Jump to content

གང་ཟག་བཞི་

ཡོང་ཁུངས་Wikipedia

གང་ཟག་བཞི་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་སུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྟོང་པ་ཉིད་ཀྱི་དོན་ཟབ་མོ་ཐོས་ན་མི་སྐྲག་ཅིང་དད་པ་སྐྱེ་བའི་གང་ཟག་བཞི་པོ་ལ་གོ།

མཚན་ཉིད།

[རྩོམ་སྒྲིག]

རྒྱལ་སྲས་བདེན་པ་ལ་མཁས་པ། ཞེས་པ་ནི་བྱང་ཆུབ་སེམས་དཔའ་བདེན་པ་བཞིའི་རྣམ་པར་དབྱེ་བ་ལ་མཁས་ཤིང་ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང་དེ་མ་མཐོང་ཡང་ཤེས་རབ་སྦྱང་བ་ཡིན་ནོ། །ཕྱིར་མི་ལྡོག་པ། ཞེས་པ་ནི་བྱང་ཆུབ་སེམས་དཔའ་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་ས་ཐོབ་པ་སྟེ་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ལམ་ཐོབ་པ་ཡིན་ནོ། །དགྲ་བཅོམ་པ། ཞེས་པ་ནི་ཉན་ཐོས་དགྲ་བཅོམ་པ་སྒོམ་སྤངས་ཀྱི་དྲི་མ་རྩ་བ་ནས་མཐོང་སྤངས་ཀྱི་སོམ་ཉིད་སྤངས་པ་གཉིས་ཀའི་ཆ་ལས་གྲོལ་བ་སྟེ་ཉོན་མོངས་པའི་དྲི་མ་བསལ་བ་དང་སོམ་ཉིད་སྤངས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། ཞེས་པ་ནི་གོང་གི་གསུམ་མ་ཡིན་པ་ཡང་གྲོགས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་ཚེ་རབས་ཐམས་ཅད་དུ་ཡོངས་སུ་ཟིན་པ་སྟེ་སྟོང་ཉིད་སྟོན་པའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཡིན་ནོ། །"གང་ཟག་བཞི་པོ་འདི་དག་སྒྱུ་མ་ལྟ་བུ་འདི་ལ་མི་སྐྲག་ཅིང༌། རྒྱལ་སྲས་བྱང་ཆུབ་སེམས་དཔའ་བདེན་པ་ལ་མཁས་པས་ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང༌། དེ་མ་མཐོང་ཡང་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་ས་ཐོབ་པ་དང༌། ཉན་ཐོས་དགྲ་བཅོམ་པ་སྒོམ་སྤངས་ཀྱི་དྲི་མ་རྩ་བ་ནས་མཐོང་སྤངས་ཀྱི་སོམ་ཉིད་སྤངས་པ་གཉིས་ཀའི་ཆ་ལས་གྲོལ་བ་དང༌། བཞི་པ་དེ་རྣམས་མ་ཡིན་པ་ཡང་གྲོགས་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་གྱིས་ཚེ་རབས་ཐམས་ཅད་དུ་ཡོངས་སུ་ཟིན་པའོ། །"[]

དབྱེ་བ།

[རྩོམ་སྒྲིག]

བྱང་ཆུབ་སེམས་དཔའ་སློབ་པ། ཞེས་པ་ནི་སློབ་པའི་བྱང་ཆུབ་སེམས་དཔའ་སྔར་གྱི་སྦྱངས་པའི་འཕྲོ་ཡོད་པས་མཁས་ཤིང་རིགས་པ་དེ་ལྟར་སྤྱོད་པ་ཡིན་ཞིང་ཀུན་རྫོབ་ཏུ་ཉན་ཐོས་དགྲ་བཅོམ་པའི་ས་ལ་མི་སློབ་སྟེ་ཐམས་ཅད་མཁྱེན་པ་ཉིད་སློབ་པར་བྱ་བའི་ཆེད་དུ་སངས་རྒྱས་རྣམས་ཀྱིས་རྟོགས་ནས་གསུངས་པའི་ཆོས་དེའི་རྗེས་སུ་སློབ་པ་ཡིན་ནོ། །"བྱང་ཆུབ་སེམས་དཔའ་མཁས་ཤིང་དོན་རིག་པ་གང་དེ་ལྟར་ཤེས་ཤིང་སྤྱོད་པ་ནི། ཉན་ཐོས་དགྲ་བཅོམ་པའི་ས་ལ་མི་སློབ་ཅིང་རྐྱེན་རྟོག་རང་རྒྱལ་གྱི་ས་ལ་མི་སློབ་པ་མིན་ཞེས་དོན་དུ་མི་གཉེར་ཏེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཆེད་དུ་སངས་རྒྱས་ཀྱི་ཆོས་ཀྱི་རྗེས་སུ་སློབ་ཅིང་དོན་དུ་གཉེར་བའོ། །"[]

