པ།  ཚོར་སྣང་།


















ཡུལ་ཤུལ་གྱི་ཚད་རིམ་༧.༡གི་ས་འགུལ་དོན་རྐྱེན་ལ་བྲིས་པ།

རིམ་པ་བདུན་ལྷག་གཡོ་བའི་ས་འགུལ་གྱིས།། མཛེས་སྡུག་རྣམ་པར་བཀྲ་བའི་ཁ་སང་གྲོང་།། དེ་རིང་འཇིགས་སུ་རུང་བའི་དུར་ཁྲོད་དུ།། བསྒྱུར་བ་འདི་ཀོ་བདེན་པའི་ཡུལ་ལས་འགོངས།།

ཀྱེ་མ་ད་ནང་ཡིད་འོང་ཉམས་དགའི་གནས།། བཀོད་ལེགས་མཛེས་པའི་གྲོང་ཁྱེར་ལྟ་ན་སྡུག། མི་རྣམས་སྣ་ཚོགས་ལས་ཀྱི་བྲེལ་ཟིང་གིས།། ལྷང་ལྷང་དགོད་སྒྲའི་ཁྲོད་དུ་འཚོ་བའི་ཚེ།།

མི་རྟག་འཕྲལ་གྱི་རྐྱེན་འདི་གློ་བུར་དུ།། བྱུང་བའི་སྣོད་ཀྱི་གོད་ཆགས་ཆེན་པོ་འདིས།། འཇིགས་རུང་ཉམས་ངའི་བེམ་རོ་བཀྲམས་པ་ཡི།། གཡུལ་ས་འདི་ཉིད་གང་ནས་བྱུང་ལགས་སམ།།

སྐྱིད་པའི་ཕ་ཁྱིམ་དྲོན་མོ་རྡུལ་དུ་བརླགས།། བསཊ་པའི་རྒྱུ་དངོས་ཡོད་ཚད་ལྷག་མེད་བཅོམ།། བརྩེ་བའི་གཉེན་འདུན་ཤི་གསོན་སོ་སོར་ཕྱེས།། ཐེག་པར་དཀའ་བའི་སྡུག་འདི་ཅི་ཡིས་ཉེས།།

ས་རྡོ་ཞིག་རོའི་ཁེངས་པའི་འགྲམ་རོལ་དུ།། མ་མེད་དྭ་ཕྲུག་དུ་མ་ཕྱོགས་བཞིར་འཁྱམས།། ཤི་མིག་གསོན་ལ་འཕྲེང་བའི་བེམ་རོ་དག། མཐོང་བའི་མོད་ལ་ཡིད་སྐྱོ་མཆི་མ་དཀུ།

ཤུལ་དུ་ལུས་པའི་གཉེན་འདུན་དུ་མ་ཡིས།། མྱ་ངན་ཆོ་ངེའི་ངུད་མོ་དྲག་པོ་འདོན།། འཇིཊ་པའི་གདོང་ལས་མིག་ཆུ་ཆར་ལྟར་འབེབ།། གང་ལ་ལྟས་ཀྱང་སྐྱོ་བ་སྐྱེ་བའི་རྒྱུ།།

ས་ཆེན་བདུད་ཀྱིས་གཡོས་པའི་གནས་དེ་ནི།། དམྱལ་བ་མངོན་སུམ་མི་ཡུལ་ཐོན་པ་འདྲ།། མཐོང་ན་མིག་གིས་ལྟ་བས་མི་བཟོད་ཤིང་།། བསམ་ན་སེམས་པ་དམར་པོ་འགས་སྙམ་བྱེད།།

རིགས་རུས་ཤ་ཁྲག་གཅིག་པའི་བརྩེ་བའི་སྤུན།། སེམས་ཀྱི་འདུན་མ་གཅིག་པའི་ཡིད་མཐུན་གྲོཊ།། ཁྱོད་ཀྱི་སྐྱོ་བ་ང་ཡིས་མྱོང་བཞིན་ཡོད།། ཁྱོད་ཀྱི་གདུང་བ་ང་ཡིས་སྲོན་བཞིན་ཡོད།།

དབང་མེད་འབྱུང་བ་འཁྲུགས་པའི་རྒྱུ་རྐྱེན་གྱིས།། སྐྱེད་པའི་རང་བྱུང་སྣོད་ཀྱི་ཆགས་འཇིག་འདིས།། སྐྱེ་བོ་དུ་མའི་རིན་བྲལ་གཅེས་པའི་སྲོག། ཕངས་མེད་ཡུད་ཙམ་གཅིག་ལ་བཅོམ་པར་བྱས།།

རིགས་མཐུན་སྐྱེ་བོ་འབུམ་ཕྲག་དུ་མ་ཡིས།། ཤི་བོའི་ལམ་སྟོན་གསོན་པོའི་རྒྱབ་བརྟེན་ལ།། གདུང་སེམས་མཉམ་དུ་སྐྱེས་པ་མཚོན་པའི་ཆེད།། ཤ་དང་རུས་པའི་གཏིང་ནས་ཕན་འདོག་བྱེད།།

མི་ལུས་རིན་ཆེན་རྟེན་བཟང་དེ་རྙེད་ནས།། མི་ཡི་ཡུལ་གྱི་བདེ་འབྱོར་ལ་ཆགས་ཀྱང་།། མི་ལུས་རིན་ཆེན་རང་ལ་མ་དབང་བར།། མི་རྟག་གཤིན་བརྗེའི་དྲུང་དུ་བསྙེགས་པས་སྐྱོ།།

འཇིགས་དངངས་ཀློང་ནས་ཤི་བའི་སྤུན་ཟླ་དང་།། མྱ་ངན་སྟོང་གིས་གསོན་པའི་ནང་མི་ལ།། གདུང་སེམས་སྨྲེ་ངག་སྟོང་གི་འོ་འདོད་འདི།། སྐྱོ་གདུང་མིག་ཆུའི་ཁྲོད་ནས་ཤུགས་ཀྱིས་བླངས།།

གཅེས་པའི་ཚེ་སྲོག་ཤོར་བའི་འགྲོ་བ་དག། མྱུར་དུ་ཐར་པའི་ལམ་སྣ་ཟིན་པ་དང་།། གསོན་དུ་ལུས་པའི་སྐྱེ་བོ་ཕོ་མོ་རྣམས།། མི་རིང་བདེ་དགའི་དཔལ་གྱིས་འཚོ་བར་སྨོན།། ༢༠༡༠ /༤ / ༡༥ དུས་བཞིའི་འཆར་སྣང་། A རབ་ཡང་ནོར་འཛིན་དྲེགས་ལྡན་ལང་ཚོ་རབ་མཛེས་མར་ གད་མདངས་ཀྱིས་སྒེག། སྣ་ཚོགས་མེ་ཏོག་དཀར་དམར་ཕྲེང་བས་འཛུམ་པའི་གེ་སར་ ལྷུག་པོར་དགོད།། ལྷིང་འཇགས་ཁྲོད་ཀྱི་ཕ་ཁྱིམ་སྨུག་པོ་སྦྲ་ནག་གྲུ་བཞིའི་ཐུ་ འོག་ནས།། དཀར་གསལ་འོ་ཞོ་མཁའ་རུ་འཕྱོ་བའི་དབྱར་གྱི་ཕུན་ཚོགས་ འདི་སྐྱིད་ཨང་།། B ཁ་བའི་འདབ་མ་ཐུར་དུ་འབབ་དུས་ལྷག་རླུང་རེ་རེའི་ཡར་ ལ་བཏེགས།། ལུང་སྟོང་འཇག་མའི་ཤུགས་གླུ་གཉོམ་པོས་གནག་རྫི་རྒན་ པོའི་སེམས་པ་རྨས།། གྲངས་བའི་རེག་བྱ་རྩུབ་མོ་ཞིག་གིས་སྐྱེ་འགྲོའི་ཡན་ལག་གུམ་ གུམ་གྱུར།། དགུན་གྱི་རྒྱལ་མོའི་གདུག་རྩུབ་ངོགས་ནས་འགྲོ་བའི་ཚེ་སྲོག་ཡལ་ ལ་ཁད།། C སྔོ་ལྗང་རྩྭ་དང་ཤིང་གི་ལོ་མས་གསེར་མདོག་མཛེས་པའི་ཁ་ དོག་འཆང་།། སྐྱེ་རྒུ་ཀུན་གྱིས་འཛུམ་དཀར་དགོད་བཞིན་འབད་པའི་འབྲས་ བུ་ལེན་ལ་བྲེལ།། དུས་ཀྱི་བང་ཆེན་རྒྱང་ནས་ཐོན་ཏེ་ཁྲུང་ཁྲུང་སྐྱོ་བས་ལྷོ་རུ་ འཕུར།། སྟོན་ཁའི་སྤྲིན་བྲལ་ནམ་མཁའི་དབྱིངས་སུ་ཉ་གང་ཟླ་བ་ ལྷག་པར་མཛེས།། D ལྷོ་རུ་བདས་པའི་ཁུ་བྱུག་གཞོན་ནུ་ཕྱིར་ལ་འཁོར་ཏེ་དབྱངས་ སྙན་སྒྲོག། ཁ་བའི་བརྩེགས་རིམ་ཆབ་ཏུ་གྱུར་ཏེ་ཆུ་གཏེར་འཕེལ་བའི་ གསོས་སུ་གྱུར།། ལྷུང་ལྷུང་འབབས་པའི་ཕུ་ཆུའི་དབྱངས་སྙན་ཡོད་འགྲོའི་སྒྲ་ འཛིན་དཔྱིད་དུ་འཇོ།། རི་དང་སྤང་ལྗོངས་ནེའུ་གསེང་སོགས་ལ་མཛེས་པའི་མདངས་ ཀྱིས་དལ་བུར་འཁྱུད།།


རྗེས་སུ་ལུས།


རང་དབང་རང་ལ་དབང་བའི་ཐོབ་ཐང་མེད།། རང་ཡུལ་རང་གིས་སྐྱོང་བའི་དབང་ཆ་མེད།། རང་དོན་རང་གིས་སྒྲུབ་པའི་ནུས་པ་མེད།། མེད་པ་གསུམ་གྱིས་རང་རིགས་རྗེས་སུ་ལུས།།

ཕ་གསོད་དགྲ་བོ་སྒྲོལ་བའི་སྙིང་སྟོབས་བྲལ།། རང་དབང་ རང་གིས་ལེན་པའི་བསམ་བློ་བྲལ།། བདེན་པའི་འཐབ་རྩོད་བྱེད་པའི་ཐབས་ཇུས་བྲལ།། བྲལ་བ་གསུམ་གྱིས་རང་རིགས་རྗེས་སུ་ལུས།།

འདས་དོན་ཞེ་འཁོན་ཡོད་པའི་རང་རིགས་ཉུང༌།། ད་ལྟའི་དྲག་གནོན་ཤེས་པའི་རང་རིགས་ཉུང༌།། མ་འོངས་མདུན་ལམ་སེམས་པའི་རང་རིགས་ཉུང༌།། ཉུང་བ་གསུམ་གྱིས་རང་རིགས་རྗེས་སུ་ལུས།།


སྐྱིད་པའི་ཕ་ཁྱིམ་དྲོན་མོ་གཞན་ལ་ཤོར།། བརྩེ་བའི་སྤུན་མཆེད་འབུམ་གྱི་གཅེས་སྲོག་ཤོར།། རིན་བྲལ་མེས་པོའི་བང་མཛོད་བཅོམ་འཕྲོག་ཤོར།། ཤོར་བ་གསུམ་གྱིས་རང་རིགས་རྗེས་སུ་ལུས།།

དགོང་གི་ཉི་ཟླ་སྐར་གསུམ་གླིང་བཞིར་འཐོར།། གདོང་དྲུག་བཙན་པོའི་བུ་རྒྱུད་རྒྱང་དུ་འཐོར།། གདོང་དམར་བོད་ཀྱི་ཆོས་སྲིད་ཕྱོཊ་བཞིར་འཐོར།། འཐོར་བ་གསུམ་གྱིས་རང་རིགས་རྗེས་སུ་ལུས།།

                            ༡༠༠༩/༩/༢




སེམས་པ་སྒུལ་བའི་དབྱངས་རྟ།

མདུན་བསྐྱོད་ལམ་བུ་གཅིག་པའི་ཡིད་མཐུན་གྱི་གྲོགས་ལ།། འགྱུར་མེད་མ་བཅོས་དུང་བ་འགོག་ཐབས་རང་མེད་པས།། ད་ལྟ་རྒྱུས་མེད་ས་མཐའི་ཡུལ་གྲུ་རུ་གྱར་ཡང་།། དྲན་གདུང་སེམས་ཀྱི་རི་མོ་བསུབ་ཐབས་ཞིག་མི་འདུག།

མུ་ཏོའི་གནས་མལ་བརྟེན་པའི་ཉམས་ཆུང་གི་བུ་ལ།། རང་དབང་བག་གཡེང་རྒྱུ་བའི་སྐལ་བ་ཞིག་བྱུང་ན།། མི་ཆེན་དཔོན་པོའི་རྒྱབ་ནས་སྐྱོར་ཡ་དེ་མི་དགོས།། རིན་ཆེན་རྒྱུ་ཡིས་ཕྱུག་པོ་མ་བྱུང་ཡང་ཆོག་གོ།

ངོས་ནས་བཅོས་མའི་འཛུམ་དཀར་ལྷུག་ལྷུག་ཏུ་གྲོལ་ཞིང་།། ལྐོག་ནས་འཕྱ་བའི་སྨོད་ཚིག་དིབ་དིབ་ཏུ་སྨྲ་བའི།། ངོས་ལྐོག་མེད་པའི་རང་རིགས་ན་ཟླ་འགའ་མཐོང་ཚེ།། བཅོས་མའི་གྲོགས་ལ་བློ་གཏད་བྱེད་ས་ཞིག་མི་འདུག།


སྐབས་རེར་སྐུ་དྲག་ངོ་སོ་ཤོག་དངུལ་གྱིས་བསྟོད་ཅིང་།། ཐེངས་རེར་ཁྲིམས་ཀྱི་ཁེ་དབང་སྒོར་མོ་ཡིས་བསླུ་བའི།། དེང་གི་འཇིག་རྟེན་མི་ཡི་སྤྱོད་པ་ལ་བསམ་ན།། དྲང་པོའི་ལམ་ལ་ཞུགས་པའི་མི་བུ་ཞིག་འདུག་གམ།།

