Jump to content

ག་ཞ་

ཡོང་ཁུངས་Wikipedia

ག་ཞ་ཞེས་པ་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་གཞུང་ལུགས་ཁག་ཏུ་གསལ་བའི་ཐ་སྙད་གལ་ཆེན་ཞིག་ཡིན་ཏེ། གཙོ་བོ་བཞད་གད་དང་འབྲེལ་བའི་སྤྱོད་ལམ་ཞིག་ལ་གོ་དགོས།

སྒྲ་བཤད།

[རྩོམ་སྒྲིག]

"རྒོད་པ་སྟེ་སེམས་ཧ་ཅང་གཡེངས་པ་དང་། ག་ཞར་བཅས་པ་སྟེ་ངག་གིས་མཐོ་འཚམས་པ་དང་།"[] ཞེས་གསུངས་པ་ལྟར། ངག་གི་སྒོ་ནས་མཐོ་འཚམས་པའི་དོན་དུ་འཇུག་པ་ཤེས་ཐུབ། "ག་ཞར་སྟེ་བཞད་གད་བྱེད་པའི་རྩེད་མོ་རྩེ་འདོད་པ་དང་བཅས་པའམ།"[] ཞེས་བཞད་གད་དང་འབྲེལ་བའི་རྩེད་མོར་གསལ་བར་བསྟན་ཡོད།

ངེས་ཚིག

[རྩོམ་སྒྲིག]

"ལུས་ཀྱིས་བརྡེག་པ་སོགས་ཅི་དགར་བྱེད་ལ་རག་ལུས་ལ་ཆགས་པ་དང་གཞན་ལ་ཁྲོ་བ་རྣམ་པ་ཐམས་ཅད་དུ་དགག་པར་བྱའོ། ། གཉིས་པ་ནི། དེང་ཕྱིན་ཆད་བདག་གི་ལུས་ལ་རྩེད་མོས་རྩེ་བར་བྱེད་དམ་མཐོ་འཚམ་པའི་ཅོ་འདྲི་བ་དང་ག་ཞའི་བཞད་གད་ཀྱི་རྒྱུ་བྱེད་ཀྱང་རུང་སྟེ་"[]ཞེས་གསུངས་པ་ལྟར། ག་ཞ་ནི་བཞད་གད་ཀྱི་རྒྱུ་དང་འབྲེལ་བའི་སྤྱོད་ལམ་ཞིག་ཏུ་ངོས་འཛིན་གསལ། "རྒོད་བག་ཅན་དུ་གྱུར་པས་མ་ཞི་བ་དང་། ག་ཞ་སྟེ་བཞད་གད་སྒྲོག་པ་དང་།"[] ཞེས་གསུངས་པས། བཞད་གད་སྒྲོག་པའི་སྤྱོད་ལམ་ལ་གོ་དགོས།

སྤྱིར་བཏང་གི་གོ་དོན།

[རྩོམ་སྒྲིག]

"སེམས་ཡུལ་ལ་འཕུར་ཞིང་རྣམ་པར་གཡེངས་པའི་རྒོད་པ་དང་ངག་གི་བཞད་གད་ཀྱིས་གཞན་ལ་ཐོ་འཚམས་པའམ་ཅོ་འདྲི་བའི་ག་ཞར་བཅས་པའམ།"[] ཞེས་གསུངས་པ་ལྟར། ངག་གི་བཞད་གད་དང་ཐད་ཀར་འབྲེལ་བ་ཡོད་པའི་ཉོན་མོངས་ཀྱི་རིགས་ཤིག་ཏུ་ངོས་འཛིན་བྱེད། "བད༷ག་གི༷་ལུས༷་ལ༷་ལུས་ཀྱི་རྩེ༷་འཇོ་སྣ་ཚོགས་བྱེད༷་དམ༷་ངག་གིས་བཟང་ངན་སྣ་ཚོགས་ཀྱིས་ཅི་ཟེར་ལྟ་བས་ཅོ༷་འདྲི༷་བར་བྱེད་དམ་མང་པོས་གཞད་གད་དང་ག༷་ ཞ༷འི་རྒྱུ་འཕྱ་སྨོད་སོགས་མི་འདྲ་བ་སྣ་ཚོགས་བྱེད་ཀྱང༷་རུང་སྟེ་"[]ཞེས་གསུངས་པས། བཞད་གད་དང་ཅོ་འདྲི་བའི་རྣམ་འགྱུར་ལ་གོ་དགོས་པར་གསལ།

སྤོང་དགོས་པའི་རྒྱུ་མཚན།

[རྩོམ་སྒྲིག]

"དོན་མེད་པའི་སྤྱོད་པ་སྤང་བ་དང༌། བྱ་བ་བྱེད་པའི་ཚེ་ཀུན་སློང་གི་བསམ་པ་བརྟག་པའོ། །"[]ཞེས་གསུངས་པ་ལྟར། དོན་མེད་པའི་སྤྱོད་པའི་གྲས་སུ་གཏོགས་པས་སྤང་དགོས།

བསྡུས་དོན།

[རྩོམ་སྒྲིག]

ག་ཞ་ནི་བོད་ཀྱི་ཆོས་སྐད་ཀྱི་ཐ་སྙད་ཅིག་སྟེ། གཙོ་བོ་བཞད་གད་དང་འབྲེལ་བའི་ངག་གི་རྣམ་འགྱུར་ལ་གོ་དགོས། སྤྱོད་འཇུག་གི་འགྲེལ་པ་མང་པོར་ག་ཞ་ནི་རྒོད་པ་དང་ལྷན་དུ་བཀོད་ནས་སེམས་ཀྱི་མ་ཞི་བ་དང་འབྲེལ་བའི་ཉོན་མོངས་ཀྱི་རིགས་ཤིག་ཏུ་བསྟན་ཡོད། ངག་གིས་མཐོ་འཚམས་པ་དང་ཅོ་འདྲི་བ། བཞད་གད་སྒྲོག་པ་སོགས་ག་ཞའི་ནང་དོན་དུ་འདུས་ཤིང་། བྱང་ཆུབ་སེམས་དཔས་ཤིང་བཞིན་དུ་གནས་པས་སྤང་དགོས་པའི་སྤྱོད་ལམ་ཞིག་ཏུ་གསུངས་ཡོད་དོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༧༣
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༢༦༤
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༥༤
  4. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༣༧༣
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༣༩༣
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༡༧༩
  7. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༩༧
"https://bo.wikipedia.org/w/index.php?title=ག་ཞ་&oldid=149474"ལས་སླར་རྙེད་སོང།