ཁྲོམ་བཞེར་རིན་ཆེན་སེང་གེ་
ཁྲོམ་བཞེར་རིན་ཆེན་སེང་གེ་ ཁོང་ནི་རབ་བྱུང་ལྔ་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1305 ལོར་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1365 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཉིས་པར་མཁན་ཆེན་སེང་གེ་དཔལ་བ་དང་སློབ་དཔོན་རིན་ཆེན་གཞོན་ནུ་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་རིན་ཆེན་སེང་གེ་ཞེས་གསོལ། དགུང་ལོ་ཉི་ཤུ་ཐམ་པར་གྲོ་སར་བསྙེན་པར་རྫོགས། སློབ་དཔོན་རིན་ཆེན་གཞོན་ནུ་དང་བྱ་ཡུལ་བའི་སངས་རྒྱས་སྟོན་པ་ཚུལ་ཁྲིམས་སེང་གེ་ལ་སོགས་པའི་དགེ་བའི་བཤེས་གཤེན་མ་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་མཁས་པའི་དབང་པོར་གྱུར། དགུང་ལོ་ཉི་ཤུ་རྩ་བཞི་པ་རབ་བྱུང་དྲུག་པའི་ས་ཕོ་འབྲུག་ལོ 1328 ལོར་ཀམ་ཀམ་གྱི་གདན་སར་ཕེབས་ཤིང་ལོ་ངོ་སུམ་ཅུ་སོ་ལྔའི་རིང་དུ་གདན་ས་བསྐྱངས་ཏེ་བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། དེ་ནས་གདན་ས་ཁོང་གི་དབོན་པོ་ཀམ་ཀམ་སངས་རྒྱས་འོད་ཟེར་ལ་གཏད་ནས་ཟུར་བཞུགས་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དྲུག་ཅུ་རེ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ཀམ་ཀམ་གྱི་གདན་རབས་བདུན་པ་ཡིན་ནོ།།