གང་ཟག་
གང་ཟག་ཞེས་པ་ནི་ཕུང་པོ་ལྔའི་ཚོགས་པ་ལ་བརྟེན་ནས་བཏགས་པའི་མིང་ཙམ་གྱི་ཐ་སྙད་ཀྱི་འཇིག་རྟེན་ཏེ། འགྲོ་བ་སེམས་ཅན་གྱི་རྒྱུན་ལ་གདགས་པའི་བརྡའི་མིང་ཞིག་ཡིན། དེ་ཡང་ཐ་སྙད་དུ་ཡོད་ཀྱང་དོན་དམ་པར་རང་གི་ངོ་བོས་གྲུབ་པའི་བདག་ཞེས་པ་ཅུང་ཟད་ཀྱང་མེད་པའི་ཆོས་ཉིད་ཡིན།
སྒྲ་བཤད།
[རྩོམ་སྒྲིག]གང་ཟག་ཞེས་པའི་སྒྲ་དེ་སངས་རྒྱས་ཀྱི་ཆོས་ལུགས་ནང་སེམས་ཅན་གྱི་ཁྱད་ཆོས་དང་རང་བཞིན་བསྟན་པའི་ཚིག་ཡིན། འདི་ནི་གཙོ་བོ་ལྟ་བ་དང་སྤྱོད་པའི་ཁྱད་པར་གྱི་སྒོ་ནས་སེམས་ཅན་ལ་བྱེ་བྲག་ཏུ་དབྱེ་བའི་ཚིག་ཅིག་ཡིན།
ནང་དོན།
[རྩོམ་སྒྲིག]གང་ཟག་ཞེས་པ་ནི་ཆོས་དང་གང་ཟག་གི་བདག་མེད་པ་ལ་དམིགས་ནས་བརྗོད་པའི་ཐ་སྙད་ཅིག་ཏེ། དོན་དམ་པར་ཡོད་པ་མིན་ཡང་ཀུན་རྫོབ་ཏུ་ཐ་སྙད་དུ་འདོགས་པ་ཡིན། "གང་ཟག་གང་ལ་བདག་གི་འདུ་ཤེས་དང་སེམས་ཅན་གྱི་འདུ་ཤེས་མེད་པའི་གང་ཟག་གི་བདག་མེད་རྟོགས་པ་ཁོ་ན་ལ། དེ་ལྟར་བདག་ཏུ་མངོན་པར་ཞེན་པའི་འདུ་ཤེས་དང་དེའི་དབང་གིས་བྱུང་བ་འདོད་ཆགས་དང་བྲལ་བ་ལ་ནི་སྡོམ་པ་མིན་པ་སྟེ་ཚུལ་ཁྲིམས་འཆལ་བ་ནི་ག་ལ་ཡོད་དེ།"[༡] ཞེས་གསུངས་པ་ལྟར།
དབྱེ་བ།
[རྩོམ་སྒྲིག]ཐེག་པ་སོ་སོའི་འདོད་ལྟར་དབྱེ་བ་ཡོད་དེ། ཉན་ཐོས་པའི་ལམ་གྱི་གང་ཟག ཉན་ཐོས་ཀྱི་ལམ་ལ་གནས་པའི་གང་ཟག་སྟེ། གང་ཟག་གི་བདག་མེད་ཙམ་རྟོགས་པ་ལ་དམིགས་པ་ཡིན། "ཉན་ཐོས་དགྲ་བཅོམ་པ་སྟེ་དེ་རྣམས་ནི་བློ་ཡི་དྲི་མ་བསལ་ཞིང་ཟད་པར་བྱས་ནས་ཟབ་མོའི་དོན་ལ་སོམ་ཉི་སྤང་བས་བསམ་པ་ཡོངས་སུ་རྫོགས་པ་"[༢]ཞེས་གསུངས་པ་ལྟར། རང་རྒྱལ་གྱི་ལམ་གྱི་གང་ཟག རང་སངས་རྒྱས་ཀྱི་ལམ་ལ་གནས་པའི་གང་ཟག་སྟེ། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཕྱེད་ཙམ་རྟོགས་པ་ཡིན། "འབྲས་བུ་ཐོབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འབྲས་བུ་གང་ཞིག་དང་པོ་ལ་སོགས་པ་ལ་གནས་པའི་གང་ཟག་བརྒྱད་པོ་ནི་འབྲས་བུ་འཐོབ་པའོ། །ཚོགས་ན་སྤྱོད་པ་དང་། བསེ་རུ་ལྟ་བུ་འང་རང་སངས་རྒྱས་སུ་མཚུངས་པས་རྐྱེན་རྒྱལ་ལོ། །"[༣]ཞེས་གསུངས། བྱང་ཆུབ་སེམས་དཔའི་གང་ཟག