Jump to content

ཁྲོ་ཕུ་ལོ་ཙཱ་བ་ཆོས་རྗེ་བུ་སྟོན་

ཡོང་ཁུངས་Wikipedia

ཡ་ཐོག་གདོད་མིས་བཙན་ས་བཟུང་ཞིང་མེས་པོའི་དཔའ་མཛངས་འཚེར་སའི་ཞིང་། །ཆུ་འཛིན་དཀར་པོས་ལ་ཐོད་དཀྲིས་པའི་སྤོ་མཐོ་གངས་ཀྱི་ཕྲེང་བ་མཛེས། །དྭངས་མ་གཡང་གི་ནོར་གཡང་རང་འཁོར་ཕ་ས་གངས་ཅན་འཛིན་མའི་ཁྱོན། །སངས་རྒྱས་སྟོང་གི་རྣམ་སྤྲུལ་གང་ཞིག་མི་ཡི་ཚུལ་དུ་འཁྲུངས་དེར་འདུད། །ཡེ་ནས་དག་པའི་ཆོས་ཀྱི་དབྱིངས་ལས་གཞི་སྣང་དག་པའི་མི་ཤིགས་བློ་ཡིས་ཇི་ལྟ་ཇི་སྙེད་འཛིན་མར་མཁྱེན། །འཁོར་གསུམ་དམིགས་པའི་ཞི་བ་ལྷ་སྟེ་ཕར་ཕྱིན་སྦྱོར་བའི་ཚོགས་ཀུན་རབ་རྫོགས་རང་སྣང་དག་པའི་ངང་ཚུལ་གྱིས། །ཁམས་དབང་མོས་པའི་གདུལ་བྱ་མཐའ་ཀླས་བདེ་ཆེན་ཐར་པའི་ས་རུ་འདྲེན་མཛད་བུ་རམ་ཤིང་པའི་བྱིན་རླབས་འཐོར། །འདྲེན་པ་སྟོང་གི་ཡོན་ཏན་ཀུན་མངའ་སྟོན་མཆོག་ཐུབ་པའི་རྣལ་འབྱོར་ཁྱེད་ལ་དགེ་ལེགས་མེ་ཏོག་ལན་བརྒྱར་འབུལ། །སྐུ་ན་གཞོན་པའི་བྱིས་དུས་དེ་རུ་ཐོས་བསམ་ཤེས་རྒྱའི་འདབ་ཁ་གྲོལ། །བློ་འདས་གཉུག་མའི་ངོ་བོ་འཆར་ཡང་ཏིང་འཛིན་མཐུ་ཡི་དྲ་བ་ལས། །ཇི་སྙེད་གཟིགས་པའི་ཆོས་རྣམས་གར་བསྒྱུར་སྨྲ་བས་མི་དཔག་ངོ་མཚར་ཆེ། །ཞིང་འདིའི་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཚུངས་མེད་བུ༵་སྟོ༵ན་ཆོས་ཀྱི་རྗེ། །ཀུན་རྫོབ་སྣང་བ་ཡལ་བར་གྱུར་ཀྱང་སྤྲོས་མཚན་ཤེས་བྱའི་ཆོས་ཚུལ་གཟིགས། །དམིགས་བཅས་དམིགས་མེད་རྣམ་པར་དག་ཀྱང་སྟོང་ཉིད་སྙིང་རྗེའི་ཞགས་པ་འཛིན། །མ་དག་མཚན་འཛིན་ཀུན་ལས་འདས་ཀྱང་སྣ་ཚོགས་འདྲེན་པའི་སྐྱེ་བོའི་ཚུལ། །ཆོས་ཀྱི་དབྱིངས་ལས་གཡོ་བ་མེད་ཀྱང་གང་འདུལ་དེ་སྟོན་དེ་ལ་འདུད། །བསླབ་གསུམ་མཛོད་ཀྱི་བུམ་བཟང་བསྐྱེད་དེ་རྒྱལ་བསྟན་མེ་རོ་རྨང་ནས་གསོས། །ལུགས་གཉིས་གསེར་གྱི་ཀ་ཆེན་བཞེངས་ཏེ་ས་གསུམ་དགེ་བའི་གར་དུ་རྩེན། །གངས་ཅན་མཐའ་གྲུ་ཞབས་ཀྱིས་འཚོས་ཤིང་དམ་ཆོས་པད་དཀར་ཕྱོགས་མེད་བཀྱེས། །མ་འགགས་རིག་སྟོང་དབྱིངས་ལས་རྡོལ་བའི་ཟབ་ཆོས་གླེགས་བམ་ཁྱེད་ཀྱིས་བསྐྲུན། །སྤང་རྟོགས་ངར་མའི་མཆེ་སྡེར་ངོམས་པས་དབང་བཙན་བདུད་བཞི་དུམ་བུར་གཅོག །མཛད་མཟང་སེངྒེའི་གཡུ་ར་གསིག་པས་བཟང་བཙུན་ཀུན་གྱི་སྙིང་ནོར་གྱུར། །མཁྱེན་སྟོབས་ཁྱུང་གི་རྩལ་ཆེན་རྫོགས་པས་བསྟན་འགྲོའི་རྒུད་པ་རྨང་ནས་གསོས། །འགྲོ་ལ་ཕན་བཞེད་ཀུན་མཁྱེན་བླ་མ་གངས་ལྗོངས་ཏོག་གི་གཙུག་ན་མཛེས། །སྔ་དར་བསྟན་པའི་ལམ་སྲོལ་ཕྱེས་སྟེ་བཀའ་བསྟན་འགྲེལ་ཆེན་སྲིད་ན་བཞེངས། །གངས་དཀར་གདུང་གི་ཁ་བའི་ལྗོངས་འདིར་རབ་དཀར་ཆོས་ཀྱི་དབུ་ཁྱུད་བྲིས། །རྗེས་རབས་མཁས་མང་བྱེ་བའི་ཚོགས་ལས་རྗེས་འཇུག་ཐུ་བོ་གངྒཱའི་རྒྱུན། །ཐོས་བསམ་སྒོམ་པའི་འོད་དཀར་ཟེགས་མས་བཤད་སྒྲུབ་བརྒྱུད་པའི་ས་ཆེན་བཀང་། །ཐོས་པའི་སྲབ་ཀྱོགས་ལྷོད་ཀྱིས་མ་གཏོང་ཉིན་མཚན་སྦྲེལ་ཏེ་བརྩོན་པས་སྐྱོང་། ། དབུས་གཙང་ཁག་རྣམས་ཞབས་ཀྱིས་བཅགས་ཤིང་ཆོས་རྒྱུད་གྲྭ་སྐོར་ཕེབས་པའི་ཚེ། །ཕྱི་ནང་གཞུང་ལུགས་ལྟ་གྲུབ་འབྱེད་དེ་མཁས་པའི་ནང་དུ་མཁས་པ་མཛེས། །དེ་དུས་ཁྱེད་ཀྱི་སྙན་པའི་བ་དན་གངས་ལྗོངས་འཛིན་མའི་ཁྱོན་ན་འབར། །མཆ༵ད་ན་ཀུན་རྟོག་འཁྲུལ་བ་མི་མངའ་བདེ་གཤེགས་སྟོན་པའི་བྱིན་རླབས་ཐོར། །རྩོ༵ད་ན་རྒོལ་བའི་ལས་ལ་དབང་འབྱོར་ལོག་རྟོག་རྡུལ་གྱི་གའུ་གཏོར། །རྩོ༵མ་ན་བློ་གྲོས་འདབ་ཁ་གྲོལ་ཏེ་ཆོས་ཕུང་བརྒྱད་ཁྲི་དེབ་ཐེར་བཀོད། །མི་འཇིགས་སྤོབས་པའི་གད་རྒྱངས་བགྲོགས་ཏེ་མཁས་མང་བློ་ཡི་སྙེམས་པ་འཕྲོག །མདོ་རྒྱུད་བསྟན་པའི་འཁོར་ལོ་རིན་ཆེན་མི་ནུབ་སྲིད་པའི་མཁའ་རུ་བསྒྲེངས། །ལེགས་མཛད་སྤྲིན་དཀར་གཡོ་བའི་རླབས་ཕྲེང་མི་ཤིགས་མཁའ་ཡི་དཔལ་དུ་བརྗིད། །དམ་ཆོས་འཛིན་པའི་ལི་ཁྲིའི་ཆུ་གཏེར་འཇམ་ཀླས་རྒྱ་མཚོའི་དབྱིངས་སུ་ཁྱབ། །ལེགས་པའི་གསེར་གྱི་རྩིབས་སྟོང་འཁོར་ལོ་མི་འགྱུར་རྟག་པའི་རྒྱན་དུ་བྲེས། །གཡོ་རྫུན་ཟོལ་གྱི་བསླུ་བྲིད་དོར་ཏེ་སྐྱེས་མཆོག་དམ་པའི་གཤིས་སུ་བཞུགས། །འཇིགས་སྣང་རབ་རིབ་རྣམ་རྟོག་སྤངས་ཏེ་རྟག་ཁྱབ་ལྷུན་གྲུབ་རྡོ་རྗེའི་སྐུ། །ཉེས་ལྟུང་རྡུལ་གྱི་དྲི་མས་མ་གོས་སྡོམ་བཙུན་བྱེ་བའི་དགེ་སློང་སྟེ། །རིང་ནས་བསྟན་འགྲོའི་ཁུར་ཆེན་བསྣམ་ཏེ་ཞབས་རྗེས་ས་ཆེན་ངོས་སུ་བྲིས། །ཉི་ཚེ་རྟོགས་པའི་མཁས་པ་མ་ཡིན་ཡོངས་རྫོགས་མཁྱེན་པའི་དཀྱིལ་འཁོར་བཀྲ །བཤད་པ་ཙམ་གྱི་ཁ་མཁས་པ་མ་ཡིན་དོན་ལྡན་ཆོས་གཏམ་རོལ་མོ་འཁྲོལ། །ཚུལ་མཆོས་རྨ་བྱའི་སྒྲོ་གུར་མ་ཕུབ་འགྲོ་མང་གྲོལ་བའི་མཛད་སྤྱོད་མངོན། །ཟང་ཟིང་འདུ་འགོད་ཆོས་ལ་མ་གཡེང་ཕྲིན་ལས་རྣམ་བཞིས་རྟག་ཏུ་སྲུང་། །མཁྱེ༵ན་རབ་བློ་ཡི་འདབ་སྟོང་གྲོལ་ཏེ་གཞུང་ལུགས་རྒྱ་མཚོ་གཟིངས་ཀྱིས་བཅོམ། །བརྩེ༵་བའི་ཐུགས་ཀྱི་གཞན་རྒྱུད་གྲོལ་ཏེ་འགྲོ་མང་མིག་གི་དཔྱིད་ན་མཛེས། །ནུས༵་པའི་རྩལ་གྱི་ཁོ་ལག་རབ་རྫོགས་སྤྲུལ་དང་ཡང་སྤྲུལ་རྣམ་རོལ་གྱིས། །སྲིད་གསུམ༵་གདུང་འཕྲོག་ཉིན་མཚན་འཁོར་མོར་གཟིགས་པ་མི་གཡེལ་ཐུགས་རྗེ་ཅན། །སྟོང་སྡེ་ཉི་ཤུའི་དུས་ཀྱི་སྣེ་མོར་བསྟན་པའི་སྲོག་གི་ཀ་བ་ཆེ། །ཡོད་ཚད་བྲེལ་ཟིང་ཕྱོགས་སུ་ཆས་དུས་ཁྱེད་ཀྱི་ཉམས་རྟོགས་གཡོ་མེད་ཡིན། །ཟླ་མེད་དཔུང་གི་བློ་སྟོབས་ངར་མས་ཐུབ་བསྟན་ཡངས་པའི་སྒོ་མོ་ཆེ། །གཅིག་ཆར་འབྱེད་པའི་མཐུ་བཟང་རེ་རེ་གཏིང་མཐའ་བྲལ་བས་སུ་ཡིས་དཔོག །འཇམ་ཀླས་ཆོས་ཚུལ་གུས་རྟགས་བརྩོན་པས་མི་ཤིགས་བློ་ཡི་མཁྱེན་རབ་རྒྱས། །རལ་གྲི་འཛིན་པའི་བྱིན་རླབས་ཞུགས་ཏེ་ཆོས་རབ་རྣམ་འབྱེད་མཛོད་ལ་དབང་། །ཆོས་ཉིད་ངང་ཚུལ་གཤིས་ལུགས་རྟོགས་ཏེ་གཉུག་མའི་ཡེ་ཤེས་རྗེན་པ་བུད། །འཁོར་འདས་དག་མཉམ་གདེང་ལ་དབང་འབྱོར་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ། །