ཐམས་ཅད་འཛུམ་གྱིས་བསླུ་བའི་འཆལ་པོ་རང་མི་འདོད།། ཡོད་ཚད་དབང་རྒྱུར་རེ་བའི་བཅོས་མ་ཡང་མི་བྱེད།། གཡོ་སྒྱུའི་འཇིག་རྟེན་འདི་ནས་ཉམས་ཆུང་གི་བུ་ལ།། རང་ཚུགས་ཅུང་ཞིག་ཡོད་ན་དེ་ཀ་ཡིས་ཆོག་འདུག།

རང་གི་ཕ་སྐད་དོར་བའི་ཀླད་མེད་དང་འགྲོགས་པའི།། རིགས་འགྱུར་གཞན་སྐད་སྨྲ་བའི་རུས་མེད་ཞིག་མི་འདོད།། གཞན་དབང་གཉའ་གནོན་འོག་ནས་ཉམས་ཆུང་གི་བུ་ངས།། རང་དབང་རང་གིས་རྩོད་པའི་སྤོབས་པ་ཞིག་ཡོད་དོ།། ༢༠༠༨/༢/༢༢





བདག་སེམས་འོད་དཀར་དབང་པོའི་ཟེར་ཕྲེང་ཁྱོད་ལུས་ཀུན་དའི་ ཕྱོགས་སུ་ཤོར།། ཁྱོད་ལུས་ཀུན་དའི་མཛེས་པ་རེ་རེ་བདག་སེམས་སྨྱོས་པའི་དཔྱིད་ དུ་སྦྲན།། ཕན་ཚུན་གཅིག་ཏུ་འདྲེས་པའི་བར་ན་འགོག་མེད་སྙིང་གི་དུང་ བ་ཞིག། དུང་བ་དེ་ནི་བཟོད་མེད་ཡིད་ཀྱི་དུ་ཁ་ཆེན་པོ་ཞིག་ཏུ་ གྱུར།།

བདག་གི་སྙིང་གཏམ་དཔྱིད་དཔལ་འགྱུར་ཁུག་གྲོགས་ཀྱི་རྣ་བའི་ གསོས་སུ་ལྷུང་།། གྲོགས་ཀྱི་གསང་གཏམ་འཇོལ་མོའི་གྲེ་འགྱུར་བདག་གི་སྒྲ་འཛིན་ དཔྱིད་དུ་འཇོ།། ཕན་ཚུན་གཅིག་ཏུ་འདྲེས་པའི་བར་ན་བརྩེ་དུང་མིག་ཆུ་སྙོམས་པོ་ ཞིག། མིག་ཆུ་དེ་ཡང་བཟོད་མེད་ཡིད་ཀྱི་ཟུག་རྔུ་ཆེན་པོ་ཞིག་ཏུ་ གྱུར།།

བདག་གི་མིག་ཟུང་ར་ཡིག་གཉིས་པ་ཁྱོད་ཞལ་པད་དཀར་སྟེང་དུ་ ཤོར།། གྲོགས་ཀྱི་ཞལ་རས་པད་དཀར་འཛུམ་ཟེར་བདག་མིག་བུང་བའི་ ཕྱོགས་ལ་ཐོག། ཕན་ཚུན་གཅིག་ཏུ་འདྲེས་པའི་བར་ན་དུང་སེམས་སྦྲང་རྩིའི་ཟིལ་ མངར་ཞིག། ཟིལ་མངར་དེ་ཡང་ཁྱོད་དང་ང་ཡི་སེམས་ཅོང་ཆེན་པོ་ཞིག་ཏུ་ གྱུར།།

ང་རང་གྲོགས་ལ་འཕྲད་འདོད་འདུན་པ་དམར་པོའི་མེ་དཔུང་རྗེས་སུ་འགྲོ། གྲོགས་ཁྱོད་ང་ལ་འཕྲད་འདོད་བསམ་པ་རྒྱ་མཚོའི་རྦ་རླབས་ལས་ ཀྱང་མཐོ།། ཕན་ཚུན་གཅིག་ཏུ་འདྲེས་པའི་བར་ན་རྫོགས་མེད་སྐྱོ་གར་རིང་མོ་ ཞིག། སྐྱོ་གར་དེ་ཡང་ཁྱོད་དང་ང་ཡི་ཐེག་ཏུ་མེད་པའི་སྡུག་བསྔལ་ ཉིད།།

བདག་གི་འཕྲིན་ཆུང་སྤྲིན་བཅུད་གསར་པ་གྲོགས་ཀྱི་ཞིང་སའི་ དཔྱིད་དུ་བབས།། གྲོགས་ཀྱི་གསང་འཕྲིན་འབྲས་བཟང་མངར་མོ་བདག་གི་ཕྱོགས་ལ་ ཡང་ཡང་ཕུལ།། ཕན་ཚུན་གཅིག་ཏུ་འདྲེས་པའི་བར་ན་སུས་ཀྱང་མི་ཤེས་ཅོང་ནད་ ཞིག། ཅོང་ནད་དེ་ཡང་ཁྱོད་དང་ང་ཡི་ཐུན་མོང་བགོ་སྐལ་ཉིད་དུ་ གྱུར།།

ང་རང་སྙིང་སྡུག་ཁྱོད་དང་གྱེས་ཚེ་ཁྱོད་ཀྱིས་མིག་ཆུའི་སྐྱེལ་མ་ ཞིག། ཁྱོད་ཉིད་བུ་ཆུང་ང་དང་བྲལ་དུས་ང་ཡིས་མིག་ཆུའི་གྱེས་ཕྱག་ ཕུལ།། ཕན་ཚུན་གཅིག་ཏུ་འདྲེས་པའི་བར་ན་ནམ་ཡང་དྲན་གདུང་ཁུར་ བོ་ཞིག། ཁུར་བོ་དེ་ཡིས་ཁྱོད་དང་ང་ཡི་སེམས་པ་སྐྱོ་བའི་ལྕིད་དུ་ གྱུར།།

༢༠༠༩ ༩ ༨ ཉིན་ཟང་རི་འབར་བའི་ཉེ་འདབས་ནས


དམར་ཆུང་སེམས་ཀྱི་གསང་བ།

དང་པོ། དབྱར་གཞུང་གི་མཚན་མོ་དེར་ ཁྱོད་དང་འུ་གཉིས་ སྟེས་དབང་གིས་འཕྲད་པའི་མེ་ཏོག་ཆ་གཅིག མཛེས་ཤིང་སྡུག་པའི་འདབ་ལོ་དང་ བརྩེ་ཞིང་དུང་བའི་ཟིལ་མངར་རེ་རེས་ ངའི་སྦྲང་ཆུང་གི་སེམས་པ་ག་ལེར་རྐུས། གཉིས་པ། བར་ཆད་ཀྱི་སད་སེར་རྩུབ་མོས་དེའི་ཁྲོད་ནས་ བརྩེ་དུང་གི་ཟིལ་མངར་དོར་ཏེ་ ལས་དབང་གནམ་ལ་བཅོལ་ནས་ ངའི་སེམས་ཁུང་གི་མེ་ཏོག་རྐང་གཅིག འདི་ལྟར་བུད་སོང་བ་བདེན་ནམ་ གསུམ་པ། གྱེས་བྲལ་གྱི་གདུང་བ་ལྕི་མོས རེ་སྒུག་གི་ལོ་ཟླ་རིང་མོ་ཕར་ཕར་སྐྱར་ཞིང་ ཁེར་རྐྱང་གི་འཚོ་བ་ དཀའ་སྡུག་གིས་བསྐྱལ་བ་སུ་ཡིས་ཤེས།

༢༠༡༠/༢/༡






གྲོགས་ཀྱི་བསླུ་བྲིད།


རིང་ནས་འདྲིས་པའི་བློས་ཐུབ་གྲོགས་པོ་ཡིས།། དེ་རིང་གློ་བུར་རང་ལ་སྡང་བའི་ཚེ།། ཁྲེལ་དང་ཕྱི་ཐག་ཡོད་པའི་གྲོགས་པོ་ཞིག། བདག་ལ་མེད་པའི་ཁོ་ཐག་ནང་ནས་ཆོད།།

ཁ་སང་མཉམ་དུ་བཞག་པའི་དམ་བཅའ་དེ།། དེ་རིང་སོ་སོར་གྱེས་དུས་ཐམས་བཅད་སྟོར།། ཁ་བཤད་དོན་གྱི་ཐོག་ཏུ་མི་འཁྱོང་བའི།། བཅོས་མའི་གྲོགས་ལ་བློ་གཏད་མི་འདུག་ཨང་།།

ཕར་ལ་ཡིད་ཆེས་བརྟན་པོ་བྱས་ན་ཡང་།། ཚུར་ལ་གཡོ་སྒྱུའི་བསླུ་བྲིད་བྱེད་པའི་ཚེ།། ཁྲེལ་དང་ཕྱི་ཐག་གཏོར་བའི་གྲོགས་པོ་ལ།། ད་ནས་ཡིད་གཏད་མེད་པའི་སེམས་ཐག་ཆོད།།

ངོས་ནས་ངོ་དགའི་འཛུམ་དཀར་སྟོན་ན་ཡང་།། ལྐོག་ནས་སྨོད་ཚིག་དུག་གི་ཆར་པ་འབེབས།། ངོས་ལྐོག་མི་ཐུབ་ཨ་གསར་གྲོགས་པོ་ལ།། ནམ་ཡང་ཡིད་གཏད་མེད་པའི་སེམས་ཐག་ཆོད།།

སྡུག་དུས་སྡུག་གི་ཁུར་པོ་མཉམ་ཁུར་དང་།། དཀའ་དུས་དཀའ་བའི་ལས་ཀ་མཉམ་སྒྲུབ་ཀྱང་།། ཆང་ལེན་ཆུ་ཡིས་འཇལ་བའི་གྲོགས་པོ་ལ།། ད་ནས་ཡིད་གཏད་མེད་པའི་སེམས་ཐག་ཆོད།།

ཕྱི་ཡི་ཨ་གསར་བཅོས་པའི་འཛུམ་དཀར་དེ།། གཞན་སེམས་བསླུ་བའི་གཡོ་སྒྱུའི་གབ་ཚིག་ཡིན།། མི་སྡུག་འཇིགས་པའི་གདོང་གི་ཁྲོ་གཉེར་དེ།། གློ་བུར་གྲོགས་ལ་སྟོན་པ་སུ་ཡིས་རྟོགས།།

                ༢༠༠༨/༤/༢༢


དྲི་བ་ཚན་པ་གཉིས།

༡ མ་ཡུམ་གངས་དཀར་གྱི་ལྷ་མོས།། བསྐྱངས་པའི་ཆོལ་གསུམ་གྱི་སྤུན་ཟླ།། ནང་ཁུལ་རལ་ཁ་དེ་འགྲན་ནས།། བརྩེ་བའི་དཔུང་རྡང་དེ་འཐོར་ན།། ཕ་བཟང་མེས་པོ་ཡི་ཁྱིམ་གཞི།། མཐོ་སྒང་གངས་ཅན་གྱི་ཡུལ་ཁམས།། འགོགས་མེད་དུང་ཞེན་གྱི་བསམ་པས།། ཡང་དག་བདག་སྐྱོང་ཞིག་ཐོབ་བམ།།

༢ ལྔ་རིག་སྤྲིན་བཅུད་ལ་རོལ་བའི།། པད་དཀར་ངུར་སྨྲིག་གི་བདག་པོ།། ཆོས་བརྒྱད་འདུ་འཛི་ལ་གཡེང་བས།། བཤད་སྒྲུབ་ཕྱག་རྗེས་དེ་དོར་ན།། རང་རིགས་མེས་པོ་ཡི་བཅེས་ནོར།། ལྔ་ཕྲག་ཤེས་རིགས་ཀྱི་བང་མཛོད།། གངས་ཅན་ཁ་བ་ཡི་ཞིང་འདིར།། ཡང་དག་འཛིན་སྐྱོང་ཞིག་ཐོབ་བམ།།



དུམ་བུ་དྲུག་པ།  ཐོར་བུ།






བྱ་དཀའི་སྙན་ཚིག་དུམ་བུ། དབྱངས་གསལ་སོ་བཞི་ཚང་བའི་ཚིགས་བཅད། གསེར་སྦྱང་གཙོ་མའི་མདངས་མཛེས་མཚན་དཔེའི་སྐུ།། ཡང་ཟབ་ཨེ་ཝཾ་དྲུག་ཅུ་ཆོས་ཀྱི་གསུང་།། ཇི་སྙེད་ཤེས་བྱ་ཀུན་མཁྱེན་ཡེ་ཤེས་ཐུགས།། ལྷ་མིའི་རྣམ་འདྲེན་ཤཱཀྱའི་ཞབས་ལ་བསྟོད།། དབྱངས་གསལ་སོ་བཞི་ཚང་བའི་ཚིགས་བཅད། དཀར་མཛེས་ཟླ་གཞོན་མདངས་འཕྲོག་མཚན་དཔེའི་སྐུ། སྙན་འཇེབས་ཡན་ལག་དྲུག་བཅུ་མགྲིན་པའི་གསུང་།། མཁྱེན་གཏེར་ཡེ་ཤེས་མཆོག་མངའ་བརྩེ་བའི་ཐུགས།། ཨེ་ཝཾ་བདེ་ཆེན་ལ་གནས་ཚངས་སྲས་ལྷ།། དབྱངས་གསལ་སོ་བཞི་ཚང་བའི་ཚིགས་བཅད། ཨེ་མ་དབྱངས་གསལ་རིག་པའི་ཟེར་ཕྲེང་གིས། ། ཇི་སྙེད་ཤེས་བྱའི་ཆོས་ཚུལ་གང་ཅི་མཆིས། ། ཐུགས་བརྩེའི་ཇི་བཞིན་སྟོན་མཛད་སཾ་བྷོ་ཊའི། ། བཀའ་དྲིན་ཝ་ལེར་ཡིད་ལ་འཁོར་བཞིན་དད། །

དབྱངས་ངེས་པའི་ཚིགས་བཅད། བློ་གྲོས་འདོད་འཇོ་འགྲོ་ཚོཊ་ཡོངས་རྫོགས་ནོར།། གླིང་བཞི་རིན་གྱིས་མི་སྐྱིན་སྙིང་གི་དཔྱིད།། མཁྱེན་བརྩེ་ཡེ་ཤེས་དཔེ་མེད་བདེ་ཆེན་རྗེར།། ཕུལ་བྱུང་སྐུ་གསུམ་ཀུན་འདུས་སྐུ་རུ་འདུད།།