ཐེག་པ་ཆེན་པོའི་ལམ་ལ་གནས་པའི་གང་ཟག་སྟེ། ཕུང་པོ་ལྔ་པོའི་ཚོགས་པ་ཙམ་དུ་ཟད་ལ། དེ་ལ་གང་ཟག་དང་ཆོས་སུ་གྲུབ་པའི་ངོ་བོ་ཉིད་ཅུང་ཟད་ཀྱང་མི་རྙེད་མི་དམིགས་པར་ཐ་སྙད་སྒྱུ་མ་ཙམ་དུ་གནས་པ་ཡིན། "དེ་ལ་གང་ཟག་དང་ཆོས་སུ་གྲུབ་པའི་ངོ་བོ་ཉིད་ཅུང་ཟད་ཀྱང་མི་རྙེད་མི་དམིགས་པར་ཐ་སྙད་སྒྱུ་མ་ཙམ་དུ་གནས་པ་"[༤]ཞེས་གསུངས་པ་ལྟར།
མཚན་ཉིད།
[རྩོམ་སྒྲིག]གང་ཟག་གི་མཚན་ཉིད་ནི་ཕུང་པོ་ལྔའི་སྟེང་དུ་བཏགས་པའི་བཏགས་གཞི་ཞིག་ཡིན་ལ། རང་གི་ངོ་བོས་གྲུབ་པ་མེད་ཅིང་འདུ་ཤེས་ཀྱི་རང་བཞིན་དུ་གནས་པ་ཞིག་ཡིན། "གང་ཟག་དེ་ནི་སྔོན་གྱི་མཐའ་སྟེ་འདས་པ་དང་། ཕྱི་མའི་མཐའ་མ་འོངས་པ་དང་། ད་ལྟར་བྱུང་བར་ཀྱང་སྣང་བདེན་གཉིས་སུ་མི་དམིགས་པས་དུས་གསུམ་གྱིས་དག་པ་"[༥]ཞེས་གསུངས་པ་ལྟར།
ངེས་ཚིག
[རྩོམ་སྒྲིག]གང་ཟག་ཞེས་པ་འདི་ཁྱད་པར་དུ་བྱང་ཆུབ་སེམས་དཔའི་གང་ཟག་ལ་དམིགས་ནས་བཤད་པ་ཡིན་ཏེ། "བྱང་ཆུབ་སེམས་དཔའ་ནི་ཅི་ཕྱིར་འདི་ནི་ཞེས་པ་ནས། མིང་འདི་ཐོབ་བོ་ཞེས་པའི་བར་ལ། རྒྱུ་མཚན་ཅིའི་ཕྱིར་ཆོས་གཉིས་དང་ལྡན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་"[༦]ཞེས་གསུངས་པ་ལྟར།
རྩོད་སྤོང་།
[རྩོམ་སྒྲིག]གང་ཟག་ཅེས་པ་རང་གི་ངོ་བོས་གྲུབ་པ་ཡིན་ནམ་ཞེ་ན། དེ་ནི་མིན་ཏེ། ཀུན་རྫོབ་ཙམ་དུ་ཐ་སྙད་འདོགས་པ་ཞིག་ཡིན། "གང་གི་ཕྱིར་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་ཏེ་མེད་པ་མ་ཡིན་ནོ། །རྒྱུ་གང་གིས་ཤེ་ན། ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །"[༧]ཞེས་གསུངས་པ་ལྟར།
ལུང་ཁུངས།
[རྩོམ་སྒྲིག]- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༡༠༥b
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ ༡༧b
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༤༢
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༥b
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༢༩
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༢༥
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༣༣