ག་རོད་ཚུལ་ཁྲིམས་འབྱུང་གནས་

ཡོང་ཁུངས་Wikipedia

ག་རོད་ཚུལ་ཁྲིམས་འབྱུང་གནས་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་ལེགས་པར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་《བསྟན་འགྱུར》ལས《བཅོམ་ལྡན་འདས་མ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་རྣམ་པར་བཤད་པ་མན་ངག་གི་རྗེས་སུ་འབྲངས་པ》ཤོ་ལོ་ཀ་སྟོང་ཕྲག་བརྒྱད་པ། 《རྨུགས་འཛིན་འཆོལ་བའི་སྒྲུབ་ཐབས》། 《སྙིང་པོ་བསྡུ་བ》། 《འདུལ་བ་མདོའི་འགྲེལ་བ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ》། ཤོ་ལོ་ཀ་སྟོང་ཕྲག་བཅུ་བཞི་པ། 《སྐྱེས་པའི་རབས་ཀྱི་ཕྲེང་བ་སུམ་ཅུ་རྩ་ལྔ་བ》བཅས་བཞུགས་སོ།།