དབྱངས་ཨ་ངེས་པའི་ཚིག་བཅད། སྐྱབས་བྲལ་ཉམ་ཐག་མཁའ་མཉམ་ཐམས་ཅད་ལ།། ཟླ་བྲལ་བྱམས་པ་མ་ལྟར་ཆགས་བྲལ་ཅན།། ང་ཅག་བླ་མ་སངས་རྒྱས་དམ་པ་ལ།། ཡང་ཡང་དད་པས་ནམ་ཡང་ལྷ་ཕྱག་འཚལ།།

༢༠༡༡/༣/༡༢


གབ་ཚིག་རིག་པའི་རྩེ་འཇོ་། ༡ སྲིད་པའི་ས་འཛིན་མཐོན་པོའི་གཡས་གཡོན་གྱི།། ཚང་ཚིང་སྟུག་པོར་སྐྱེས་པའི་ནགས་འདབས་དང་།། ཕྲ་རགས་སྒྲ་སྐད་འཛིན་པའི་སྒོར་བཞུགས་པའི།། མཁའ་ལྡིང་བྱུ་རུའི་གཤོག་པ་ཅན་དེ་ཅི།། ནགས་འདབས་ཀྱི་གླ་བོ་ཁེར་ཉལ། ཅི་ཁེད། ༢ གནམ་རུའི་གཟུགས་འཆང་ཕོ་བྲང་མཛེས་པའི་དབུས།། གྲངས་མེད་དམག་གིས་བསྐོར་བའི་ལྟེ་བ་རུ།། ཆེ་ཕྲའི་གཟུགས་བརྙན་འཛིན་པའི་རྒྱལ་པོ་སྟེ།། ཉ་གང་སོལ་བའི་རང་མདངས་འཛིན་པ་གང།། དབང་པོ་སྒོ་ལྔའི་ནང་ཚན། གཟུགས་བརྙན་འཛིན་པའི་རྒྱལ་པོ། ཅི་ཁེད། ༣ རྐོ་བའི་སློག་པ་གྱོན་པའི་ཕ་རྒན་ལ།། ཕྱིང་དཀར་ཞྭ་མོ་གྱོན་པའི་བུ་ཆུང་གིས།། བརྩེ་མེད་རྟག་ཏུ་རྡུང་བས་མ་བཟོད་པར།། ངུས་མོ་འབྲུག་གི་སྒྲ་ཆེན་སྒྲོགས་པ་གང་།། བུ་ཡིས་ཕ་རྡུང་། ཕ་ཡིས་ཆོ་ངེ་འདེབས། ཅི་ཁེད། ༤ དང་པོ་མཛོ་བོ་ཞིག་གི་ར་དང་འདྲ།། བར་དུ་དཀྱིལ་འཁོར་ཞིག་གི་ཐིག་དང་འདྲ།། ཐ་མར་དངུལ་དཀར་མེ་ལོང་དབྱིབས་འདྲ་བའི།། རི་དྭཊ་གཟུཊ་བརྙན་འཛིན་དེའི་མིང་ལ་ཅི།། ཨ་སྔོན་ཐང་གི་ཐང་དཀྱིལ་ན། དངུལ་གྱི་ཟོར་བ་ཡུ་མེད་ཅིག། ཅི་ཁེད། ༥ རབ་དཀར་དུང་གི་གོས་བཟང་གྱིས་བཀླུབས་ཤིང་།། བརྒྱ་ཕྲག་གསེར་གྱི་རྩིབ་མ་ལྡན་པ་དང་།། ཀ་བ་གཅིག་གིས་གནམ་ལ་བཏེགས་པ་དེས།། ནོར་འཛིན་ཐང་མར་བརྡལ་བ་འདི་ཀོ་ཅི།། ཕྱི་དཀར་པོ་གུར་ཞིག་ཕུབ་འདྲ། ནང་དམ་པའི་ཆོས་ཞིག་རྩེགས་འདྲ། དཀྱིལ་ཀ་བ་ཅིག་གིས་ སྟེགས་འདྲ། ཅི་ཁེད། ༦ གླིང་བཞི་རི་རབ་བརྩེཊ་པའི་ཁོང་གསེང་ནས།། འདོད་འཇོའི་བུམ་པ་འཛིན་པའི་ལྷ་བཞི་ཡིས།། ན་ཆུང་བུ་མོའི་འཛུབ་རྩེའི་རེག་དང་ལྷན།། རབ་དཀར་དུང་གི་དངོས་གྲུབ་སྟེར་དེ་གང་། རི་རབ་གླིང་བཞིའི་ཁོང་གསེང་ན། འདོད་འཇོའི་བུམ་འཛིན་ལྷ་མོ་བཞི། ཅི་ཁེད།

༧ སྲ་འཁྲེག་བྲག་དམར་ཐེམ་ནས་སྐྱེས་པའི་བུས།། ཚ་བ་མེ་ཡི་མདུན་ནས་རྩལ་སྦྱང་སྟེ།། ལྷོ་ཡི་དྲི་ཞོན་བསྐྱོད་པའི་སྒོ་ཁ་རུ།། གཡག་རྒོད་ཁ་ལོ་སྒྱུར་བའི་གཤེད་དུ་བཞུགས།། སྐྱེས་པ་བྲག་དམར་ཐེམ་ནས་སྐྱེས། བཅད་པ་སྟ་མ་སྟེའུས་གཅོད། འགུག་པ་ཕ་རིའི་ཐང་ལ་ འགུགས། བཞུགས་པ་ནོར་གྱི་གདོང་ལ་བཞུགས། ཅི་ཁེད། ༨ རབ་དཀར་དུང་གི་སྤང་ལ་རྩེན་པ་ཡི།། གནག་སྣུམ་སོལ་བའི་མདོག་ལྡན་གཡང་དཀར་ཁྱུ།། སྐྱོང་བར་མཁས་པའི་སྐྲ་དཀར་རྒན་པོ་དེས།། སྙན་པའི་གླུ་དབྱངས་ལེན་ལ་ཀུན་ནས་བྲེལ།། ཐང་དཀར་དཀར། ལུག་ནག་ནག ལུག་རྫི་གླུ་བ། ཅི་ཁེད། ༩ ཁ་སྤུ་རིང་པོ་གཡས་གཡོན་གཉིས་སུ་གྱེས།། གཅན་གཟན་རིགས་རྒྱུད་ཁ་ནས་མ་ཎི་འདོན།། མཚན་མོ་མིག་གཉིས་གློག་སྒྲོན་དང་འདྲ་ཞིང་།། འབྲུ་མཛོད་བསྲུང་བའི་དཔའ་བོ་དེས་མིང་ཅི།། གཅན་གཟན་བཙན་པོའི་རིགས་རྒྱུད། གོ་ཁ་འགྲིམས་པའི་ཉམས་ཆུང་། ཅི་ཁེད།

༡༠ གསེར་གྱི་ཅོད་པན་མཛེས་པས་དབུ་ལ་རྒྱན།། སྣ་ཚོགས་ཚོན་མདངས་བཀྲ་བའི་གོས་བཟང་བཀླུབས།། དུས་ཀྱི་ཅོང་བརྡ་བསྒྲོགས་པའི་ལྷ་ཡིན་ལ།། སྣ་ཚོགས་ཐང་མར་བརྡལ་བའི་འདྲེ་རུ་འབོད།། ནམ་ཚོད་འཛིན་པའི་ལྷ། ཐང་མ་བརྡལ་བའི་འདྲེ། ཅི་ཁེད།

༡༡ རྩྭ་ཆུའི་ལོངས་ལ་ནམ་ཡང་མི་བརྟེན་པར།། ཐག་གུ་བརྒྱ་ཡིས་ཕྱོགས་དང་ཕྱོཊ་མཚམས་སུ།། བཏཊ་ཤིང་གནག་སྣུམ་བིལ་བའི་མདངས་འཛིན་པའི།། སྲིད་པའི་ལྷ་གཡག་དེ་ཡི་དངོས་མིང་ཅི།། རྩྭ་ཟན་མ་ཡིན་ལྷ་ཡི་གཡག ཐག་པ་བརྒྱ་ཡིས་ཕྱོགས་བཞིར་བཏགས། ཅི་ཁེད།

༡༢ རིན་ཆེན་མཚལ་གྱིས་ཁོག་པ་ཡོངས་གང་ཞིང་།། གནག་སྣུམ་སོལ་བའི་གོས་གྱོན་བྱ་རྒྱལ་རྒོད།། རབ་དམར་མེ་དཔུང་ལྷབ་ལྷུབ་ཏུ་བསྐྱོད་པའི།། སུམ་ཚུགས་ལྷུན་པོ་གསུམ་གྱི་རྩེ་རུ་བབས།། རི་གསུམ་འགོ་ལ་བྱ་ཞིག་བབས། བྱ་དེས་ཁོག་པ་བྱུ་རུའི་གང་། ཅི་ཁེད།

              ༡༣

རབ་དཀར་དུང་གི་མདངས་མཛེས་ལུས་ཅན་རྣམས།། གཙང་ཆབ་སྔོན་མོའི་ཕར་ཁར་བདེ་བར་བུད།། ནག་ཆུང་མངལ་ནས་སྐྱེས་པའི་རིལ་བུ་དག། ལྡོག་མེད་ཀླུང་གིས་རྒྱང་རིང་ཡུལ་དུ་ཁྱེར།། དཀར་རིས་ཕར་ཁར་བུད་སོང་། ནག་རིས་ཆུ་ཡིས་ཁུར་སོང་། ཅི་ཁེད། ༡༤ མགོ་བོ་ཐུར་དུ་དུད་པའི་འབྲུ་དཀར་སྙེ།། བྱེ་མས་བརྡལ་བའི་གསེར་ཞིང་རྒྱ་མཚོའི་རླབས།། རྩད་ནས་གཅོད་པའི་འགྲམ་གཡས་མེད་པའི་གཡག། གནམ་སྔོན་ཁ་དོག་འཛིན་དེས་མིང་ལ་ཅི།། འགྲམ་གཡས་མེད་པའི་གཡག་རྒན། ལུང་པ་དགུ་ཡི་རྩྭ་ཟན། ཅི་ཁེད། ༡༥ དཀར་འཇམ་ཐང་ལ་བསྒྱུར་བའི་གར་སྟབས་རེར།། སྣ་ཚོགས་རྐང་རྗེས་རི་མོ་ཡིད་དུ་འོང་།། སྔོ་བསང་རྒྱ་མཚོའི་ཁ་ནས་ཆུ་འཐུང་བའི།། མཁས་དགུར་མེད་ཐབས་མེད་པའི་དངོས་དེ་གང་།། རྒྱ་མཚོ་སྔོན་མོས་ཆུ་འཐུང་མ། རི་མོ་འབྲི་བའི་གར་མཁན་མ། ཅི་ཁེད། ༡༦ སིང་ལྡེང་ནགས་ཀྱི་སྡོང་པོའི་ས་འཛིན་ལ།། རབ་དམར་བྱུ་རུའི་ལམ་འཕྲང་ཟླུམས་པོས་བསྐོར།། གཡས་གཡོན་བཻཌྰུར་སྔོན་པོའི་ཐང་ཆེན་དུ།། སྒེག་ཉམས་སྟོང་ལྡན་གར་མཁན་སྤུན་གཉིས་བརྩེན།། ཙནྡན་སྡོང་པོའི་ནགས། བྱུ་རུ་དམར་པོའི་ལམ། གཡུ་མདོག་སྤང་གི་ཐང་། ལྷ་ཕྲུག་ གཉིས་ཀྱི་གར། ཅི་ཁེད། ༡༧ སྣ་ཚོགས་དངོས་པོ་དུམ་བུ་དུམ་བུ་རུ།། གཅོད་པའི་རྣོ་ངར་ལྕགས་ལས་གྲུབ་པའི་བུ།། འགྲོ་བའི་སྐབས་སུ་ཟུར་གྱི་འགྲོ་བ་དང་།། འདུག་པའི་དུས་སུ་ལེབ་ཀྱིས་འདུག་དེ་གང་།། འགྲོ་དུས་ཟུར་གྱིས་འགྲོ འདུག་དུས་ལེབ་ཀྱིས་འདུག ཅི་ཁེད། ༡༨ ཐག་པ་གཅིག་གི་རྡང་ལ་བཏགས་པ་ཡི།། ཆེ་ཆུང་གཅིག་པའི་སྤུན་མཆེད་བརྒྱ་དང་བརྒྱད།། གཙོ་བོ་གཅིག་གི་འཁོར་དུ་སྡུད་པ་དེ།། ལག་གཡོན་ལྕུགས་ཕྲན་ལྔ་པོའི་མཛའ་བོ་ཡིན།། སྤུན་མཆེད་བརྒྱ་དང་བརྒྱད། གཙོ་བོ་གཅིག་གིས་སྐྱོངས། ཅི་ཁེད། ༡༩ མ་འཁྱོག་སྨྱུག་མའི་སྐྱེ་གཟུགས་ཤིན་ཏུ་དྲངས།། མཁའ་ལྡིང་རྒྱལ་པོའི་གཤོག་དྲུག་ལུས་ལ་སྐྱེས།། རྐང་སེན་རྣོ་ངར་ལྕགས་ལས་གྲུབ་པའི་མཚོན།། ཀླུ་བཙན་ཀཱ་ལི་བཅོམ་པའི་གཤེད་མ་ཡིན།། སྐྱེས་གཟུགས་དྲང་བའི་དཔའ་བོ་ཞིག འགྲམས་པའི་ཐོག་ན་སྤུ་ཉག་ཅིག རྐང་པར་ལྕགས་ ཀྱི་སེན་མོ་ཞིག ཅི་ཁེད།

