ཁྲེ་དམར་ཡེ་ཤེས་བསྟན་འཛིན་

ཡོང་ཁུངས་Wikipedia

ཁྲེ་དམར་ཡེ་ཤེས་བསྟན་འཛིན་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ 1794 ལོར་ཀ་རྒྱའི་བིས་རྒྱར་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1874 ལོར་སྐུ་གཤེགས། ཁོང་བིས་ཐང་ཡེ་ཤེས་དར་རྒྱས་ལས་རབ་ཏུ་བྱུང་། བཱ་ཡན་སྟོད་ཐའི་དགོན་དུ་ཕེབས་ནས་འདོན་ཆོས་བསླབས། དགུང་ལོ་བཅོ་ལྔ་པར་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ཤིང་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། དེ་ནས་གྲྭ་སར་ཕེབས་ཏེ་མཚན་བཏགས་བཞེས། པཎ་ཆེན་རིན་པོ་ཆེ་སོགས་ལས་བསྙེན་རྫོགས་ཞུས། དེ་ནས་མདོ་སྨད་རང་ཡུལ་དུ་ཕེབས་ཤིང་། དགུང་ལོ་བཞི་བཅུ་ཞེ་བདུན་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ 1840 ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་ཕེབས་ནས་ལོ་ལྔའི་རིང་དུ་གདན་ས་བསྐྱངས་ཤིང་ཆོས་སྲིད་གང་ཐད་ནས་ལེགས་ལམ་ཆེ། ཁྲི་ཟུར་ནས་རྗེ་གསེར་ཁང་བའི་ཞབས་ལ་གཏུགས་ཤིང་སྒྲུབ་པ་ཉམས་ལེན་མཛད། ཁོང་ལུགས་གཉིས་ཀྱི་མཁྱེན་རྒྱ་ཆེ་ཞིང་ཐུགས་བསྐྱེད་བཟང་བ་བཅས་བྱ་ཁྱུང་དགོན་དུ་བཞུགས་ན་ཕན་ཐོགས་ཆེ་ཡང་སྒྲུབ་པ་ལ་གཞོལ་འདུན་ཆེ་བ་སོགས་གང་ཅིའི་རྐྱེན་གྱིས་རྒྱ་རྒྱའི་དགོན་དང་ཀ་མདོ་གདོང་དམར་སྣ་སོགས་སུ་བཞུགས་ནས་ཉམས་བཞེས་བསྐྱངས། རྒྱུད་པའི་འདུས་སྤྱིས་ཞུས་ངོར་གསང་འདུས་དང་བདེ་མཆོག་གི་དབང་གནང་། གཞན་ཡང་ལམ་རིན་ཆེན་མོའི་བཤད་ལུང་དང་བདེ་ལམ་གྱི་ཉམས་ཁྲིད་སོགས་ཆོས་བཀའ་འགའ་རེ་གནང་། དགུང་ལོ་བརྒྱད་ཅུ་གྱ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་དྲུག་ཅུ་རེ་གཉིས་པ་ཡིན་ནོ།།\nཁོང་གི་གསུང་རྩོམ་ནི《བར་དོའི་འཕྲང་སྒྲོལ་གྱི་འགྲེལ་བ》དང་། 《སྐུ་གསུམ་ལམ་ཁྱེར་ཚིགས་བཅད་མ》། 《རིམ་གཉིས་ཀྱི་སྡོམ》། སྦྱར་བྱང་མེད་པ་ཡང་མང་ཙམ་ཡོད་ཅེས་རྗེ་བདེ་ཡངས་རིན་པོ་ཆེས་གསུངས་ཞེས་བྱ་ཚང་བའི་གདན་རབས་སུ་བཀོད་འདུག།