Jump to content

གང་ཟག་དམ་པ་

ཡོང་ཁུངས་Wikipedia

གང་ཟག་དམ་པ་ཞེས་པ་ནི་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་བརྟེན་ནས་སེམས་ཅན་གྱི་དོན་སྒྲུབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གོ་དགོས་པ་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

གང་ཟག་དམ་པ་ཞེས་པ་ནི་གང་ཟག་ཅེས་པའི་སྒྲ་དང་དམ་པ་ཞེས་པའི་སྒྲ་གཉིས་ཀྱིས་གྲུབ་སྟེ། གང་ཟག་ནི་སྐྱེ་བོ་གང་རུང་གམ་མི་རེ་རེ་ལ་གོ་ལ། དམ་པ་ཞེས་པ་ནི་ཁྱད་པར་དུ་འཕགས་པ་དང་མཆོག་ཏུ་གྱུར་པའི་ཡོན་ཏན་དང་ལྡན་པ་ལ་གོ་དགོས།

ནང་དོན།

[རྩོམ་སྒྲིག]

གང་ཟག་དམ་པ་རྣམས་ཀྱི་ཁྱད་པར་གྱི་མཚན་ཉིད་ནི་སྤྱོད་པའི་གོ་ཆ་མཆོག་དང་ལྡན་པ་ཡིན་ཏེ། "འགྲོ་བ་ཀུན་སྒྱུ་མ་ལས་སྤྲུལ་པ་དང་འདྲ་བར་ཤེས་པས་དོན་བྱེད་པ་དེ་ལ་འཇིགས་ཤིང་སྐྲག་པ་མེད་དོ། །"[]ཞེས་པ་དང་། "དོན་དམ་པར་དེ་ལྟར་རྟོགས་ནས་ཐ་སྙད་དུ་བྱང་ཆུབ་བསྒྲུབ་པ་ལ་འཇུག་པ་ལྟར་སྣང་བ་ཞུམ་པའི་སེམས་མེད་ན་འདི་ནི་ཐེག་པ་ཆེན་པོའི་གང་ཟག་དམ་པ་རྣམས་ཀྱི་གོ་ཆ་མཆོག་བགོས་པ་ཡིན་ནོ། །"[]

སྒྱུ་མའི་དཔེ་དང་འདྲ་བ་གང་ཟག་དམ་པ་རྣམས་ཀྱིས་"འགྲོ་བ་ཀུན་བདེན་པར་སྣང་ཡང་སྣང་བ་ལྟར་མ་གྲུབ་པ་སྤྲུལ་པ་དང་འདྲ་བར་རབ་ཏུ་ཤེས་ནས། ཉོན་མོངས་པ་སོགས་ཁ་ན་མ་ཐོ་བ་ལ་འཇིགས་པ་མེད་དོ། །"[]"དཔེར་ན་སྒྱུ་མ་མཁན་གྱིས་ལམ་གྱི་བཞི་མདོར་གཟུགས་སྣ་ཚོགས་སུ་སྤྲུལ་པ་བྱས་ཏེ། སྐྱེ་བོ་ཕལ་ཆེར་ཏེ་ཕལ་མོ་ཆེ་དག་གི་མགོ་མང་པོ་བྱེ་བ་གཅོད་པར་བྱེད་པའི་འཕྲུལ་བ་བསྟན་པའི་ཚེ་ན་གསད་བྱ་དེ་དག་སྒྱུ་མའི་སྤྲུལ་པ་ཙམ་ཡིན་པའི་ཕྱིར་ཇི་ཙམ་དུ་སྡུག་བསྔལ་བ་དང་ཇི་ཙམ་དུ་མང་པོར་གྱུར་པ་དེ་ཙམ་རྫུན་དུ་མཐོང་བ་ཅི་འདྲ་བ་དེ་ལྟར་དུ་བྱང་ཆུབ་སེམས་དཔས་ཀྱང་། སྡུག་བསྔལ་རྒྱ་ཆེ་ཞིང་མུ་མེད་པའི་འགྲོ་བ་འདི་ཀུན་ཀྱང་བདེན་གྲུབ་མེད་པར་སྤྲུལ་པའི་ཚུལ་དེ་འདྲ་བར་རབ་ཏུ་ཤེས་ནས། བྱང་སེམས་དེ་ལ་ཕྱི་མའི་མུ་མཐར་ཐུག་གི་བར་དུ་མུ་མེད་པའི་སེམས་ཅན་གྱི་དོན་ཁུར་དུ་ལེན་པ་ལ་འཇིགས་པ་ཅུང་ཟད་ཀྱང་མེད་དོ། །"[]

ཐེག་པ་ཆེན་པོའི་གང་ཟག་དམ་པ།

[རྩོམ་སྒྲིག]

གང་ཟག་དམ་པ་རྣམས་ནི་བརྩེ་བ་ལ་སོགས་པ་སྒྲུབ་པར་བྱེད་པ་ཞིག་ཡིན་ཏེ། འདི་ནི་"ཉན་ཐོས་ལ་སོགས་པ་ལ་ལྟོས་ནས་རྒྱལ་བའི་སྲས་ཏེ། བདེན་པ་གཉིས་ལ་བརྟེན་པའི་ཐུན་མོང་མ་ཡིན་པའི་ལམ་ཡིན་ནོ། །"[]

ངེས་ཚིག

[རྩོམ་སྒྲིག]

མདོར་ན་གང་ཟག་དམ་པ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་བརྟེན་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཀྱང་། ཐ་སྙད་དུ་སེམས་ཅན་གྱི་དོན་སྒྲུབ་པ་ལ་བརྩོན་འགྲུས་བརྩམས་ཏེ་ཞུམ་པའི་སེམས་མེད་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཟེར་དགོས་པ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་༢༧
  2. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་༢༧-༢༨
  3. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་པར། ཤོག་ངོས་༩b
  4. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
  5. སློབ་དཔོན་སེངྒེ་བཟང་པོ། མདོ་སྡུད་པའི་དཀའ་འགྲེལ། སྡེ་དགེ་དཔར་མ། ཤོག་ངོས་༣༤