             ༢༠

ནོར་གྱི་རིན་ཐང་རིན་ཆེན་གསེར་ལས་ལྷག།། ཕྱོགས་རིས་མེད་པར་ཐམས་ཅད་བགོ་སྐལ་ཏེ།། གྲང་ངར་དགུན་གྱི་དུས་སུ་འབུ་ཡིན་ལ།། དཔྱིད་མགོའི་དྲོད་ཁོལ་ཤར་དུས་རྩྭ་རུ་སྤྲུལ།། རིན་ཐང་ཆེ་བ་གསེར། རི་འགོར་སྐྱེས་པའི་རྩྭ། ཅི་ཁེད། ༢༡ རིན་ཆེན་དངུལ་དཀར་སྣོད་བཟང་མཛེས་པའི་ནང་།། འོ་མའི་བཅུད་ཀྱིས་སེར་པོར་གཏམས་པའི་དབུས།། ཙན་དན་སྡོང་པོ་འབར་བའི་རྩེ་མོ་རུ།། དམར་སེར་ངུར་སྨྲིག་གྱོན་པའི་བླ་མ་བཞུགས།། རིན་ཆེན་དངུལ་གྱི་སྣོད། འབྲི་མར་སེར་པོས་བཅུད། ལྷ་ཤིང་ཤུག་པའི་སྲོག མུན་ པ་སེལ་བའི་འོད། ཅི་ཁེད། ༢༢ གཡུ་སྔོན་རལ་པ་དགུང་དུ་འཕྱོ་བའི་བུ།། དཀར་པོ་དུང་གི་དྲོད་པུ་རབ་ཏུ་རྒྱས།། ཙི་གུའི་རྔ་མ་འདྲ་བའི་འཇུག་མ་ཅན།། མདོས་ཀྱི་རྫས་སུ་མཁོ་བའི་རྒྱུ་དེ་གང་།། དཀར་པོ་དུང་གི་ཁོག་པ་ཅན། སྔོན་པོ་གཡུ་ཡི་རལ་པ་ཅན། ལྟས་ངན་རྩི་གུའི་རྔ་མ་ ཅན། ཅི་ཁེད། ༢༣ བྱ་རོག་ཁ་དོག་འཆང་བའི་རིལ་བུ་འབུམ།། གཅིག་ཏུ་སྤུངས་པའི་ས་འཛིན་མཐོན་པོའི་ཁར།། ཏིང་འཛིན་གཉིད་ལ་ཐེངས་གཅིག་རོལ་བ་ཡི།། ནོར་སྐྱོང་རྒྱལ་པོ་དེ་ཡི་མིང་ལ་ཅི།། འོག་ན་ནག་པོ་ཁྲི་མ་འབུམ། ཐོག་ན་གུག་གུ་ར་འཁྱིལ་ཞིག ཅི་ཁེད། ༢༤ སྟོད་ཀྱི་མགོ་བོ་སྲིད་པའི་ཨ་ལུང་འདྲ།། བར་གྱི་སྐེད་པ་དངུལ་དཀར་མེ་ལོང་བཞིན།། སྨད་ཀྱི་རྔ་མ་སྦྲུལ་གྱི་མཇུག་མ་འདྲ།། དུད་འགྲོ་ཟོག་རྒོད་འདུལ་བའི་གཤེད་མ་ཡིན།། འགོ་བོ་སྲིད་པའི་ཨ་ལུང་། རྐེད་པ་དངུལ་གྱི་མེ་ལོང་། རྔ་མ་སྦྲུལ་གྱི་འཇུག་མ། ཅི་ཁེད། ༢༥ སྐྱེ་གཟུཊ་སྨྱུག་མའི་འཁྲི་ཤིང་རབ་དྲང་བའི།། ནགས་ཀྱི་ཙན་དན་སྡོང་པོའི་རྩེ་མོ་ནས།། ལྷོ་ཡི་གཡུ་འབྲུག་སྔོན་མོ་གྱ་གྱུ་རུ།། ཡང་ཡང་མཁའ་རུ་འཕྱོ་བའི་མཛེས་པ་ངོམས།། ཙནྡན་སྡོང་པོའི་རྩེ་མོ་ནས། གཡུ་འབྲུག་སྔོན་མོའི་འཁྱུག་འགྲོས་བྱེད། ཅི་ཁེད། ༢༦ ཉིན་ཞག་རེ་རེར་རང་གི་ལྭ་བ་རེ།། རྗེས་ཀྱང་ཉིན་བཞིན་རྙིང་རྒྱུ་མེད་པ་ཡི།། ལོ་དང་ཟླ་བ་ཉིན་ཞག་ཆད་ལྷག་སོགས།། ཡོད་ཚད་མ་ནོར་གསལ་བའི་དངོས་དེ་གང་།། ཉིན་རེར་ལྭ་རེ་རྗེ། ནམ་ཡང་རྙིང་རྒྱུ་མེད། ཉིན་ཞག་ཆད་ལྷག་སྟོན། ཅི་ཁེད། ༢༧ འབྲུ་དཀར་སྙེ་མ་འབུམ་གྱི་དྭངས་བཅུད་དེ།། མྱོས་པའི་དཔལ་སྟེར་སེམས་ཁ་བསྒྱུར་བའི་གདོན།། ཀུན་ལ་བློ་སྤོབས་སྟེར་བའི་གཉེན་པོ་དང་།། མཛའ་མཐུན་སེམས་པ་དཀྲུག་པའི་གདོན་འདྲེ་ཡིན།། འབྲུ་དྲུག་སྙེ་མའི་བཅུད། སེམས་ཁ་སྒྱུར་བའི་གདོན། མཐུན་པ་དཀྲུགས་པའི་འདྲེ། ཅི་ཁེད། ༢༨ ཀན་གཟར་བྲག་གི་མེ་ལོང་མཐོན་པོའི་ཁར།། རྟག་ཏུ་འཛེགས་པའི་ར་མ་སྔོ་རིས་མ།། རྐུན་ཇག་ཆོམ་པོ་འགོགས་པའི་སྲུང་མ་སྟེ།། རང་གི་བདག་པོའི་སྒོ་སྲུང་དཔའ་བོ་ཡིན།། བྲག་གི་ར་མ་སྔོ་རིས་མ། ལྷུང་ལ་ཡོད་ཀྱང་ལྷུང་རྒྱུ་མེད། ཅི་ཁེད། ༢༩ ལྷུ་མང་ལྕགས་ཀྱི་གཞུ་རྒྱུད་ལ་འཁྲིས་པའི།། ཟངས་ཀྱི་བུ་ཆུང་བདུད་ཀྱི་གཤེད་མ་ཡིས།། དྲག་པོའི་སྒྲ་ཆེན་སྒྲོགས་དང་ལྷན་གཅིག་ཏུ།། ཕ་རོལ་དགྲ་བོའི་སྲོག་དབུགས་ལྐོག་མར་འབྱིན།། མདོ་དྲུག་རྟ་ཕོའི་དྲུག་ཞིང་ཅན། ལྕགས་ཀྱི་སྒ་ཆ་ལྷུ་མང་ཅན། ཟངས་ཀྱི་བུ་ཆུང་ཞེ་སྡང་ཅན། ཅི་ཁེད། ༣༠ ཤར་ཕྱོགས་རྒྱ་ནག་ཡུལ་གྱི་གོས་གྱོན་ཞིང་།། ནུབ་ཀྱི་རྒྱ་མཚོའི་ཁ་ནས་ཆུ་འཐུང་བའི།། ལྷོ་ཡི་རྒྱ་རྫོང་ནགས་ཀྱི་བྱ་འཛིན་མ།། བྱང་གི་སྐུ་ལོའི་མདུན་ཅོག་སྟེང་ན་བཞུགས།། རྒྱ་ནག་ཡུལ་གྱི་གོས་གྱོན་མ། རྒྱ་མཚོའི་ཁ་ནས་ཆུ་འཐུང་མ། རྒྱ་རྫོང་ནགས་ཀྱི་བྱ་འཛིན་མ། ཅི་ཁེད། ༣༡ དམར་སེར་ངུར་སྨྲིག་མ་བགོས་ལྷུན་གྱིས་གྲུབ།། ཁོག་པའི་སྣོད་དྲུག་མ་བཟོས་ཤིང་གི་རིགས།། ལྕུགས་ཕྲན་ཡལ་གའི་སྟེང་ནས་སྐུ་འཁྲུངས་ཤིང་།། དཀར་གསུམ་ཟས་སུ་བསྔགས་པའི་གྲགས་པ་འཛིན།། བན་དེ་གཟན་ཤམ་དམར་པོ་ཅན། ཁོག་ན་ཤིང་གི་གྲོད་སྤུ་ཅན། ཅི་ཁེད། ༣༢ ཤར་ཕྱོགས་རི་བོ་མཐོན་པོའི་གོང་ཁ་ནས།། ལྕགས་སྤྱང་སྔོན་མོས་འཇིགས་རུང་ཁ་ལྡང་ཚེ།། སོལ་བའི་མདངས་ལྡན་གཡང་དཀར་ལུག་གི་ཁྱུ།། ནོར་འཛིན་སྤང་ནས་སྟོང་པའི་དབྱིངས་སུ་བྲོས།། སྟོད་ནས་སྤྱང་ཀུའི་ཁ་ལྡང། སྨད་ནས་ཕྱུག་པོའི་ལུག་འདྲོག ཅི་ཁེད། ༣༣ དང་པོ་གཡང་དཀར་སྙིང་གི་ལང་ཚོ་འཆང་།། བར་དུ་ཤྭ་བའི་རྭ་བཞིན་སྙོམས་ལག་རྒྱས།། ཐ་མར་རྒས་དུས་བན་རྒན་ཤི་ཁ་བའི།། རོ་དང་འདྲ་བའི་སྔོ་དེ་དོན་དངོས་གང་།། དང་པོ་གཡང་དཀར་ལུག་གི་སྙིང་འདྲ་འདྲ།

བར་དུ་ཤྭ་བ་ཞིག་གི་ར་འདྲ་འདྲ། ཐ་མར་བན་རྒན་ཤི་ཁའི་རོ་འདྲ་འདྲ། ཅི་ཁེད།

༣༤ སྐྱེ་གཟུགས་རྐང་འཐུང་གཟུགས་འཆང་མིག་མང་མ།། ལྕུགས་ཕྲན་ཡལ་འདབ་བཅུ་པོས་སྟངས་སྟབས་འོག། སྐྱེ་རྒུའི་སྒྲ་འཛིན་དབང་པོའི་དགའ་སྟོན་དུ།། སྙན་འགྱུར་དྲི་ཟའི་གླུ་དབྱངས་འཇེབས་པར་ལེན།། ནགས་ཀྱི་བུ་མོ་མིག་མང་མ། དྲི་ཟ་དགའ་བའི་གླུ་ལེན་མ། ཅི་ཁེད། ༣༥ ཕར་བལྟས་ཕྱི་ཡི་གཟུགས་པོ་ཆུང་ན་ཡང་།། དོན་ལ་བློ་དང་ཐབས་ཚུལ་མཁས་པ་དེས།། རི་དྭགས་གཅན་གཟན་ཡོངས་ཀྱི་རྒྱལ་པོ་སྟེ།། གདོང་ལྔ་པ་ཡང་ཕམ་པར་བྱས་ཞེས་གྲགས།། བློ་ཐབས་ཀུན་ལས་མཁས། རི་དྭགས་རྒྱལ་པོ་བཏུལ། ཅི་ཁེད། ༣༦ རིགས་རྒྱུད་གཅིག་ལས་སྐྱེས་པའི་སྤུན་མཆེད་ལྔ།། སྡོད་ས་མི་གཅིག་ཆེ་ཆུང་ཁ་ཁ་དང་།། མིང་ཡང་མི་གཅིག་བྱེད་ནུས་སོ་སོ་སྟེ།། ཅི་སྒྲུབ་བྱ་བ་ཡོད་ཚད་ཁོ་ཚོར་བརྟེན།། རྩ་བ་གཅིག་པའི་ཁེར་རྐྱང་ལྔ། ཅི་ཁེད། ༣༧ རྩྭ་དང་ཆས་ཀྱིས་གསོ་སྐྱོང་མི་དགོས་ཤིང་།། ཐག་པ་གཉའ་ཤིང་སོགས་ཀྱང་མི་དགོས་པའི།། ཡ་མཚན་ཤིན་ཏུ་ཆེ་བའི་རྨོན་མཛོ་དེས།། རྨོན་ལས་སྐྱེལ་འདྲེན་གཉིས་ཀའི་བྱ་བ་བྱེད།། ཐག་པ་གཉའ་ཤིང་མི་དགོས་པའི། ཡ་མཚན་ཆེ་བའི་རྨོན་མཛོ་ཞིག ཅི་ཁེད། ༣༨ ས་སྐྱོང་གོང་མ་རྒྱལ་པོའི་མཁར་ཁ་རུ།། སྐྱེས་པའི་ལྕགས་ཀྱི་སྡོང་པོ་སྔོན་པོ་དེ།། རྣོན་པོ་མཚོན་ཆ་སུས་ཀྱང་མི་གཅོད་ཀྱང་།། འབྱུང་བ་རླུང་གི་ཆོད་པའི་དངོས་དེ་གང་།། རྒྱལ་པོ་ཚང་གི་མཁར་ཁ་ཡི། ལྕགས་ཀྱི་སྡོང་པོ་སྔོན་པོ་དེ། རྣོན་པོ་མཚོན་གྱིས་མི་ཆོད་ཀྱང་། འབྱུང་བ་རླུང་གིས་ཆོད་པ་ཡིན། ཅི་ཁེད། ༣༩ མགོ་བོར་རུས་པ་དཀར་པོའི་དབུ་ཞྭ་དང་།། རྐང་པར་སྲ་འཁྲེགས་རྡོ་ཡི་ལྷམ་གྱོན་པའི།། ལྷ་ཤིང་ཤུགས་པས་བཟོས་པའི་ཉག་ཕྲན་དེ།། དབུ་ནག་བསིལ་གདུགས་འདེགས་ལ་ཤིན་ཏུ་དཔའ།། མགོ་རུས་ཞྭ། རྐང་རྡོ་ལྷམ། ཅི་ཁེད། ༤༠ ཤ་ཡི་རི་བོ་རྩེགས་པའི་ཁྲི་སྟེང་གི། ལྷ་ཤིང་ཤུགས་པས་བཟོས་པའི་སྣོད་བཟང་ནང་།། ཡུ་མར་བཅུད་ཀྱིས་གཏམ་པའི་རྒྱ་མཚོའི་ཁར།། གསེར་གྱི་མེ་ཏོག་འདབ་བརྒྱ་བཞད་དེ་གང་།། ཤ་ཁྲི་སྟེང་ལ་ཤིང་ཁྲི། ཤིང་ཁྲི་སྟེང་ལ་བརྒྱ་མཚོ། རྒྱ་མཚོའི་ཁ་ལ་མེ་ཏོག ཅི་ཁེད། ༤༡ རྟགས་བརྒྱད་རི་མོ་བཀྲ་བའི་སྣོད་ནང་དུ།། དལ་འབབ་གཅིག་ཏུ་འཁྱིལ་བའི་རྒྱ་མཚོའི་ཁར།། འབྲུ་དཀར་ཕྱེ་མ་སྤུངས་པའི་གངས་རི་ཆགས།། རྩེ་མོར་ཆེ་ཆུང་མི་གཅིག་བྱ་ལྔ་བབས།། ཞབས་ལ་རྒྱ་མཚོ་འཁྱིལ། སྟེང་ལ་གངས་རི་ཆགས། རྩེ་ལ་བྱ་ལྔ་བབས། ཅི་ཁེད། ༡༢ གོར་མོ་རྡོ་ཡི་ཡ་འགལ་མ་འགལ་གཉིས།། གཡོན་དུ་འཁོར་བའི་སྟེང་གི་གོ་ར་ན།། ཁྲི་འབུམ་ལུ་གུའི་བྲོ་གར་འཁྲབ་དང་ལྷན།། འོག་ནས་ཁ་བ་དཀར་པོའི་ཕྱེ་མ་འབབ།། གད་ཐོག་ན་ལུ་གུ་རྩེ་རྩེ། གད་འོག་ན་ཁང་སྐྱ་འབབ། ཅི་ཁེད།