ངེས་ཚིག

[རྩོམ་སྒྲིག]

"གང་ཟག་བཞི་པོ་འདི་དག་ནི་བཤད་མ་ཐག་པའི་དོན་ཟབ་མོ་དེ་ལ་མི་སྐྲག་སྟེ་བཞི་གང་ཞེ་ན། རྒྱལ་བའི་སྲས་པོ་བདེན་དོན་ཟབ་མོ་ལ་མཁས་པ་སྟེ་བདེན་པ་མཐོང་བའམ་ཤེས་རབ་སྦྱང་བ་དང༌། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཆེན་པོ་རྣམས་དང༌། འཕགས་པ་དགྲ་བཅོམ་པ་སྟེ་དེ་རྣམས་ནི་བློ་ཡི་དྲི་མ་བསལ་ཞིང་ཟད་པར་བྱས་ནས་ཟབ་མོའི་དོན་ལ་སོམ་ཉི་སྤངས་བས་བསམ་པ་ཡོངས་སུ་རྫོགས་པ་དང་དེ་གསུམ་ཡིན་ལ། བཞི་པ་ནི་ལས་དང་པོ་པ་ཡིན་དུ་ཟིན་ཀྱང་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པས་ད་ལྟ་ཤེར་ཕྱིན་ཡང་དག་པ་སྟོན་པར་ནུས་པའི་དགེ་བའི་བཤེས་ཀྱིས་ཡོངས་སུ་ཟིན་པའོ། །"[]

རྩོད་སྤོང་།

[རྩོམ་སྒྲིག]

"ཅི་འདྲ་བ་ལ་མཁས་པའི་གང་ཟག་རང་སངས་རྒྱས་ཀྱི་ཐེག་པའི་སྣོད་དུ་འགྱུར་བ་བསྟན་པའི་ཕྱིར། གང་ཟག་བཞི་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཤེས་རབ་འབྲིང་གི་ལྟ་བ་དང་ལྡན་པ་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་ཡོངས་སུ་ཤེས་པའི་མཁས་པ་ནི་རྒྱལ་སྲས་སོ། །དང་པོར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་ཉིད་ཀྱིས་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་ངེས་པ་ནི་ཕྱིར་མི་ལྡོག་པ་སྟེ་གཉིས་པའོ། །ཐམས་ཅད་ཀྱིས་མཆོད་པར་འོས་པས་ན་དགྲ་བཅོམ་པ་སྟེ། །མཐོང་བའི་ལམ་ལ་སོགས་པ་དེ་ཉིད་ཀྱིས་བཟུང་བའི་རྣམ་པར་རྟོག་པ་སྤངས་པས་རིམ་པ་ཇི་ལྟ་བ་བཞིན་དུ་དྲི་མ་བསལ་བ་དང་། དེ་ཉིད་ཀྱི་ཆོས་ཉིད་མངོན་སུམ་དུ་བྱས་པས་ཐེ་ཚོམ་མེད་པའི་ཕྱིར་སོམ་ཉི་སྤངས་པ་ནི་གསུམ་པའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ནི་བཞི་པའོ། །གང་ཟག་བཞི་པོ་དེ་དག་རང་སངས་རྒྱས་ཀྱི་རིགས་ཅན་ཡིན་པའི་ཕྱིར་འདི་ལ་སྐྲག་པར་མི་འགྱུར་རོ། །"[]

ལུང་ཁུངས།

[རྩོམ་སྒྲིག]
  1. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།
  2. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
  3. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
  4. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།