           ༤༣

སིང་ལྡེང་སྡོང་པོའི་ནགས་ཀྱི་སྣོད་ནང་གི། འབྲུ་མར་རྒྱུ་ལས་བྱས་པའི་དངོས་པོ་དེ།། སྤྱི་ཁྱབ་དམག་དཔོན་སྤུན་ལྔས་བཟུང་ནས་ཁྲིད།། སུམ་བཅུ་དམག་གིས་གཙབ་ཤིང་དམྱལ་བར་བརྫང་།། ཀུང་ཀུང་ནང་ལ་ལོག་ལོག་ཞིག ཇག་པ་སྤུན་ལྔས་བཟུང་བུད་ཐལ། གྲི་མདུང་སུམ་བཅུས་ ཙབ་བུས་ཐལ། དམྱལ་བའི་འཕྲང་ལ་རྒྱུ་བུད་ཐལ། ཅི་ཁེད།



སྙན་ངག་དཔེ་རྒྱན་སོ་གཉིས་ཀྱི་དཔེ་བརྗོད་གོ་སླ་བའི་ ཚིགས་བཅད་དུ་སྡེབ་པ་ན་ཆུང་བྱིས་པ་ འཇུག་པའི་སྒོ་ཆེན།

རབ་མཛེས་ཞལ་རས་སྟོན་ཟླ་འཛུམ་པའི་གཉེན།། བཞི་བཅུའི་ཚེམས་དཀར་གངས་རིའི་ཕྲེང་བའི་སྤུན།། སྲིད་པའི་མཚར་སྡུག་ཡོངས་རྫོགས་ངག་གི་ལྷ།། དེ་རིང་ལོངས་སྤྱོད་འཁོར་ལོའི་ཁ་ལོ་སྒྱུར།།

འདི་ན་མ་བཅོས་ལྷག་བསམ་གྱིས།། སྙན་ངག་དཔེ་རྒྱན་སོ་གཉིས་ཀྱི།། དཔེ་བརྗོད་བྱིས་པ་འཇུག་པའི་སྒོ། གོ་སླའི་ཚིག་གིས་ཕྱེ་བར་བྱ།། ༡ སྤང་ལྗོངས་གཡུ་སྔོན་ཕྱིས་འདྲར་མཛེས།། ཆུ་སྐྱེས་འཇའ་ཚོན་བཞིན་དུ་བཀྲ། འབྲུག་སྐད་རྒྱུད་མང་ལྟར་སྙན་པའི།། དབྱར་གྱི་ཕུན་ཚོགས་ལྷ་ཡུལ་དངོས།། ༢ རབ་མཛེས་དབྱར་གྱི་སྤང་ལྗོངས་ནི།། སྔོ་ལྗང་གཡང་ཊི་ཕྱིས་པ་བཞིན།། དཀར་དམར་ཆུ་སྐྱེས་འབུམ་ཕྲག་ཡང་།། མཚན་མོའི་རྒྱུ་སྐར་གྲངས་ལ་བསྙེགས།། ༣ རྒན་གྱི་ཐུགས་ནི་མཁའ་ལམ་བཞིན།། མཐའ་བྲལ་རྒྱ་མཚོའི་ཀློང་དུ་འདྲེས།། མཚུངས་མེད་བརྩེ་བ་ཀུན་གསལ་བཞིན།། ནམ་ཡང་འགྱུར་མེད་སྔོན་པོར་གསལ།། ༤ ཡིད་མཐུན་མཛའ་མོའི་བཞིན་རས་ལྟར།། འདབ་གྲོལ་པད་ཚལ་ཡིད་དུ་འོང་།། ཟུམ་པའི་ཆུ་སྐྱེས་འདབ་མ་བཞིན།། ཁྱོད་འཛུམ་བདག་ལ་སྙིང་དུ་སྡུག། ༥ དེང་རབས་མཁའ་སྤྱོད་གནམ་གྲུའི་དཔེར།། མཁའ་ལྡིང་ཁོ་ན་འགོད་ལགས་ཀྱི།། སྲིད་འདིར་དཔེར་འོས་གཉིས་པ་གཞན།། གང་ནས་བཙལ་ཀྱང་བརྙེད་དུ་མེད།། ༦ ཕུན་ཚོགས་དབྱར་གྱི་མཛེས་སྡུག་གི། དཔེ་རུ་རེ་ཞིག་ལྷ་ཡུལ་གྱི། སྐྱེད་ཚལ་འགོད་ཀྱང་དེ་ལས་གཞན།། མཚུངས་ཆོས་མཆིས་ན་འགོད་པར་འོས།། ༧ པད་དཀར་མཛེས་པ་ཁོ་ན་ཡིས།། ཆུ་ཤེལ་དབང་པོར་ག་ལ་འགྲན།། ནག་ནོག་སྐྱོན་གྱིས་མ་གོས་པའི།། རབ་དཀར་ཁ་དོག་འཛིན་འདིས་ཀྱང་།། ༨ ཐང་སན་རྒྱ་ནག་མཁར་དུ་སྐྱེས།། ཨ་ནུ་གངས་ཅན་བོད་ཡུལ་ཏེ།། དེ་ལས་གཞན་དུ་ཐ་དད་ཆོས།། འདི་འོ་ཞེས་པ་རྙེད་མི་འགྱུར།། ༩ སྙན་འགྱུར་མགྲིན་པའི་ཀི་ཁུའི་དབྱངས།། སྒྲོགས་ཞེས་ཁུ་བྱུག་དྲེགས་མི་འཚལ།། ཁྱོད་གཞན་བྱིའུ་ཆུང་འཇོལ་མོར་ཡང་།། དེ་ལས་སྙན་པའི་དྲུག་འགྱུར་འདུག། ༡༠ མཛེས་སྡུག་ཆུ་སྐྱེས་མེ་ཏོག་ལ།། སྣ་ཚོགས་གོས་ཀྱིས་རབ་རྒྱན་ཅིང་།། སྙན་འགྱུར་གླུ་དབྱངས་ལེན་ཤེས་ན།། ངེས་པར་ཨ་ལེན་རྗེས་སུ་འགྲོ། ༡༡ སྣ་ཚོགས་རྒྱན་གྱིས་མཛེས་སྤྲས་པའི།། ལང་ཚོའི་དྲེགས་པའི་སྨན་ཆུང་ལ།། རང་གི་དགའ་མར་རབ་འཁྲུལ་ནས།། འཁྱུད་ཏེ་སྙིང་གཏམ་བརྗོད་པར་རྩོམ།། ༡༢ ཅི་འདི་ཡིད་འོང་པད་ཚལ་ནས།། མེ་ཏོག་དཀར་པོའི་འཛུམ་ཟེར་རམ།། ཡང་ན་སྙིང་གྲོགས་ཁྱོད་ཀྱི་ཞལ།། འཛུམ་པ་ཅི་ཡིན་ཆ་མ་འཚལ།། ༡༣ མཛེས་ཤིང་སྡུག་པའི་སྐྱེད་ཚལ་འདི།། སུམ་བརྩེན་ས་ལ་འཕོས་པ་མིན།། འཛམ་གླིང་དབུ་རྩེར་གྲགས་འབར་བའི།། བསིལ་ལྡན་གངས་ལྗོངས་ཡིན་པར་ངེས།། ༡༤ མཛེས་སྡུག་རབ་དཀར་རྨོངས་མུན་འཇོམས།། གཞན་ཕན་བསིལ་ཟེར་འགྲོ་ལ་འགྱེད།། མཚུངས་མེད་དགེ་རྒན་དམ་པ་ཁྱེད།། སྟོན་མཚན་བཅོ་ལྔའི་ཟླ་བར་འགྲན།། ༡༥ སྐྱེ་གཟུགས་མཛེས་པའི་བུ་མོ་ཁྱོད།། དབྱར་སྐྱེས་མེ་ཏོག་རྗེས་འགྲོ་སྟེ།། ལང་ཚོ་ལྟ་བས་མི་ངོམས་ཤིང་།། རིཊ་མཐུན་གྲལ་ནས་མངོན་པར་འཕཊ།། ༡༦ ཟླ་ཤེལ་གསལ་ཡང་ར་རི་འཛིན།། ཆུ་སྐྱེས་མཛེས་ཀྱང་སྲོག་དང་བྲལ།། དེ་ཕྱིར་མཛེས་མའི་ལང་ཚོ་ལ།། དཔེ་དེས་གཞལ་བར་ག་ལ་ནུས།། ༡༧ མཐའ་ཡས་རྒྱ་མཚོ་ནོར་བུའི་མཛོད།། ཡངས་པའི་ས་ཆེན་རིན་ཆེན་གཏེར།། དེ་དང་དགེ་རྒན་དམ་པ་ཡི།། དཔག་ཡས་ཡོན་ཏན་ཕུང་པོ་མཉམ།། ༡༨ དགའ་བས་བསྟོད་བསྔགས་བྱེད་པའམ།། སྨོད་པའི་ཅ་ཅོ་འདོན་ཀྱང་རུང་།། ཁྱོད་ཞལ་ཆུ་ཤེལ་དབང་པོ་དང་།། མཚུངས་ཞེས་བརྗོད་འདོད་སུ་ཡིས་འགོག། ༡༩ དཀར་མཛེས་བཅོ་ལྔའི་ཟླ་བ་དང་།། མེ་ཏོག་པད་མ་དཀར་པོ་གཉིས།། ཡིད་འོང་མཛེས་མའི་བཞིན་རས་གསུམ།། མཚུངས་ཀྱང་ཕན་ཚུན་རྣམ་པ་འགལ།། ༢༠ སྙན་པའི་དྲུག་འགྱུར་མ་མཆིས་ཤིང་།། ཅ་ཅོ་སྒྲོགས་པའི་བྱ་ཕོའི་སྐད།། ནམ་ཡང་ཁུ་བྱུག་གསུང་སྐད་ལ།། འགྲན་པའི་གོ་སྐབས་ཡོད་མ་ཡིན།། ༢༡ འགྲོས་ལྡན་ཅང་ཤེས་ཞོན་པའི་མཆོག། འཕྲུལ་གྱི་རྟ་ཕོའི་དེའི་ཚབ་བྱེད།། དེ་ལྟའི་ཕྱིར་ན་ཁྱོད་གཉིས་ཀྱི།། མཆོག་དམན་དབྱེ་བ་སུ་ཡིས་འབྱེད།། ༢༢ འདི་ནི་ཨ་ལེན་ལང་ཚོ་སྟེ།། དབྱར་སྐྱེས་མེ་ཏོག་པད་མ་མིན།། སྙན་པའི་ངག་གི་གླུ་དབྱངས་ཏེ།། བྷྲ་མ་ར་ཡི་མགྲིན་གླུ་མིན། ༢༣ མཛེས་པའི་ཕུལ་གྱུར་པད་དཀར་ལས།། རིང་འདས་སྙིང་གྲོགས་བཞིན་རས་ཀྱི།། དཔེ་ཟླར་རང་ཉིད་འོས་པ་ལས།། དེ་གཞན་སུས་ཀྱང་འགྲན་མི་བསྡོ།། ༢༤ མཛེས་པའི་ལང་ཚོའི་རབ་དྲེགས་ཤིང་།། སྐྱེ་གཟུགས་ཡག་པའི་ལུས་ཕྲ་ཁྱོད།། སྲིད་པ་གསུམ་གྱི་མཚར་སྡུག་ཀུན།། མ་ལུས་གཅིག་ཏུ་བསྡུས་པ་བཞིན།། ༢༥ ཉི་མའི་འོད་ལ་མུན་པ་དང་།། པད་དཀར་ནག་ནོག་མི་འབྱུང་བཞིན།། མཛེས་མ་ཁྱོད་ཀྱི་ཞལ་རས་ལ།། ངན་པའི་ཁ་དོག་འཛིན་མ་ཡིན།། ༢༦ ཁ་བ་དུང་དང་པད་མ་དཀར།། ཟླ་ཤེལ་གངས་ཀྱི་ལྷུན་པོ་བཞིན།། ཡིད་འཕྲོག་དཀར་ཞིང་མཛེས་པ་ལྟར།། སྙིང་གྲོགས་ཁྱོད་ཞལ་ཡིད་དུ་འོང་།། ༢༧ ཡིད་འོང་མཛེས་མའི་ལང་ཚོ་ནི།། ཚིགས་དྲུག་སྨྱུག་མའི་རྗེས་སུ་འགྲོ། དཀར་མཛེས་བཞིན་གྱི་དཀྱིལ་འཁོར་ཡང་།། ཁ་བའི་ཞུན་མ་བྱུག་པ་བཞིན།། ༢༨ ཀུན་གསལ་ངོས་སུ་སྤྲིན་ཕྲེང་ལྟར།། སྤྲིན་གྱིས་སྦྲང་ཆར་ཟིལ་བ་དང་།། སྦྲང་ཆར་སྐྱེ་རྒུའི་གདུང་སེལ་བཞིན།། ཁྱེད་གསུང་ལེགས་བཤད་རྣ་བའི་དཔྱིད།། ༢༩ གྲོགས་ཁྱོད་ལང་ཚོའི་མཛེས་པ་དང་།། ཞལ་རས་ཤིན་ཏུ་རབ་དཀར་བ།། རྡུལ་བྲལ་གནམ་སྔོན་དག་པ་རུ།། ཉ་གང་ཟླ་བས་མཚོན་བཞིན་མཛེས།། བཞིན་སྒྲ་དུ་མ་ཅན། དབྱར་རྔ་ཇི་བཞིན་གང་གི་གསུང་།། གློག་དམར་འཁྱུག་བཞིན་ཁྱོད་ཀྱི་ཐུགས།། སྦྲང་ཆར་ཇི་བཞིན་ལེགས་བཤད་ནི།། མེ་ཏོག་ཕྲེང་བཞིན་བདག་ལ་གནང་།། ༣༠ དྲང་པོར་སྐྱེས་པའི་སྨྱུག་མང་ཡང་།། མཛེས་མའི་གཟུགས་ལ་འགྲན་ནུས་མིན།། ཆུ་སྐྱེས་འདབ་མ་རབ་དཀར་ཡང་།། ཁྱོད་ཞལ་ཟླ་བོ་ཟིན་མ་ཡིན།། ༣༡ ཆུ་ཤེལ་ལྷ་ལམ་ངོས་སུ་རྒྱུ།། མེ་ཏོག་སྐྱེས་ཚལ་དབུས་ན་འཛུམ།། དེ་ཡིས་སྲིད་པའི་གདུང་བ་སེལ།། ཁྱོད་ཀྱིས་སྦྲང་ཆུང་བཅུད་ཀྱིས་གསོ།། ༣༢ ཁྱེད་སྐུ་མཛེས་པ་པད་དཀར་དང་།། གསུང་སྙན་ཁུ་བྱུག་བུ་མོའི་གླུ། ཐུགས་ནི་རྒྱ་ཆེ་མཁའ་ལམ་བཞིན།། བདག་གི་གྲོགས་ཁྱོད་ཨ་ཧོ་རྨད།།

དེ་སྐད་སྙན་ངག་བསྟན་བཅོས་ཀྱི།། དཔེ་རྒྱན་སོ་གཉིས་དཔེ་བརྗོད་འདི།། བློ་གསལ་འཇུག་པའི་སྒོ་ཆེན་ཏེ།། དོན་གཉེར་ཅན་རྣམས་འཇུག་པར་རིགས།།









རིགས་གཅིག་བློ་གཅིག་ཆོལ་གསུམ་སྤུན་ཟླ་རྣམས།། ང་ཆེ་ཁོ་ཆེའི་ཕྱོགས་རིས་མ་བྱེད་པར།། ཨ་མཉམ་འདྲ་མཉམ་ལྟ་བ་དེ་བཟུང་ནས།། བློ་གཅིག་སེམས་གཅིག་དཔུང་རྡང་མཉམ་དུ་སྦྲེལ།།

ཅི་དྲག་གང་དྲག་ཐབས་ཚུལ་དུ་མ་ཡིས།། ཅི་ནུས་ཅི་ལྕོགས་འབད་པ་བརྒྱ་ཕྲག་གིས།། ཅི་བཏབ་ཅི་ཐོབ་སྲི་ཞུའི་རྟགས་སྐྱོང་ནས།། ཅི་འདོད་གང་འདོད་ཡར་རྒྱས་ཡོང་བར་བྱོས།།

ཁྲིམས་མེད་ལུགས་མེད་གཞན་གྱི་བཙན་གནོན་འོག། ཨ་སྡུག་ཡང་སྡུག་མནར་གཅོད་ཆེ་ན་ཡང་།། ཡིན་ལུགས་མིན་ལུགས་བདེན་པའི་ངོ་རྒོལ་གྱིས།། རང་དབང་རང་ཐོབ་བྱེད་པའི་སྙིང་སྟོབས་བསྐྱེད།།

ཤ་ཤོར་ཤ་ལན་མ་ལོན་གྱི་ནར་ལུས།། ལ་ཐོར་ལུང་ཐོར་གྱུར་ནས་ལོ་མང་འགོར།། ཤ་ཟད་རུས་ཟད་ཉི་མ་ད་ལ་ཐུག། རང་ཁྱིམ་རང་བདག་བྱེད་རན་མ་ལགས་སམ།།

མི་ཤོར་རྒྱུ་ཤོར་དེ་ཡི་ར་མདའ་དང་།། མགོ་གཡོགས་མགོ་སྐོར་བཏང་བའི་ཡ་ལན་དང་།། ཤ་ཉོག་རུས་ཉོག་བཟོས་པའི་ཞེ་འཁོན་སོགས།། ཁ་ཙམ་ཚིག་ཙམ་མིན་པའི་སྤྲོད་རན་རེད།།

འགྲོ་མིན་སྡོད་མིན་བྱེད་པའི་སྒྱིད་ལུགས་དང་།། ཁ་མཉམ་ཚིག་མཉམ་མེད་པའི་གཏོར་གཤིཊ་སོཊ།། བདག་བསླུ་གཞན་བསླུ་རྒུད་པའི་རྩ་བ་སྟེ།། ད་ནི་ད་ནས་བཟུང་སྟེ་བག་ཟོན་མཛོད།།

ང་ཆེ་ང་བཙན་མཐུན་པ་དཀྲུགས་པའི་གཞི།། ཁེ་ལོག་ཚོང་ལོག་རྗེས་ལུས་རྩ་བ་ཉིད།། སྐྱ་མིན་སེར་མིན་ལུགས་གཉིས་གནོད་པའི་དགྲ། མགོ་མེད་མཇུག་མེད་འབྲས་བུ་མེད་པའི་ལས།།

ཡུལ་སྲོལ་གོམས་སྲོལ་དྲང་པོའི་བཟང་ངན་འབྱེད།། གཅིག་རམ་གཅིག་འདེགས་མཐུན་པའི་རྩ་བ་འཛུག། གཅིག་རྗེས་གཅིག་མཐུད་ང་ཚོའི་སྤུན་ཟླ་རྣམས།། མདུན་ནས་མདུན་དུ་འཕེལ་རྒྱས་ཡང་རྩེར་སྙེགས།།

གཅིག་མཉམ་ཀུན་མཉམ་འགྲོ་བ་མི་གྲལ་ནས།། བདེན་པ་བདེན་ཐོབ་སྨྲ་བའི་སྙིང་སྟོབས་ཀྱིས།། ཁྲིམས་མེད་ལུགས་མེད་གཡོ་སྒྱུའི་མགོ་སྐོར་ལ།། ཁ་ཡ་ངོ་ཡས་རྒོལ་ལན་སྤྲོད་པར་མཛོད།། ༢༠༡༠/༥ /༦






བྱམས་ལྡན་ཨ་མའི་བཀའ་དྲིན།

སྐྱབས་བཅོལ་ན་བསླུ་བ་མེད་པའི།། དུས་གཏན་གྱི་སྐྱབས་མཆོག་རྣམ་གསུམ།། ཡུལ་རྒྱང་རིང་དྲིན་ཆེན་མ་ལོར།། མགོན་སྐྱོབས་པའི་ཐུགས་རྗེ་མ་ཆུང་།།

གནས་ངེས་མེད་གཞན་ཡུལ་འགྲིམ་དུས།། ལུས་ངལ་དུབ་གདུང་བས་མནར་ཚེ།། ཐུགས་བྱམས་བརྩེའི་རྟག་ཏུ་སྐྱོང་བའི།། དྲིན་མ་ལོའི་བཀའ་དྲིན་དྲན་སོང་།།

གོས་འཇམ་པོ་གོན་པར་མ་བྲ།། བྱས་ཞིམ་པོ་བྱ་བར་མ་ཕོད།། བུ་ང་ལ་ཕངས་མེད་གནང་བའི།། དྲིན་ཨ་མའི་བཀའ་དྲིན་ནམ་གཞལ།།

ས་སྐྱིད་པོ་རང་གི་ཡུལ་ནས།། དྲིན་ཨ་མའི་རྩ་ན་ཡོད་དུས།། སེམས་ཁ་ཏ་བསླབ་བྱ་དང་བཅས།། གནས་ལྔ་རིག་སློབ་གླིང་འགྲིམ་ཟེར།།

མ་དྲིན་ཆེན་རེ་མདུན་མ་ལུས།། བུ་ང་ཡི་སེམས་ལ་བཅིང་བཞིན།། ས་རི་ཆུ་སྟོང་ཕྲག་བརྒལ་ནས།། གནས་ལྔ་རིག་གླིང་ལ་སོང་ཡིན།།

ལུས་ལྷུ་དྲུག་སྙོམས་ལག་རྒྱས་ཀྱང་།། དུས་ད་དུང་བྱམས་ལྡན་ཨ་མས།། ཐུགས་བརྩེ་བས་གཉོར་སྐྱོང་བྱེད་པ།། ཚུལ་བསམ་ན་སྐྱོ་བའི་སྣོན་མ།།

དུས་མི་རྟག་རྒ་བའི་སད་ཀྱིས།། ལུས་ལང་ཚོའི་འདབ་མ་བཅོམ་པའི།། མ་ཁྱེད་རང་ཐུན་གསུམ་ངོགས་ནས།། ཞལ་མཇལ་ཡང་སྐྱོ་བའི་གཞི་མ།།

རྒས་གཉེར་རིས་ཐོད་ལ་བརྩེགས་ཀྱང་།། བུ་ང་ལ་སེམས་ཁུར་བྱེད་པའི།། དྲིན་གཞན་མེད་བྱམས་ལྡན་ཨ་མ།། ལུས་འདུ་ཕུང་བདེ་བའི་སྨོན་ལམ།།

མགོ་སྐྲ་ལོའི་འདབ་མ་ཇེ་དཀར།། ནད་འབྱུང་བཞིའི་འདུ་འཁྲུགས་ཇེ་ཆེ།། ཚུལ་དེ་ལ་བསམ་ཞིང་བསམ་ན།། མ་ཁྱེད་ཀྱི་དྲིན་ལན་ནམ་མཇལ།། ༢༠༠༦/༦/༢༥ ཉིན་བྲིས་སོ།།







ང་ཡི་ངག་བཞིན་ཤེས་རིག་ནོར་བུ་བསྟེན།

སློབ་ཕྲུག་ཆུང་ཆུང་ཞིག་ལ་ཕུལ་བ། ཀ་ཡེ་ཉོན་དང་རིགས་མཐུན་སྙིང་གི་གྲོགས།། ཁ་མིན་དོན་གྱིས་གངས་རིའི་ཆོས་སྲིད་ལ།། ག་ལེར་སྲི་ཞུ་ཡང་དག་སྒྲུབ་འདོད་ན།། ང་ཡི་ངག་བཞིན་ཤེས་རིག་ནོར་བུ་བརྟེན།།

ཅ་ཅོའི་གཏམ་གྱིས་དུས་ཚོད་མ་བརླག་པར།། ཆ་ལུག་ཚུལ་མཐུན་བབ་ཆག་གྱོན་པ་དང་།། ཇ་ཆང་སྤངས་ནས་མི་ཆོས་གཙང་མ་ལ།། ཉ་རྒྱས་ཟླ་བཞིན་ཡང་ཡང་གོམས་པར་མཛོད།།

ཏ་ལེན་ཁུར་ནས་རྒྱལ་ཁམ་འགྲིམས་པ་དང་།། ཐ་ཆད་མ་རབས་སྤྱོད་པ་དོར་བྱས་ནས། ད་ནི་རང་གི་རང་ཉིད་ལེག་ལམ་ལ།། ན་ཆུང་དུས་ནས་བཀྲི་བར་བྱས་ན་ལེགས།། པ་སང་ལྟར་དཀར་ལྷག་བསམ་རྣམ་དག་གིས།། ཕ་ས་འཛིན་པའི་སྤོབས་པ་ཡོད་པ་ན།། བ་ལང་རྨོངས་པའི་རྟུལ་ཞུགས་མ་འཛིན་པར།། མ་ལུས་ཤེས་བྱ་རྒྱ་མཚོའི་དྭངས་བཅུད་ལོང་།།

རྩྭ་མཆོག་རྐང་པ་རེ་རེའི་གྲངས་ལྡན་གྱི།། ཚ་གྲང་ངལ་བ་བརྒྱ་ཕྲག་ཆད་བསད་ནས།། ཛ་དྲག་ཆེན་པོས་འཕེལ་རྒྱས་འོད་སྣང་གིས།། ཝ་ལེར་གསལ་བར་བྱས་ན་མི་ལེགས་སམ།།

ར་བ་ལྕགས་རིའི་སྐོར་བའི་རྩྭ་ཆུའི་དོན།། ལ་འུར་རྡུང་རེས་བྱེད་ལ་མ་བྲེལ་བར།། ཤ་རུས་གཅིག་པའི་རིགས་མཐུན་སྤུན་ཟླ་ལ།། ས་ཆ་གང་དུ་སོང་ཡང་མཐུན་སྦྲེལ་བྱོས།།

ཞྭ་ལྟར་བཀུར་བའི་འཇོན་ཐང་མེད་ན་ཡང་།། ཟ་མ་བཟང་པོས་གྲོགས་ལ་མགྲོན་མེད་ཀྱང་།། འ་ཅག་གངས་ཅན་བོད་པའི་ལ་རྒྱ་ཞིག། ཡ་རབས་ཁྱོད་ལ་ཡོད་ན་དེ་ཡིས་ཆོག།

ཧ་ཅང་བརྩེ་བའི་གྲོགས་པོ་ཆུང་ཆུང་ལ།། ཨ་ཕོ་ང་ཡིས་ཕན་པའི་བསམ་སྦྱོར་གྱིས།། ཧ་ལམ་སྙིང་པོ་མེད་པའི་གཏམ་འདི་དག། ཨ་བུའི་སོར་མོའི་ཟློས་གར་ལམ་ནས་སྤེལ།།

༢༠༡༠ ༤ ༡༢ ཕ་ཡུལ་ནས།










གཞོན་ཆུང་སེམས་པ་ཡི་འགྱུར་ལྡོག། དཔྱིད་ཀའི་གནམ་ངོ་ཡི་རང་བཞིན།། ལྷད་མེད་སྙིང་གཏམ་གྱི་རི་མོ།། ཉིན་གསུམ་ཙམ་ལ་ཡང་མི་བརྟན།།

ལྷུང་ལྷུང་མིག་ཆུ་དེ་བཞུར་ཡང་།། སྙིང་ནས་བརྡོལ་མིན་དེ་སུས་ཤེས།། ཤུབ་ཤུབ་སྙིང་གཏམ་རེ་བཤད་ཀྱང་།། བསླུ་བྲིད་གཡོ་རྒྱུ་ཞིག་ཡིན་ངེས།།

དེ་རིང་ཨ་གསར་གྱི་འཛུམ་མདངས།། འཛུམ་པའི་མེ་ཏོག་དང་འདྲ་ཡང་།། སང་ཉིན་མི་སྡུག་པའིི་ཁྲོ་གཉེར།། འཇིགས་རུང་ཁྲོ་ཞལ་ཞིག་སྟོན་ཡོང་།།

ཁྲེལ་གཞུང་མེད་པ་ཡི་བརྩེ་གྲོགས།། བསམ་མེད་སྦྲང་ཆུང་གི་སྤུན་ཟླ།། མཚར་སྡུག་མེ་ཏོག་རེ་རྩེ་བཞིན།། སླར་ཡང་གཞན་ཕྱོགས་ལ་བུད་འགྲོ།།

ལྷད་མེད་བརྩེ་དུང་དེ་མེད་པའི།། ན་ཆུང་གསར་མོ་ཡི་སེམས་པ།། ཀྱག་ཀྱོག་ལུང་ཆུང་ནས་འབབ་པའི།། མཁྱོག་པོའི་ཆུ་ཕྲན་དང་འདྲ་འདུག། ༢༠༠༨/༤/༣༤







ཁ་སང་ཕྱི་རོལ་གྱི་ཚོར་སྣང་ སྨྱུག་རྩེ་རུ་བཞུར་བ་སྙན་ངག་མིན་ལ། དེ་རིང་སེམས་ནང་གི་དགའ་སྐྱོ་ ཐོལ་བྱུང་དུ་གླེང་བ་དོན་གྱི་སྙན་ངག་ཡིན།

ཡོད་ཚད་རྟོག་བཏགས་ཀྱིས་བསླུས་པའི་ སྟོང་འདང་འབྲི་བ་ བཅོས་མའི་སྙན་ངག་དང་ དྲང་བདེན་གནས་ལུགས་ལྷུག་པོར་བརྗོད་པ་ དོན་གྱི་སྙན་ངག་ཡིན།

དབང་འབྱོར་གྱི་ཁ་ལོ་བསྒྱུར་བའི་ སྙན་ངག་བེམ་རོ་དང་ འགན་འཁྲིའི་སྤྱི་ཚོགས་ཀྱི་མདུན་ལམ་སྟོན་པ་ སྲོག་ལྡན་སྙན་ངག་ཡིན།

ངས་སྙན་ངག་འབྲི། མི་ཡུལ་འདི་ནས་ མི་སྐད་ངོ་མའི་སྙན་ངག་འབྲི། ༢༠༡༠/༡༢/༡༤








རྒྱང་རིང་གི་རེ་འབོད།

རེ་བའི་མིག་ཟུང་སྙོམ་པོ།། རྒྱང་རིང་ཕྱོགས་ལ་གཏད་ཀྱང༌།། སྙིང་གི་དྲིན་ཆེན་བླ་མ།། མཇལ་བའི་སྐལ་བ་མ་བྱུང།།

གཙན་པོ་ཁྲིམས་གྱི་འོག་ནས།། ཉམས་ཆུང་བོད་ཕྲུག་ང་ཡིས།། རེ་བའི་མདུན་མ་བཅོལ་ས།། རྒྱང་རིང་ཨ་ཇོ་ཁྱེད་ཡིན།།

ལོ་ཆུང་བྱིས་པའི་དུས་ནས།། སྡུག་གི་མུན་པ་ཕུད་ཡང༌།། སྐྱིད་ཀྱི་ཉི་མ་སེར་པོ།། ཤར་བའི་དུས་ཞིག་མི་འདུག།

སྐྱིད་པའི་ཕ་ཁྱིམ་སྨུག་པོར།། གཙན་གནོན་ཁྲིམས་གྱི་འོག་ནས།། ཉམས་ཆུང་བོད་ཕྲུག་འབུམ་གྱིས།། སེམས་ཀྱི་ཉི་མ་སྒུག་ཡོད།། ལྷད་མེད་ཀྱི་མཛའ་བརྩེ་།

ཁྲེལ་གཞུང་མི་འདུག་མ་ཟེར།། སེམས་ཁྲལ་ཆེ་གི་མ་གསུང༌།། དམར་ཆུང་སྙིང་གི་གཏད་སོ། སྙིང་གྲོགས་མཛེས་མ་ཁྱོད་ཡིན།།

བྲལ་དགོས་བྱུང་སོང་མ་གསུང༌།། ཐུགས་སེམས་སྐྱོ་བ་མ་གནང་།། སྔོན་གྱི་ལས་དབང་ཡོད་ན།། མི་རིང་ལྷན་དུ་འཛོམས་ཡོང༌།།

བརྩེ་སེམས་མི་འདུག་མ་ཟེར།། དུང་བ་ཆུང་གི་མ་གསུང༌།། འུ་གཉིས་བརྩེ་བའི་དུང་སེམས།། མི་འགྱུར་རྡོ་རྗེའི་མདུད་ཡིན།།

གཡོ་སྒྱུའི་འཛུམས་པ་མ་ཟེར།། བཅོས་མའི་སྙིང་གཏམ་མ་གསུང༌།། ཁྱོད་ལ་བཅང་པའི་མཛའ་བརྩེ།། རྡོ་ལ་རི་མོ་བརྐོས་ཡོད།། ༢༠༠༩ ༣ ༢༢


བཙན་པོའི་ཕ་ས།

གངས་རིའི་དུང་ཕྲེང་འཛུམ་པའི།། འཛམ་གླིང་གོ་ལའི་དབུ་རྩེ།། ཆོལ་གསུམ་ལྷ་ཡི་ཞིང་ཁམས།། གདོང་དྲུག་བཙན་པོའི་ཕ་ས།།

འོད་གསལ་ལྷ་ཡི་གདུང་རྒྱུད།། ཆོས་རྒྱལ་མེས་དབོན་བཞུགས་གནས།། བརྗིད་ཆགས་ཕོ་བྲང་དམར་པོ།། གངས་ཕྲུག་ང་ཡི་ཕ་མཁར།།

དཔའ་མཛངས་ཡོན་ཏན་འཛོམ་པའི།། གངས་རིའི་བུ་དང་བུ་མོ།། མི་ཆོས་གཙང་མ་སྤྱོད་པའི།། ཡབ་མེས་བཙན་པོའི་བུ་རྒྱུད།།

ལྔ་ཟུང་རིག་པའི་འབྱུང་གནས།། སྡེ་བཞི་ནོར་གྱི་བང་མཛོད།། གངས་ལྗོངས་ལྷ་ཡི་ཞིང་ཁམས།། བོད་ཕྲུག་ང་ཡི་ཕ་ཡུལ།།

༢༠༠༩   ༥    ༡༠






ང་དང་བོད་པ།

གངས་དཀར་ལྷུན་པོའི་འདབས་ནས།། སྦྲང་དཀར་རྩམ་པ་ཟོས་ཞིང་།། ང་དང་གདོང་དམར་བོད་པའི།། ལང་ཚོའི་མེ་ཏོག་བཞད་ཡོད།།

མཐིང་སྨུག་གཡུ་སྦྲའི་འགྲམས་ནས།། དཀར་གསུམ་འོ་ཞོ་འཐུང་བཞིན།། ང་དང་གདོང་དམར་བོད་པའི།། ལང་ཚོའི་གཉོམ་ལག་རྒྱས་ཡོད།།

དྲིན་ལྡན་ཕ་མའི་འགྲམ་ནས།། མི་ཆོས་གཙང་མ་སྤྱོད་བཞིན།། ང་དང་གདོང་དམར་བོད་པའི།། མི་ཚེའི་རིན་ཐང་ལོན་ཡོད།།

ཕོ་བྲང་དམར་པོའི་འདབས་ནས།། མེས་པོས་ལུགས་བཟང་སྐྱོང་བཞིན།། ང་དང་གདོང་དམར་བོད་པའི།། ལ་རྒྱའི་སྤོབས་པ་རྒྱས་ཡོད།། ༢༠༠༡༠ ༡༢ ༣༠






འབོད་སྐུལ།


གཡང་དཀར་ལུག་གུ་ཆུང་ཆུང་།། ཁེར་རྐྱང་རི་ཀླུང་མ་ཉུལ།། རི་སྤྱང་སྔོན་མོར་ཐུག་ན།། ཁྲེལ་མེད་གསོན་པོར་ཟ་འགྲོ།

ནགས་ཀྱི་བྱེའུ་ཆུང་འཇོལ་མོ།། ངེས་མེད་ས་ལ་མ་འཕུར།། བསམ་ངན་རྒྱ་ཁྲས་ཐོས་ན།། ཁྲེལ་མེད་བཙན་གྱིས་བཟུང་འགྲོ།

གསེར་མིག་ཉ་ཆུང་ལོ་ལོ།། ཞིམ་མངར་རོ་ལ་མ་ཆགས།། ཉ་པའི་བསླུ་བྲིད་འོག་ནས།། ལྕགས་ཀྱུ་ངར་མས་འདྲེན་འགྲོ།

ཤེས་ལྡན་གངས་ཕྲུག་གཞོན་ནུ།། ལ་རྒྱའི་སྐད་ངག་མ་མཐོ།། ཁྲེལ་མེད་ཇག་པས་ཐོས་ན།། ཉེས་མེད་ཁྲིམས་ལ་སྦྱར་འགྲོ། ༢༠༠༩ ༦ ༢༨







བྱིས་པའི་དུས་སུ་ ཅི་ཡང་བསམ་མི་ཤེས་ལ གང་ལའང་ འདང་རྒྱག་མེད་པའི་ རྩེད་མོ་དང་ གནམ་གཡེང་གི་དུས་སྐབས་ཏེ་ ལྕང་དབྱུག་རྟ་ཕོ་རུ་སྒོམ་ནས་ རང་ཉིད་དཔའ་བོ་རུ་སྐྱེད་པའི་དུས་སྐབས་ཡིན།

གཞོན་ནུའི་དུས་སུ་ དབྱངས་གསལ་སོ་བཞིའི་བྱིས་གླུ་གྱེར་བཞིན་ དགེ་རྒན་གྱི་བསླབ་བྱ་དང་ ཕ་མའི་ དཀའ་སློབ་ཉོན་བཞིན་ ན་མཉམ་གྲོགས་དང་ལྷན་དུ་ ཤེས་རིག་གི་ སྐྱེད་ཚལ་འགྲིམས་པའི་དུས་ཚོད་ལགས།

ན་གཞོན་དུས་སུ་ བསམ་བློ་འཁོར་སྟངས་ཤིག་དང་ རྟོག་དཔྱོད་ བྱེད་ཕྱོགས་ཤིག་གིས་ བརྗེད་དཀའ་བའི་ ཆག་གྲུམ་ཞིག་གི་གསང་བ་བརྟོལ་ཞིང་ ཐེག་དཀའ་བའི་ འགན་འཁྲི་ཞིག་གིས ཕུགས་བསམ་གསར་པའི་དབུ་ཁྱུད་འབྲི་པའི་ཉི་མའོ།།

ད་ལྟའི་དུས་སུ་ སེམས་ཀྱི་ན་ཟུག་ལྕི་མོ་དང་ ལུས་ཀྱི་ གནར་སྤྱོད་དྲག་པོས་ མུན་ནག་ལ་འཐབས་ཤིང་ འོད་དཀར་ལ་ དུང་བས་ ནམ་ཡང་འཚོལ་སྙེག་དང་ རྩོན་ལེན་གྱི་གོམ་ཁ་མི་དལ་བའི་གནས་སྐབས་རེད།

མ་འོངས་དུས་སུ་ སྙིང་སྟོབས་ཀྱི་ མདུན་བསྐྱོད་ཁྲོད་ནས་ བདེ་སྐྱིད་དང་རང་དབང་གི་ འོད་སྣང་ལ་རེ་བས་ སེམས་པ་ཡིད་ཆེས་ཀྱིས་ཁེངས་པའི་དུས་སྐབས་སོ། །

                         ༢༠༡༠/ ༡/༡༤

སྣ་ཚོགས་སྒྱུ་མའི་རོལ་དབྱངས།

༡ ཤར་རིའི་དབུ་རྩེར་འཛེགས་པའི།། ཁྲི་གདུགས་གསེར་བྱ་སེར་པོས།། འཛམ་གླིང་གཡས་སྐོར་བྱས་ནས།། གླིང་བཞིའི་མུན་པ་སེལ་སོང་།། ༢ སྤྲིན་དཀར་གསེབ་ནས་ཤར་བའི།། མོག་མོག་ཟླ་འོད་འོག་ནས།། ཕྱིར་དྲན་ཁྲོད་ཀྱི་སྣང་བརྙན།། ཡིད་ལ་ཡང་ཡང་འཁོར་བྱུང་།། ༣ རི་རྩེའི་ལ་བཙས་འགྲམ་ནས།། ཁྲི་ཕྲག་རླུང་རྟ་གཏོར་ཡོད།། རླུང་རྟ་རླུང་གིས་བསྐྱོད་དུས།། ཁ་བའི་ལས་དབང་བཅོལ་ཡོད།། ༤ དྲག་རླུང་འུར་འུར་ལྡང་བའི།། སྐྱོ་གདུག་འཁོར་བའི་གྲོང་ནས།། བུ་ངའི་སྙན་ངག་ཚིག་གསུམ།། སྐྱི་བསེར་རླུང་ལ་བསྐུར་ཡོད།། ༥ ཁྲི་གདུགས་ཤར་ནས་མ་འཛུམ།། ཟླ་དཀར་ནུབ་ནས་བཞུད་སོང་།། མུན་པས་མནར་བའི་བུ་ངས།། སྐྱ་རེངས་ནམ་ཤར་སྒུག་ཡོད།། ༦ བདག་སེམས་སུ་ལ་མ་བྱིན།། ཆུང་གྲོགས་ཁོ་ནར་བྱིན་ཡོད།། སྔོན་བསགས་ལས་དབང་སྐྱ་མོས།། མི་འདོད་བར་ཆད་མ་གཏོང་།། ༧ ཁ་བ་གཅིག་འབབ་གཉིས་འབབ།། སད་སེར་གཅིག་རྩུབ་གཉིས་རྩུབ།། ཡིད་འོང་སྙིང་གི་མེ་ཏོག། ནམ་ཡང་འགྱུར་བ་མི་འདུག། ༨ མ་བཅོས་སེམས་ཀྱི་མདུད་པ།། སྙིང་གྲོགས་ཕྱག་ལ་གཏད་ཡོད།། ཚེ་གཅིག་མཉམ་འགྲོགས་ཡོང་བའི།། འགྱུར་མེད་དམ་བཅའ་བྱས་བཞག། ༩ རང་སེམས་གསོ་བའི་གཞས་ཆུང་།། ཆུ་བོའི་འགྲམ་ནས་བཏང་བས།། ལྷུང་ལྷུང་སྐྱོ་བའི་སྨྲེ་ངག། བདག་ལ་ཡང་ཡང་བཏོན་བྱུང་།། ༡༠ འགྱུར་མེད་བརྩེ་བ་བརྟན་པོའི།། གསོན་བྲལ་བྱེད་འདོད་མེད་ན།། མི་རིང་རེ་བའི་འདུན་མ།། ལྷ་ཡིས་གནང་བ་ཨེ་ལགས།། ༡༡ ཤར་ནུབ་སྐར་མ་ཁྲ་ཆུང་།། ཨ་སྔོན་ཕ་རོལ་ཚུར་རོལ།། མཚན་དགུང་བརྩེ་བའི་དྲྭ་བས།། ནམ་མཁའི་དབྱིངས་སུ་སྦྲེལ་ཡོད།། ༡༢ ང་ནི་གསེར་སྦྲང་སེར་པོ།། ཁྱོད་ནི་གཡུ་སྦྲང་སྔོན་མོ།། ལྡུམ་ར་གཅིག་ཏུ་འཛོམ་པའི།། འགྱུར་མེད་ཁ་ཆད་བྱས་ཡོད།། ༡༣ སྤྲིན་དེ་ལྷོ་བསྐྱོད་ནུབ་བསྐྱོད།། ཆུ་དེ་ཤར་འབབ་བྱང་འབབ།། ང་རང་རི་རྒྱལ་ལྷུན་པོ།། འགྱུར་མེད་བརྟན་པོར་བསྡད་ཡོད།། ༡༤ གྱེས་བྲལ་བྱུང་བའི་གྲོགས་དེ།། ཁུ་བྱུག་ཡིན་ན་བསམ་བྱུང་།། དེ་རིང་ལྷོ་རུ་འཕུར་ཡང་།། སང་ཉིན་སླར་ཡང་ལོག་ཡོང་།། ༡༥ ཆུང་གྲོགས་ལང་ཚོའི་མེ་ཏོག། གཙང་པོའི་ཕ་ཁར་སྐྱེས་ཀྱང་།། ཡལ་མེད་བརྩེ་བའི་འཛུམ་མདངས།། སྐྱིད་ཆུའི་ཚུར་ཁར་ངོམས་འོང་།། ༡༦ དམར་ཆུང་སེམས་པའི་སྟེང་གི། བྱིའུ་ཆུང་རྒྱང་ལ་འཕུར་ཡང་།། སྐྱོ་གདུང་མུན་པའི་ཁྲོད་ནས།། སྐྱེལ་མ་ཞུ་དགོས་བྱུང་སོང་།། ༡༧ ཟླ་གཞོན་སྤྲིན་པས་སྒྲིབ་སོང་།། ཀུན་དའི་མཛེས་སྡུག་ཡལ་སོང་།། སྙིང་གྲོགས་རྒྱང་ལ་ཕེབས་སོང་།། ང་རང་ཁེར་རྐྱང་ལུས་སོང་།། ༡༨ ང་ལ་བརྩེ་བ་ལྡན་ཞིང་།། ཁྱོད་ལ་དུང་བ་འཛོམ་ན།། ལྷན་འཛོམ་དུས་ཀྱི་ཉི་མ།། སྐལ་པའི་མཐར་ཡང་སྒུག་ཆོག། ༡༩ དགོང་གི་སྤྲིན་པ་དཀར་པོར།། དུང་བའི་འཕྲིན་ཞིག་བསྐུར་ཡོད།། རྒྱང་རིང་སྙིང་སྡུག་ཕྱོགས་ལ།། འཕྲིན་དེ་འབྱོར་བ་ཨེ་བྱུང་།། ༢༠ འཛོམ་པའི་དུས་ཀྱི་དགའ་བ།། སྤྲིན་གསེབ་གློག་ལས་མྱུར་བ།། བྲལ་བའི་གདུང་བ་ལྕི་མོ།། སྟོན་མཚན་ལས་ཀྱང་རིང་བ།། ༢༡ རྩི་བཅུད་གཅིག་ལ་རོལ་བའི།། སྟོད་སྨད་གསེར་སྦྲང་གཡུ་སྦྲང་།། སྔོན་སྨོན་ལས་འཕྲོ་མེད་ན།། འཛོམ་པའི་སྐལ་བ་མི་འདུག། ༢༢ བསྐྱེད་པ་བླ་མའི་གསེར་ཞལ།། སེམས་ཀྱི་ངོས་ནས་ཡལ་སོང་།། མ་སྒོམ་སྙིང་སྡུག་འཛུམ་ཞལ།། གཏན་དུ་ཡལ་རྒྱུ་མི་འདུག། ༢༣ ནུབ་བཞུད་ཉི་མ་སེར་པོས།། ཕྱི་མིག་ལན་གཅིག་གནང་སོང་།། ང་རང་གསེར་ལོ་སེར་པོ།། སྐྱུར་འདོད་མེད་པ་ཡིན་ནམ།། ༢༤ ཡ་ཀི་རི་བོའི་རྩེ་ནས།། སྙན་མོའི་གཞས་ཤིག་བཏང་བས།། ཕ་ཀི་བྲག་རི་མཐོན་པོས།། ཨ་ལན་ཚུར་ལ་བྱས་སོང་།། ༢༥ དུང་སེམས་ཆུ་དང་འོ་མ།། ལྷན་དུ་འདྲེས་པ་བྱུང་ན།། གྱེས་བྲལ་སེམས་ཀྱི་གདུང་བ།། མ་ཤི་དམྱལ་བའི་སྡུག་བསྔལ།། ༢༦ སེམས་གཅོང་མྱོང་འདོད་མེད་ན།། བརྩེ་དུང་དར་གྱི་མདུད་པ།། འདྲེས་དང་མ་འདྲེས་མཚམས་ནས།། འབྲེལ་ཐག་བཙན་གྱིས་གཅོད་རོགས།། ༢༧ རང་སེམས་རང་གིས་གསོ་བའི།། སེམས་ཀྱི་གླུ་ཆུང་བླངས་པས།། ལྗོན་རྩེའི་བྱིའུ་ཆུང་དམར་པོས།། སྐྱོ་བའི་མིག་ཆུ་བཏང་བྱུང་།། ༢༨ སྙིང་གྲོགས་ལང་ཚོའི་མེ་ཏོག། གཞན་དབང་དུས་ཀྱིས་བཅོམ་ཡང་།། དུང་སེམས་ཟིལ་མངར་གསར་བ།། ད་དུང་དྲུང་ན་ལྷག་འདུག། ༢༩ མདོག་མཛེས་མཁའ་ཡི་འཇའ་ཚོན།། མཐོང་ཡང་ཟིན་རྒྱུ་མི་འདུག། འཇིག་རྟེན་འཁོར་བའི་བརྩེ་དུང་།། ཐོབ་ཀྱང་སྙིང་པོ་མེད་གི། ༣༠ དེ་རིང་ལྷན་དུ་བརྩེ་བའི།། ན་ཆུང་བུ་མོ་མཛེས་མ།། སང་ཉིན་གཞན་གྱི་གྲོགས་སུ།། མི་འགྱུར་དམ་བཅའ་བཞག་འདུག། ༣༡ ཕར་ལ་འགྱུར་མེད་བརྩེ་བས།། སེམས་ཀྱི་བློ་གཏད་བཅོལ་ཡང་།། ཚུར་ལ་བསླུ་བྲིད་འོག་ནས།། ཁྲེལ་མེད་མགོ་སྐོར་བཏང་སོང་།། ༣༢ འབྱོར་ཚེ་ཚུར་ཚུར་བཅར་ཞིང་།། རྒུད་དུས་ཕར་ཕར་བྱེར་བའི།། དེང་སང་གྲོགས་པོའི་བྱ་སྤྱོད།། མཐོང་ན་ཡི་མུག་སྐྱེ་འོང་།། ༣༣ ན་ནིང་ཨ་གསར་བརྩེ་བས།། འདུན་མ་མཉམ་དུ་བསྐྱང་ཡང་།། ད་ལོ་སྣ་ཚོགས་རྩོད་པས།། སོ་སོར་གྱེས་པ་ཨི་མཐོང་།། ༣༤ ཁྲེལ་དང་ཕྱི་ཐག་རིང་བའི།། ཡིད་མཐུན་སྙིང་གི་གྲོགས་དེ།། མི་ལོ་མང་པོར་བྲལ་ཡང་།། གཏན་ཚིག་འགྱུར་བ་མི་འདུག། ༣༥ སྐྱོ་གདུང་སེམས་གཅོང་མྱོང་བའི།། འཇིག་རྟེན་འཁོར་བའི་གྲོང་ནས།། ཚིག་གསུམ་སྙིང་གཏམ་གླེང་བའི།། སྐྱོ་གྲོགས་སྙན་ངག་ལྷ་མོ།། ༣༦ སྐྱོ་མོའི་འཇིག་རྟེན་འདི་ནས།། མ་བཅོས་བློ་གཅིག་སེམས་ཀྱིས།། ཡིད་གཏད་རུང་བའི་གྲོགས་ཞིག། མེད་པའི་ཁོ་ཐག་ཆོད་སོང་།། ༣༧ ཁ་སང་ཤིན་ཏུ་བརྩེ་བའི།། དམར་ཆུང་གྲོགས་ཀྱི་ཉིང་ཁུ།། དེ་རིང་དགོས་པའི་དུས་སུ།། གར་སོང་ཆ་རྒྱུས་མ་མཐོང་།། ༣༨ ཕྱི་ཐག་བཟང་བའི་གྲོགས་དེ།། སྡུག་པའི་དུས་ཀྱི་ཁེན་ས།། ཁྲེལ་གཞུང་མེད་པའི་མཛའ་གྲོགས།། དགོས་དུས་གར་སོང་ཆ་མེད།། ༣༩ ཨ་གསར་ཆེ་བའི་བྱམས་པ།། ཚེ་གཅིག་གཏན་གྲོགས་མ་རེད།། ངམ་ནག་གདོང་གི་ཁྲོ་གཉེར།། ལོ་གཅིག་མི་ལོན་མཐོང་ཡོང་།། ༤༠ ཡལ་མེད་སེམས་ཀྱི་འཛུམ་མདངས།། རྨི་ལམ་ནང་ནས་འཇལ་སོང་།། འགྱུར་མེད་བརྩེ་བའི་དུང་སེམས།། དྲན་པའི་དཀྱིལ་དུ་ལྷུང་སོང་།། ༤༡ དང་པོ་འཛུམ་ཆུ་མཐོང་དུས།། སེམས་པ་ཁྱེད་ལ་ཤོར་སོང་།། གཉིས་པ་ཟུར་མིག་ལྕགས་ཀྱུས།། དུང་སེམས་ཕྱེད་ཀ་ཁྱེར་སོང་།། ༤༢ སེམས་པ་ཕན་ཚུན་ཕྱོགས་ཀྱང་།། ནང་གི་གསང་རྒྱ་མ་གྲོལ།། བརྗོད་འདོད་སེམས་ཀྱི་སྙིང་གཏམ།། གླེང་བའི་གོ་སྐབས་མ་བྱུང་།། ༤༣ དམར་ཆུང་སེམས་པ་ཐོག་ས།། བུ་མོའི་བཞིན་རས་མ་ལགས།། མ་བཅོས་ནང་གི་གཤིས་བཟང་།། སེམས་ཀྱི་དཀྱིལ་དུ་ལྷུང་བྱུང་།། ༤༤ སྔོན་བསགས་ལས་སྨོན་ས་བོན།། བློ་འདོད་བྱམས་པར་ཡོད་ན།། མ་འོངས་མི་ཚེའི་མདུན་མ།། ཁྱོད་རང་ཁོ་ནར་བཅོལ་ཆོག། ༤༥ སྟོན་མཚན་དུང་ཟླ་དཀར་པོའི།། འཛུམ་ཟེར་མ་ཕོག་གོང་ལ།། མཚར་སྡུག་ཡིད་ཀྱི་མེ་ཏོག། དུས་ཀྱི་ཆད་པས་བཅོམ་སོང་།། ༤༦ སེམས་དང་སེམས་པ་གཉིས་ཀ། ལྷན་དུ་འདྲེས་པ་མིན་ན།། མི་ཐེག་སེམས་ཀྱི་ཅོང་ནད།། ཁྱོད་ཀྱིས་ཁུར་དགོས་མི་འདུག། ༤༧ ཁྲེལ་གཞུང་མེད་པ་མ་ཤེས།། བཅོས་མའི་འཛུམ་གྱིས་བསླུས་པས།། དུང་སེམས་ཕྱེད་ཀ་ཤོར་དུས།། བྲལ་བའི་སྡུག་བསྔལ་ཆེ་གི། ༤༨ ཐུན་གསུམ་རྨི་ལམ་ནང་གི། བློ་འདོད་སྙིང་གི་མཛའ་གྲོཊ།། ཐོ་རེང་སྐྱ་མདའ་ཤར་དུས།། དུས་ཀྱི་ཅོང་བརྡས་དཀྲོཊ་སོང་།། ༢༠༡༡ ༣ ༡༣







མཇུག་གི་སྐད་ཆ།

ཁ་ཁུ་སིམ་པོར་ནམ་ཡང་འཕོ་འགྱུར་མེད་པའི་གངໆས་རིໆའི་འདໆབས་ཀྱིໆ་ ལྷིང་འཇག་ཐོར་གྱིས་དཀྲོག་པའི་རོໆལ་དབྱໆངས་འདི། ཁོ་བོའི་གནས་ བབས་དང་། དཀའ་ངལ་གང་ལའང་མ་འཛེམས་པར། ཐེངས་གཅིག་ དཀྲོལ་ཐུབ་སོང་བས་བདག་ལ་མཚོན་ན་དགའ་སྐྱོ་གཉིས་འདྲེས་ཀྱི་ཚོར་ བ་ཞིག་རེད། གང་ལྟར་དེབ་ཆུང་འདི་ལ་དབང་ཆེན་དཔོན་པོའི་གནང་ བ་མེད་ལ། འབྱོར་ཅན་ཕྱུག་པོའི་རྒྱབ་སྐྱོར་ཡང་མེད་མོད། ཡིན་ནའང་ ཀློག་པ་པོར་དགོས་ངེས་ཀྱི་ངེས་ཤེས་ཅུང་ཟད་རེ་སྐྱེ་ཐུབ་ན་དེ་ལས་ལྷག་ པའི་གོ་ཐོབ་དང་། སྙན་གྲགས་ཅི་ཡང་མི་དགོས། མཇུག་མཐར་ཁོ་བོའི་ ཀློག་པ་པོའི་སྤྱན་ལམ་དུ་ཕུལ་བའི་དེབ་ཆུང་འདི་ལ་བརྗོད་བྱ་དང་། བརྗོད་ བྱེད་གང་གི་ཐད་ལའང་ནོར་འཁྲུལ་མཆིས་སྲིད་པས། དགོངས་འཆར་ ལྷུག་པོར་གནང་བའི་རེ་བ་ཞུའོ།།